ཀུན་མཁྱེན་ཕར་ཕྱིན་ལས་ཚོགས་སྒྲུབ།

གསུམ་པ་ཚོགས་སྒྲུབ་ལ་སྤྱིར་བསྟན་པ་དང༌། ཚོགས་གསུམ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། རྩ་བར། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ནས། རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་པ་གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་པ། ཞེས་པ་ནས། ཕན་ཡོན་ཉི་ཤུ་པོ་འདི་དག་ཐོབ་པར་འགྱུར་རོ། །ཞེས་སོགས་ཀྱི་མདོ་ལས་ས་དང་ལམ་རྣམས་བཤད་པ་ཚོགས་སྒྲུབ་བཅུ་བདུན་དུ་བྱས་ནས་སྟོན་པར་འདི་བྱུང༌། གཉིས་པ་ནི། མདོ་དེ་ཆོས་ཅན། ཚོགས་སྒྲུབ་བཅུ་བདུན་བསྟན་ཏེ། བརྩེ་བའི་ཚོགས་སྒྲུབ་ནས། གཉེན་པོའི་ཚོགས་སྒྲུབ་ཀྱི་བར་བཅུ་བདུན་བསྟན་པ་དེའི་ཕྱིར། མཐའ་དཔྱད་པ་ལ། ཚོགས་སྒྲུབ་ལ་དཔྱད་པ་དང༌། གཟུངས་ལ་དཔྱད་པ་གཉིས། དང་པོ་ལ་ཁ་ཅིག་ན་རེ། རང་འབྲས་བྱང་ཆེན་དངོས་སུ་འབྱིན་པའི་སེམས་དཔའི་ཡེ་ཤེས། ཚོགས་སྒྲུབ་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆོས་ཅན། ཚོགས་སྒྲུབ་ཡིན་པར་ཐལ། རང་འབྲས་གནས་སྐབས་ཀྱི་བྱང་ཆེན་མཐོང་ལམ་དངོས་སུ་འབྱིན་བྱེད་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་ཆོས་མཆོག་ཆེན་པོ་ཡན་ཆད་ཀྱི་སྒྲུབ་པ་ཡིན་པར་ཐལ། ཚོགས་སྒྲུབ་ཡིན་པའི་ཕྱིར། ཁྱབ་སྟེ། ཚོགས་སྒྲུབ་དང་པོ་བཅོ་ལྔའི་མ་མཐའ་དེ་ནས་འཇོག་པའི་ཕྱིར་ཏེ། ཐོགས་མེད་ཀྱིས། ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམ་སྟེ་གཟུངས་ཀྱི་བར་ནི་མཐོང་ལམ་དུ་སྦྱོར་བའི་ལམ་གྱི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
རང་ལུགས་ལ། རང་འབྲས་བྱང་ཆེན་དངོས་སུ་འབྱིན་པའི་ཆ་ནས་བཞག་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་གནས་སྐབས་ཀྱི་བྱང་སེམས་ཀྱི་ཡེ་ཤེས་དེ། ཚོགས་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་བཅུ་བདུན་དང༌། ས་མཚམས་དང་པོ་བཅོ་ལྔ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་དང༌། སའི་ཚོགས་སྒྲུབ་དང་གཉེན་པོའི་ཚོགས་སྒྲུབ་གཉིས་ཐེག་ཆེན་གྱི་མཐོང་ལམ་ནས་རྒྱུན་མཐའི་བར་ལ་ཡོད་དེ། གསེར་ཕྲེང་ལས། ཆོས་མཆོག་ཆེན་པོ་ན་ཚོགས་སྒྲུབ་དང་པོ་བཅོ་ལྔ། ས་དང་གཉེན་པོའི་ཚོགས་གཉིས་ས་བཅུ་ན་ཡོད་དེ། ཞེས་གསུངས་པའི་ཕྱིར། རྟོགས་སླའི་དགོངས་པ་ཡིན་ནོ། །
གཉིས་པ་གཟུངས་ཀྱི་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རང་གི་གྲོགས་ཞི་གནས་དང་མཚུངས་པར་ལྡན་པའི་སྒོ་ནས་ལས་ཉོན་གྱིས་ངན་སོང་དུ་སྐྱེ་བ་བཀག་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་མྱོང་གི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་སེམས་བྱུང་དེ། གཟུངས་ཀྱི་མཚན་ཉིད་ཟེར་ན། འོ་ན། གཟུངས་ཡིན་ན་བྱང་སེམས་ཀྱི་བཟོད་པའི་གཟུངས་ཡིན་དགོས་པར་ཐལ། ངན་སོང་དུ་སྐྱེ་བ་ཁེགས་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྨོན་ལམ་གྱི་རྣམ་སྨིན་ལས་སྐྱེས་པའི་ཆོས་ཀྱི་གཟུངས་དང་དོན་གྱི་གཟུངས་དང་གསང་སྔགས་ཀྱི་གཟུངས་གསུམ་ཆོས་ཅན། བཟོད་པའི་གཟུངས་ཡིན་པར་ཐལ། གཟུངས་ཡིན་པའི་ཕྱིར། ཁྱབ་པ་ཁས། དེ་དེར་ཐལ། བྱང་སེམས་ཀྱི་སྨོན་ལམ་གྱི་རྣམ་སྨིན་གྱི་གཟུངས་དེ་གསུམ་ཡོད་པའི་ཕྱིར། དེར་ཐལ། གྲངས་མེད་དང་པོ་མ་འདས་ཚུན་ཆད་དུ་བྱང་སེམས་ཀྱི་སྨོན་ལམ་ཏིང་ངེ་འཛིན་གང་རུང་གིས་ཆོས་དང་དོན་དང་གསང་སྔགས་ཀྱི་གཟུངས་གསུམ་བསྐྱེད་པ་ཡོད་པའི་ཕྱིར་ཏེ། བྱང་ས་ལས། དེ་ཚུན་ཆད་ནི་སྨོན་ལམ་གྱི་དབང་ངམ་བསམ་གཏན་ལ་བརྟེན་ནས་ཐོབ་པར་འགྱུར་ཏེ། ངེས་པ་ཡང་མ་ཡིན། བརྟན་པ་ཡང་མ་ཡིན། རྒྱ་ཆེ་བ་ཡང་མ་ཡིན་ནོ། །ཆོས་དང་དོན་གྱི་གཟུངས་ཇི་ལྟ་བ་བཞིན་དུ་གསང་སྔགས་ཀྱི་གཟུངས་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང། བཟོད་པ་ཐོབ་པའི་རྒྱུའི་སྟོང་ཉིད་ཀྱིས་ཏིང་ངེ་འཛིན་དང་མཚུངས་ལྡན་གྱི་དྲན་པ་ཤེས་རབ་དེ་བཟོད་པའི་གཟུངས་ཡིན་པའི་ཕྱིར། དེར་ཐལ། བཟོད་པའི་གཟུངས་ནི་བཟོད་པའི་སྔོན་ནས་འཇོག་པའི་ཕྱིར་ཏེ། གསེར་ཕྲེང་ལས། དེའི་དོན་ལ་མི་སྐྲག་པའི་བཟོད་པ་སྐྱེ་སྟེ། དེའི་རྒྱུར་གྱུར་པའི་དྲན་ཤེས་ནི་བཟོད་པའི་གཟུངས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་མཁས་པའི་དགོངས་པ་འཁྲུལ་མེད་ཡིན་པའི་ཕྱིར་ཏེ། འབུམ་གྱི་གནོད་འཇོམས་ལས། དེ་ལྟ་བུ་ཐོབ་པའི་རྒྱུའི་ཏིང་ངེ་འཛིན་བསྒོམ་པའི་ཚེ་ཤེས་རབ་དང་དྲན་པ་ལ་བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། ཡུམ་གསུམ་གནོད་འཇོམས་ལས་ཀྱང། བཟོད་པ་ཐོབ་པའི་རྒྱུར་གྱུར་པའི་གཟུངས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡི་གེའི་གནས་ལུགས་རྟོགས་པའི་མཐུས་སྡིག་པ་སོགས་གཞན་སྐྱོབ་པའི་གསང་སྔགས་རྩོམ་ནུས་ཤིང་ངན་སོང་དུ་སྐྱེ་བ་བཀག་པའི་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་མྱོང་གི་དྲན་པ་དང་ཤེས་རབ་གང་རུང་གིས་བསྡུས་པའི་སེམས་བྱུང་དེ། གསང་སྔགས་ཀྱི་གཟུངས་ཀྱི་མཚན་ཉིད། ཡི་གེའི་གནས་ལུགས་རྟོགས་པའི་མཐུས་གསུང་རབ་ཀྱི་ཚིག་བསྐལ་པའི་བར་དུ་མི་བརྗེད་པར་འཛིན་པ་སོགས་སྔ་མ་ལྟ་བུའི་སེམས་བྱུང་དེ། ཚིག་གི་གཟུངས་ཀྱི་མཚན་ཉིད། ཡང་དེ་འདྲའི་གསུང་རབ་ཀྱི་དོན་བསྐལ་བའི་བར་དུ་མི་བརྗེད་པར་འཛིན་པ་སོགས་སྔ་མ་ལྟ་བུའི་སེམས་བྱུང་དེ། དོན་གྱི་གཟུངས་ཀྱི་མཚན་ཉིད་ཟེར་རོ། །གསུང་རབ་གཅིག་ལའང་མ་བལྟས་པར་བླུན་པོའི་རྦད་ཁམས་འདི་འདྲ་བྲིས་སོ། །
འོ་ན། ཚིག་དོན་གྱི་གཟུངས་གཉིས་ལའང་སྒོམ་བྱུང་དང་ཚོགས་སྒྲུབ་ཁོ་ནས་ཁྱབ་པར་ཐལ། ཁྱོད་ཀྱིས་བརྟགས་མིན་འགོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་གཉིས་ལ་རྣམ་སྨིན་གྱིས་ཐོབ་པ་དང་ཐོས་བསམ་གྱིས་ཐོབ་པ་གཉིས་གཉིས་མེད་པར་ཐལ། དེ་གཉིས་སྒོམ་བྱུང་དང་ཚོགས་སྒྲུབ་ཁོ་ན་ཡིན་པའི་ཕྱིར། འདོད་ན། ཤིན་ཏུ་མི་རུང་བར་ཐལ། རྗེ་བཙུན་གྱི་གསུང་དང་འགལ། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་དེའི་དོན་བཤད་པ་དང་འགལ། ཀུན་མཁྱེན་གཉིས་པས་བཤད་པ་དང་འགལ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པས་གསུང་རབ་ཀུན་བསྒྲིགས་ནས་གསུངས་པ་དང་འགལ་བའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་ལས། རྣམ་སྨིན་ཐོས་ལ་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་སྟེ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཆོས་ཀྱི་གཟུངས་ལ་རྣམ་སྨིན་གྱིས་དང་ཐོས་བསམ་ཁོ་ནས་ཐོབ་པ་ཡོད་པ་གང་ཞིག དོན་གྱི་གཟུངས་ལའང་དེའི་ཕྱིར། དང་པོ་གྲུབ་སྟེ། བྱང་ས་ལས། དེ་ལ་ཆོས་ཀྱི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གང་གིས་ཐོས་པ་ཙམ་ཁོ་ནས་གོམས་ཤིང་ཁ་འདོན་བྱང་བར་མ་བྱས་པའི་མིང་དང་ཚིག་དང་ཡི་གེར་གཏོགས་པ་རིམ་བཞིན་དུ་སྡེབས་ཤིང༌། རིམ་བཞིན་དུ་སྦྱར་བའི་ཡི་གེ་ཚད་མེད་པ་དག་དུས་ཚད་མེད་པར་འཛིན་པར་འགྱུར་བ་དེ་ལྟ་བུའི་དྲན་པ་དང་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། རྣམ་སྨིན་གྱི་དེ་བཤད་ཟིན་ཅིང༌། ཁྱབ་སྟེ། གོམས་བྱང་གཉིས་མེད་པའི་མིང་ཚིག་ཚད་མེད་ཐོས་པ་ཁོ་ནས་འཛིན་པའི་དྲན་པ་ཤེས་རབ་བཤད་པའི་ཕྱིར་ཏེ། གོམས་ཤིང་ཁ་ཐོན་བྱང་བར་མ་བྱས། ཞེས་དང༌། ཐོས་པ་ཙམ་ཁོ་ནའི་དོན་ཡོད་པའི་ཕྱིར། གོང་གི་རྟགས་ཟུར་གཉིས་པ་གྲུབ་སྟེ། བྱང་ས་ལས། དོན་གྱི་གཟུངས་གང་ཞེ་ན། སྔ་མ་དང་འདྲ་བ་ལས་དེའི་ཁྱད་པར་འདི་ཡོད་དེ། ཆོས་དེ་དག་ཉིད་ཀྱིས་དོན་ཚད་མེད་པ་དག་གོམས་ཤིང་ཡིད་ཀྱིས་བྱང་བར་མ་བྱས་བར་དུས་ཚད་མེད་པ་དག་ཏུ་འཛིན་པའོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། རྒྱན་གྱི་འགྲེལ་བ་ལས། དེ་ལ་གཟུངས་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང༌། མཐོང་བའི་ཆོས་ལ་རབ་ཏུ་ཐོབ་པས་ལེན་པ་དང་འཛིན་པར་ནུས་པའི་ཁྱད་པར་གྱི་སྒོ་ནས་ཐོས་པ་ལས་གོམས་པ་དང་ཏིང་ངེ་འཛིན་ལ་བརྟེན་ནས་རྣམ་པ་གསུམ་མོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་བཞི་པ་གྲུབ་སྟེ། གསེར་ཕྲེང་ལས། ཚེ་འདིར་ཆེད་དུ་མ་བཙལ་ཀྱང་སྐྱེ་བ་སྔ་མར་སྦྱངས་པའི་རྣམ་སྨིན་གྱིས་ཐོབ་པ་དང༌། འདིར་ཐོས་བསམ་ལ་འབད་པས་ཆོས་ཀྱི་ཚིག་དོན་དུ་མ་མྱུར་བར་འཛིན་ནུས་པ་དང༌། སྒོམ་བྱུང་གི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཛིན་པར་ནུས་པའི་གཟུངས་གསུམ་ལས། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན། རྣམ་བཤད་ལས། ཕྱི་མ་གཉིས་ནི་ཆོས་རྣམས་ཀྱི་ཚིག་དང་དོན་བསྐལ་པའི་བར་དུ་མི་བརྗེད་པར་འཛིན་ནུས་པའོ། །དེ་ཡང་བཟོད་པ་ཐོབ་པ་ཡན་ཆད་རྣམས་སོ། །ཞེས་གསུངས་པ་མི་འཐད་པར་ཐལ། ཚིག་དོན་གྱི་གཟུངས་སྦྱོར་ལམ་བཟོད་པ་མན་ཆད་ནས་མི་འཇོག་པའི་ཕྱིར་ན་མ་ཁྱབ། ཚིག་དོན་གྱི་གཟུངས་ཡིན་ན་བསྐལ་པའི་བར་དུ་མི་བརྗེད་པས་ཁྱབ་པར་ཐལ། ཁྱོད་ཀྱིས་རྣམ་བཤད་ཀྱི་དོན་འཆད་ཚུལ་འཐད་པའི་ཕྱིར། འདོད་ན། བཟོད་པ་ཡན་ཆད་ནས་ལམ་རྣམས་རྒྱུན་ཆགས་སུ་འཇུག་པར་ཁས་ལེན་རུང་བར་ཐལ། ཁྱོད་ཀྱིས་གཟུངས་བསྐལ་པའི་བར་དུ་སྐྱེ་བ་དུ་མ་བླངས་ཀྱང་མི་བརྗེད་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། ཚེ་རབས་དྲན་པའི་མངོན་ཤེས་ཀྱང་དེ་ལྟར་སྐྱེ་དགོས་པས་སྔར་བཀག་ཟིན་པ་སོགས་ཀྱིས་གནོད་པའི་ཕྱིར་ཏེ། རྩ་བར། དེ་ནས་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་གསུངས་པ་སོགས་དུ་མ་དང་འགལ་ལོ། །
གཞན་ཡང༌། ཁྱོད་ཀྱི་དེ་མི་འཐད་པར་ཐལ། རྣམ་བཤད་ཀྱི་དེ་ཚོགས་སྒྲུབ་ཀྱི་གཟུངས་ཀྱི་བཤད་པ་གང་ཞིག །གཟུངས་སྤྱིའི་བཤད་ཚུལ་རྒྱན་དང་བྱང་ས་གནོད་འཇོམས་གསེར་ཕྲེང་སོགས་ལྟར་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། ཚིག་ལ་སོགས་པའི་གཟུངས་ཀྱི་ཚོགས་ཐོབ་སྟེ། དེ་ལ་གཟུངས་ཀྱི་ངོ་བོ། ཞེས་སོགས་གསུངས་པའི་ཕྱིར་དང༌། བཟོད་པ་ལ་སྦྱར་བ་བཟོད་པའི་ཏིང་ངེ་འཛིན་གྱི་གཟུངས་བཞི་ཙམ་བཤད་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། རྣམ་སྨིན་དང་ཐོས་པ་ལ་གོམས་པའི་གཟུངས་ཙམ་ནི་ལམ་དུ་མ་ཞུགས་པ་ནའང་ཡོད་པའི་ཕྱིར་ཏེ། གསེར་ཕྲེང་ལས། རྣམ་སྨིན་དང་ཐོས་པ་ལ་གོམས་པ་ནི་ལམ་དུ་མ་ཞུགས་པ་ནའང་ཡོད་དོ། །ཞེས་གསུངས་པའི་ཕྱིར་དང། རྩ་བར་ཡང༌། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པ། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་གསུངས་པའི་རིགས་པ་རྣམ་སྨིན་ལ་སྦྱོར་རྒྱུ་ཡིན་པའི་ཕྱིར་དང། ཚོགས་ལམ་ཆེན་པོའི་ཆོས་རྒྱུན་སྐབས་སུ་ཡང༌། རྒྱན་ལས། སངས་རྒྱས་དཔག་ཏུ་མེད་པ་ལ། །ཞེས་སོ། །
རང་ལུགས་ལ། གཟུངས་ཀྱི་མཚན་ཉིད། དབྱེ་བ། བསྐྱེད་པའི་རྒྱུ། བྱེད་ལས། ས་མཚམས་དང་ལྔ། དང་པོ་ནི། རྣམ་སྨིན་དང་ཐོས་སྒོམ་ཅི་རིགས་ཀྱི་སྟོབས་ཀྱིས་དྲན་པ་དང་ཤེས་རབ་ཁྱད་པར་འཕགས་པ་ཐོབ་པའི་ཆ་ནས་བཞག་པའི་ཤེས་པ་དེ། གཟུངས་ཀྱི་མཚན་ཉིད་ཡིན་ཏེ། འཁོར་དང་བཅས་ན་སེམས་དང་སེམས་བྱུང་གཞན་ཡོད་ཀྱང་གཙོ་བོ་དྲན་པ་ཤེས་རབ་གཉིས་ཀ་ཁྱད་པར་འཕགས་པ་ཚང་དགོས་པའི་ཕྱིར་ཏེ། རྒྱན་སྣང་ལས། གཟུངས་ཀྱི་རང་བཞིན་ནི་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་ཏེ། དྲན་པ་དང་ཤེས་རབ་ཁྱད་པར་ཅན་གཟུངས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ངོ་བོའི་སྒོ་ནས་དབྱེ་ན། རྣམ་སྨིན་གྱིས་ཐོབ་པའི་གཟུངས་དང༌། ཐོས་བསམ་གོམས་པས་ཐོབ་པའི་གཟུངས་དང༌། སྒོམ་བྱུང་གི་ཏིང་ངེ་འཛིན་ཐོབ་པའི་གཟུངས་གསུམ་དང༌། སྒོམ་བྱུང་ལ་མོས་སྤྱོད་པའི་དེ་ཆུང་ངུ་དང༌། མ་དག་ས་བདུན་གྱི་དེ་འབྲིང་དང༌། དག་སའི་དེ་ཆེན་པོ་ཡིན་པའི་ཕྱིར། རྒྱན་ལས། ཆེན་པོ་དེ་ཡང་རྣམ་པ་གསུམ། །ཞེས་སོ། །དམིགས་ཡུལ་གྱི་དབྱེ་ན་བཟོད་པའི་དེ། ཆོས་ཀྱི་དེ། དོན་གྱི་དེ། སྔགས་ཀྱི་གཟུངས་བཞི་ཡོད་དེ། ཐུབ་དགོངས་ལས། དེ་ཡང་དྲན་པ་ཤེས་རབ་ཀྱི་རང་བཞིན་གྱི་བཞི་རྣམས་ཏེ། བཟོད་པའི་གཟུངས་དང༌། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་དང༌། སྔགས་ཀྱི་གཟུངས་སོ། །ཞེས་སོ། །ཨ་ར་པ་ཙ་ན་ལ་སོགས་པ་ཡི་གེ་ཞེ་གཉིས་རེ་རེའི་དོན་ཡང་དོན་དམ་པར་སྐྱེ་བ་མེད་པ་སོགས་སྟོན་པ་ལ་གོམས་པས་སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་བསྐྱེད་པའི་ཏིང་ངེ་འཛིན་དང་མཚུངས་ལྡན་གྱི་དྲན་པ་དང་ཤེས་རབ་ཀྱི་ཆ་ནས་བཞག་པའི་བྱང་སེམས་ཀྱི་ཡེ་ཤེས་དེ། བྱང་སེམས་ཀྱི་སྒོམ་པའི་ཏིང་ངེ་འཛིན་ཐོབ་པའི་བཟོད་པའི་གཟུངས་ཀྱི་མཚན་ཉིད་ཡིན་ཏེ། རྣམ་བཤད་ལས། ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་ཞེ་གཉིས་ཀྱི་དོན་ལ་དཔྱད་ནས། ཞེས་དང༌། ཐུབ་དགོངས་ལས། ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་རྣམས་ལ་དེའི་དོན་438དེ་བཞིན་ཉིད་དུ་སྒྲོ་བཏགས་ནས། སྒོམ་པར་བྱེད་པ་རྣམས་ཀྱིས་གོམས་པ་ཡོངས་སུ་རྫོགས་པ་ན། ཡི་གེ་དེའི་དོན་དོན་དམ་པ་བཟོད་པ་སྐྱེ་བ་དེ་བཟོད་པའི་གཟུངས་ཏེ་ཤེས་རབ་ཀྱི་བཟོད་པ་འཛིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱང་སེམས་ཀྱིས་དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་བཟོད་པའི་མཐུས་ཞི་སོགས་ཀྱི་སྔགས་ཀྱི་ཚིག་རྩོམ་དུས་དེ་ལྟར་བྱིན་གྱིས་བརླབས་པའི་སྙིང་རྗེ་དང༌། ཡེ་ཤེས་ཀྱིས་བསྡུས་པའི་དྲན་པ་དང༌། ཤེས་རབ་ཀྱི་ཆ་ནས་བཞག་པའི་སེམས་དཔའི་ཡེ་ཤེས་དེ། བྱང་སེམས་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་སྔགས་ཀྱི་གཟུངས་ཀྱི་མཚན་ཉིད་ཡིན་ཏེ། རྣམ་བཤད་ལས། དེའི་སྟོབས་ཀྱིས་སྡིག་པ་ཞི་བ་ལ་སོགས་པ། ཞེས་དང༌། ཐུབ་དགོངས་ལས། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལ་དབང་བ་ཉིད་ཀྱིས་སྔགས་ཀྱི་ཡི་གེ་རྣམས་བྱིན་གྱིས་བརླབས་ཏེ། ཞེས་དང༌། དེ་བྱིན་གྱིས་བརླབས་པའི་ཡེ་ཤེས་ནི་སྔགས་ཀྱི་གཟུངས་སོ། །ཞེས་གསུངས་པའི་ཕྱིར། འདི་ཏིང་ངེ་འཛིན་གྱི་དབང་དུ་བྱས་ལ་སྤྱིར་ཏིང་ངེ་འཛིན་དང་སྨོན་ལམ་གྱི་མཐུས་བྱིན་གྱིས་བརླབས་པའི་སྔགས་ཀྱི་གཟུངས་གཉིས་ཡོད་དེ། གསེར་ཕྲེང་ལས། ཏིང་ངེ་འཛིན་དང་སྨོན་ལམ་གྱི་མཐུས་བྱིན་གྱིས་བརླབས་ཤིང་རློབས་པ་ལྟར་དུ་དོན་དེ་སྒྲུབ་པ་ལ་རིང་དུ་གནས་པ་སྟེ། ཞེས་གསུངས་པའི་ཕྱིར། སྐབས་འདིའི་སྔགས་ཀྱི་གཟུངས་ལ་ཡང་ཞེ་གཉིས་ཡོད་དེ། ཕྱི་མོའི་ཡི་གེ་ཞེ་གཉིས་རེ་རེ་ལ་གཟུངས་སྔགས་རེ་ཡོད་པའི་ཕྱིར་ཏེ། ཐུབ་དགོངས་ལས། ཕྱི་མོའི་ཡི་གེ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་གཟུངས་ཀྱི་སྒོ་རྣམས་སོ། །ཞེས་གསུངས་པའི་ཕྱིར།
(438) པར་ཐེངས་གཉིས་པ། དེ་ཉིད་དུ།
འདིའི་སྔགས་ལ་གསུམ་ཡོད་དེ། གཟུངས་སྔགས་དང༌། གསང་སྔགས་དང༌། རིག་སྔགས་གསུམ་ཡོད་པའི་ཕྱིར། དེར་ཐལ། དེ་ཡང་ཐབས་ཤེས་ཀྱིས་ཡིད་སྐྱོབ་པས་ངན་འགྲོ་སོགས་ལས་འཛིན་པས་གཟུངས་དང༌། མ་རིག་པ་སྤོང་ཤིང་རིག་པ་བསྐྱེད་པས་རིག་སྔགས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གསང་བ་སྟོན་པར་བྱེད་པས་གསང་སྔགས་ཞེས་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། མནྡྲའི་བྱིངས་ལས་དེ་ལྟར་ཐོན་པའི་ཕྱིར་ཏེ། ཐུབ་དགོངས་ལས། གཞན་ཡང་མ་ན་ཤེས་པ་ལའོ། །439ཏྲཻཉ་སྐྱོབ་པ་ལའོ། །ཞེས་པ་ཡེ་ཤེས་དང་སྙིང་རྗེ་ནི་སྔགས་ཀྱི་སྒྲས་བརྗོད་པར་བྱ་ལ། དེ་དག་གི་རྒྱུ་མཐུན་པ་ཉིད་ཀྱིས་ཡི་གེ་དེ་རྣམས་ལ་སྔགས་སུ་བརྗོད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྟོག་གེ་འབར་བ་ལས། གཟུངས་སྔགས་ནི་སྒོམ་པའི་རྣམ་པ་ཉིད་ཡིན་ཏེ། ཇི་སྐད་དུ། སྒོ་མཐའ་ཡས་པའི་གཟུངས་ལས། གཟུངས་དེ་སྒོམ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ནི། འདུས་བྱས་དང༌། འདུས་མ་བྱས་ཀྱི་ཆོས་རྟོགས་པར་ཡང་མི་བྱེད། ལེན་པར་ཡང་མི་བྱེད། གནས་པར་ཡང་མི་བྱེད། མངོན་པར་ཞེན་པར་ཡང་མི་བྱེད། ཐ་སྙད་དེ་འདོགས་པར་ཡང་མི་བྱེད་དེ། སངས་རྒྱས་རྗེས་སུ་དྲན་པ་འབའ་ཞིག་སྒོམ་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ཀུན་རྫོབ་སོགས་ཀྱི་འདུས་བྱས་སོགས་ཡིད་ལ་མི་བྱེད་པར་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་སངས་རྒྱས་སྒོམ་པར་བཤད་པའི་ཕྱིར་རོ། །གསུམ་པ་གྲུབ་སྟེ། རྟོག་གེ་འབར་བ་ལས། འདི་སྐད་བརྗོད་པར་ཡང་ནུས་ཏེ། གཟུངས་སྔགས་དང༌། གསང་སྔགས་དང༌། རིག་སྔགས་རྣམས་དེ་བཞིན་གཤེགས་པའི་མན་ངག་བཞིན་དུ་བརྗོད་པ་དང༌། བསམ་པ་དང༌། སྒོམ་པས་སྡིག་པ་རྒྱུ་དང་བཅས་པ་ཞི་བར་བྱེད་པ་ཡིན་ཏེ། ལམ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར། མདོ་སྡེ་ལ་སོགས་པའི་གསུང་རབ་བཞིན། ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ཕྱིན་དྲུག་བདེན་བཞི་སོགས་རྟོགས་པའི་དུ་མ་ཡོད་པའི་ཕྱིར་ཏེ། རྟོག་གེ་འབར་བ་ལས། རིག་སྔགས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། འཕགས་པའི་བདེན་པ་བཞི་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སྟོན་པར་བྱེད་པའི་ཡི་གེ་དང༌། དོན་གྱི་ཉོན་མོངས་པ་ཟད་པར་བྱེད་པ་སྟོན་པར་བྱེད་པ་ཉིད་ཡིན་ཏེ། ཞེས་དང༌། ཐུབ་དགོངས་ལས། མ་རིག་པ་སྤོང་བར་བྱེད་པ་ཉིད་ཀྱི་ཕྱིར་དང་རིག་པ་སྐྱེད་པར་བྱེད་པའི་ཕྱིར། དེ་རྣམས་རིག་སྔགས་སོ། །ཞེས་གསུངས་པའི་ཕྱིར། ལྔ་པ་གྲུབ་སྟེ། དེ་ནུས་པ་ཆེན་པོ་ཅན་དུ་བྱིན་གྱིས་བརླབས་པའི་ཕྱིར། དཔག་བསམ་གྱི་ཤིང་བཞིན་ནོ། །རྟོག་གེ་འབར་བ་ལས། དེ་བཞིན་དུ་གསང་སྔགས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གསང་བ་སྟོན་པར་བྱེད་པའི་སྦས་པའི་ཡི་གེ་སྦྱར་བ་ངོ་བོས་སྒོམ་པ་ལ་རབ་ཏུ་འཇུག་པ་རྒྱུད་ལ་གནས་པས་ཇི་ལྟར་འདོད་པའི་དགོས་པ་ཡང་དག་པར་སྒྲུབ་པར་ནུས་པ་ཡིན་ཏེ། མཐུ་ཆེན་པོའི་བདག་ཉིད་ཡིན་པའི་ཕྱིར་ཏེ། དཔག་བསམ་གྱི་ཤིང་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཤེར་སྙིང་གི་དོན་ཡང་དེ་ལྟར་དགོས་ཀྱང་བོད་ཊཱིཀ་དག་གིས་མ་ཐོན་ནོ། །ཏིང་ངེ་འཛིན་གྱི་མཐུས་སངས་རྒྱས་བྱང་སེམས་ཀྱིས་བཤད་པའི་ཆོས་ཀྱི་ཕུང་པོ་ཆེན་པོ་ཐོས་ཙམ་གྱིས་འཛིན་ནུས་པའི་དྲན་པ་དང་ཤེས་རབ་ཀྱི་ཆ་ནས་བཞག་པའི་སེམས་དཔའི་ཡེ་ཤེས་དེ། བྱང་སེམས་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་ཆོས་ཀྱི་གཟུངས་ཀྱི་མཚན་ཉིད་ཡིན་ཏེ། ཐུབ་དགོངས་ལས། དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟན་པའི་ཕུང་པོ་འཛིན་པའི་རྒྱུ་ནི་གཟུངས་ཏེ། དཔག་ཏུ་མེད་པའི་ཆོས་རྣམས་ཐོས་ཙམ་གྱིས་མཐའ་མེད་པའི་དུས་སུ་འཛིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཏིང་ངེ་འཛིན་གྱི་མཐུས་དེ་ལྟར་དེ་དག་གི་དོན་འཛིན་ནུས་པ་སོགས་སྔ་མ་ལྟ་བུའི་སེམས་དཔའི་ཡེ་ཤེས་དེ། བྱང་སེམས་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་དོན་གྱི་གཟུངས་ཀྱི་མཚན་ཉིད་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལས། དེ་ནས་དེ་བཞིན་དུ་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །ཞེས་གསུངས་པའི་ཕྱིར།
(439) པར་ཐེངས་གཉིས་པ། ཏྲིཀ
གཞན་ཡང༌། ས་བཅུ་ལ་གཟུངས་བཅུ་དང༌། ས་རེ་རེ་ལའང་མཐའ་ཡས་པ་ཐོབ་སྟེ། དགོངས་རྒྱན་ལས། དེ་བཞིན་དུ་ཡང་ས་སོ་སོ་ལ་གཟུངས་རེ་རེ་སྔོན་དུ་འགྲོ་བའི་གཟུངས་སྟོང་ཕྲག་གྲངས་མེད་ཅིང༌། དཔག་ཏུ་མེད་པ་དུ་མ་རྣམས་སོ་སོར་ཐོབ་བོ། །ཞེས་གསུངས་པའི་ཕྱིར། གསུམ་པ་དེ་དག་བསྐྱེད་པའི་རྒྱུ་ཡོད་དེ། ཕྱིའི་སྤྱོད་ལམ་དང་ནང་གི་ཏིང་ངེ་འཛིན་གཉིས་ཚོགས་དགོས་པའི་ཕྱིར། འདོད་པ་ཐོབ་པ་ལ་ཆགས་ཞེན་མེད་པ་དང༌། མ་ཐོབ་པ་ལ་ཕྲག་དོག་དང་རེ་བ་མེད་པ་དང༌། བསླངས་པ་སྟེར་བ་དང༌། བྱང་སེམས་ཀྱི་སྡེ་སྣོད་དང་སྡེ་སྣོད་ཀྱི་མ་མོ་ལ་ཤིན་ཏུ་དགའ་ཞིང་བརྩོན་པ་བཞི་མེད་མི་རུང་དང༌། བཟོད་པའི་གཟུངས་ལ་དེ་ལས་ཀྱང་ལུས་ངག་བག་ལྡན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། བྱང་ས་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་གཟུངས་འདི་དག་ཐོབ་སྟེ། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་ནོ། །ཞེས་སོ། །གཉིས་པ་གྲུབ་སྟེ། བྱང་ས་ལས། བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པར་བྱེད་པའི་གཟུངས་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་སྤྱད་པ་ཤེས་རབ་དང་ལྡན་པ་དབེན་པར་གནས་ཤིང་ཚིག་ཀྱང་མི་སྨྲ་ལ། སུ་དང་ཡང་མི་འཕྲད་ཅིང༌། དེ་བཞིན་དུ་རན་པར་ཟ་བ་དང༌། བབ་ཅོལ་དུ་མི་ཟ་བ་དང༌། ཁ་ཟས་སྣ་གཅིག་ཟ་བ་དང༌། སེམས་པ་ལྷུར་ལེན་བྱེད་པ་དང༌། མཚན་མོ་ཡུན་ཐུང་ངུ་ཉལ་ཞིང་ཡུན་རིང་དུ་མི་ཉལ་བ་ནི། ཞེས་གསུངས་པའི་ཕྱིར། བཞི་པ་བྱེད་ལས་ཡོད་དེ། གཞན་ལ་ཚད་མེད་པ་རྒྱས་པར་སྟོན་ཅིང་རང་གི་མི་བརྗེད་པར་གོང་དུ་འཕེལ་བ་སོགས་ཡིན་པའི་ཕྱིར་ཏེ། རྒྱན་ལས། བྱང་ཆུབ་སེམས་དཔའ་ཡང་དང་ཡང༌། །སོགས་དང༌། དེའི་འགྲེལ་བ་ལས། ལས་ནི་དམ་པའི་རབ་ཏུ་སྟོན་པ་དང༌། འཛིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ལྔ་པ་ས་མཚམས་ཡོད་དེ། རྣམ་སྨིན་དང་ཐོས་པ་ལ་གོམས་པའི་གཟུངས་གཉིས་ནི་ལམ་མ་ཞུགས་ནའང་ཡོད་ལ། སྒོམ་བྱུང་གིས་ཐོབ་པ་ནི་ཚིག་དང་དོན་གྱི་གཟུངས་ཡང་སྦྱོར་ལམ་བཟོད་པ་ཡན་ཆད་ནས་འཇོག་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་ཕྲེང་ལས། རྣམ་སྨིན་དང་ཐོས་པ་ལ་གོམས་པ་ནི་ལམ་མ་ཞུགས་ནའང་ཡོད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཤད་ལས། བཟོད་པ་ཐོབ་པ་ཡན་ཆད་ནས་སོ། །ཞེས་གསུངས་པའི་ཕྱིར། རྩོད་སྤོང་ཉན་ཐོས་སྡེ་པའི་རྩོད་ཚུལ་དང་ལན་སོགས་རྟོག་གེ་འབར་བར་བལྟ་དགོས་སོ། །
སྨྲས་པ།
ཚེ་རབས་སྦྱངས་པའི་པདྨས་རབ་ཁྱབ་པའི། །
སྔོན་བསགས་ཚོགས་གཉིས་འོ་མའི་མཚོ་ཆེན་ལས། །
ཤེས་བྱ་ཀུན་མཁྱེན་གཟུངས་ཀྱི་དབྱངས་ཅན་མ། །
བཟོད་ཐོབ་ཚངས་པའི་བུ་མོ་མ་ཡིན་ནམ། །
འདིར་རྨོངས་བློ་ཆེན་རྒན་ཡང་ཐེ་ཚོམ་གདོད། །འཁྲུལ་པའི་གནམ་དུ་འཕྱར་དེ་ལེགས་བཤད་ཀྱི། །ཐལ་འགྱུར་སེན་མོས་བཅད་ཀྱང་ཡང་དག་པའི། །གཟུངས་བཞིའི་ཞལ་རས་འགྲོ་ལ་མཆོག་ཏུ་བཞད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་ཀྱི་ཚོགས། སའི་ཚོགས། གཉེན་པོའི་ཚོགས་དང་གསུམ། དང་པོ་ནི། འགྲེལ་བ་ལས། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི། ཞེས་པ་ནས། སྟོང་པ་ཉིད་ནི་ཉི་ཤུར་འདོད། ཅེས་བྱུང༌། གཉིས་པ་ལ་རྒྱུའི་ས་དགུ་དང༌། འབྲས་བུའི་ས་བཅུ་བ་བཤད་པ་གཉིས། དང་པོ་ནི། རྩ་བར། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ནས། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་བྱུང༌། གཉིས་པ་ནི། རྩ་བར། ས་དགུ་འདས་ནས་ཡེ་ཤེས་ནི། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། འདི་ལ་སྤྱིའི་དོན་མཚན་ཉིད་དང༌། དབྱེ་བ་དང༌། ཁྱད་ཆོས་དང༌། འཕོ་ཚུལ་དང༌། མིང་དོན་ལྔ། དང་པོ་ནི། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་སྙིང་རྗེ་དང་སྨོན་ལམ་སོགས་ཀྱིས་ཟིན་ཅིང༌། རང་ལ་བརྟེན་ནས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཀྱིས་རྟེན་བྱེད་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ་སྐབས་འདིའི་སའི་མཚན་ཉིད་ཡིན་ཏེ། འཇུག་པ་རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་440ཕྱེ་བ་ན་ས་ཞེས་བྱ་བའི་མིང་ཐོབ་སྟེ་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ནི། དེ་ཆོས་ཅན། དབྱེ་ན་ས་བཅུ་ཡོད་དེ། ས་དང་པོ་རབ་དགའ་ནས། བཅུ་བ་ཆོས་ཀྱི་སྤྲིན་གྱི་བར་བཅུ་ཡོད་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཁྱད་ཆོས་ལ་ངོ་བོ་སོགས་ལྔའི་ཁྱད་ཆོས། སྤང་བྱ་སྤངས་པའི་ཁྱད་ཆོས་གཉིས། དང་པོ་ལ། ཡོན་ཏན་དང༌། སྐྱེ་བ་འཛིན་པ་དང༌། རྟགས་དང༌། རྟོགས་ཚུལ་གྱི་དང༌། ཏིང་ངེ་འཛིན་ལྔ་ལས། དང་པོ་ནི། ཡོན་ཏན་སྡེ་ཚན་བཅུ་གཉིས་ཀྱི་ཁྱད་པར་གོང་དུ་འཕེལ་བའི་ཁྱད་ཆོས་དང་ལྡན་ཏེ། ས་དང་པོར་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་དང༌། དེ་དག་441གི་བྱིན་རླབས་ཤེས་པ་དང། ཏིང་ངེ་འཛིན་བརྒྱ་ལ་འཇུག་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ་དང༌། འཇིག་རྟེན་གྱི་ཁམས་བརྒྱར་འགྲོ་བ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང༌། སེམས་ཅན་བརྒྱ་སྨིན་པ་དང༌། བསྐལ་བ་བརྒྱར་གནས་པ་དང༌། དེ་དག་གི་སྔོན་མཐར་འཇུག་པ་དང༌། ཆོས་སྒོ་བརྒྱ་འབྱེད་པ་དང༌། ལུས་བརྒྱ་སྟོན་པ་དང༌། ལུས་རེ་རེ་ལ་འཁོར་བརྒྱ་སྟོན་པ་སྟེ། བརྒྱ་ཕྲག་བཅུ་གཉིས་དང༌། ས་གཉིས་པར་དེ་དག་སྟོང་དང༌། གསུམ་པར་བརྒྱ་སྟོང་འགྱུར་དང༌། བཞི་པར་ཁྲག་ཁྲིག་དང༌། ལྔ་པར་ཁྲག་ཁྲིག་ཕྲག་སྟོང་དང༌། དྲུག་པར་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང༌། བདུན་པར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང༌། བརྒྱད་པར་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང༌། དགུ་པར་སངས་རྒྱས་ཀྱི་ཞིང་གྲངས་མེད་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང༌། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ཐོབ་པ་དེའི་ཕྱིར། གཉིས་པ་སྐྱེ་བ་འཛིན་ཚུལ་གྱི་ཁྱད་པར་ཡོད་དེ། ས་བཅུ་ལ་རིམ་པ་ལྟར་འཛམ་གླིང་གི་རྒྱལ་པོ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། བརྒྱ་བྱིན་དང༌། འཐབ་བྲལ་གྱི་བདག་པོ་དང༌། དགའ་ལྡན་གྱི་དེ་དང། འཕྲུལ་དགའི་དེ་དང། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དང༌། སྟོང་གི་བདག་པོ་ཚངས་པ་དང༌། སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་དང༌། འོག་མིན་ལྷའི་བུ་དབང་ཕྱུག་ཆེན་པོ་རྣམས་སུ་སྐྱེ་བ་འཛིན་པའི་ཕྱིར། རིན་ཆེན་ཕྲེང་བར་བཤད་དོ། །
གསུམ་པ་རྟགས་ཀྱི་ཁྱད་པར་ཡོད་དེ། ས་དང་པོ་ལ་རྨི་ལམ་དུ་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་གང་བར་མཐོང་བ་དང༌། གཉིས་པར་སྟོང་གསུམ་རིན་པོ་ཆེས་གང་བ་ལག་མཐིལ་ལྟར་མཉམ་པར་མཐོང་བ་དང༌། གསུམ་པར་བདག་ཉིད་གོ་ཆ་སྲ་བ་ཐོགས་ནས་ཕས་རྒོལ་ཐམས་ཅད་442འདུལ་བ་དང༌། བཞི་པར་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་འཐོར་བ་དང༌། ལྔ་པར་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་རང་གི་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པ་དང༌། དྲུག་པར་ཐེམ་སྐས་བཞི་ལྡན་གྱི་གསེར་གྱི་རྫིང་བུར་གསེར་གྱི་བྱེ་མ་བདལ་བ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བར་པད་མ་ཀུ་མུད་སོགས་ཀྱིས་བརྒྱན་པ་ལ་བདག་ཉིད་འཛེག་པ་དང། བདུན་པར་གཡས་གཡོན་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་ནས་བདག་ཉིད་མ་ཉམས་པར་དེ་ནས་ལྡོག་པ་དང། བརྒྱད་པར་ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་བ་ཅན་ཅོད་པན་ཐོགས་པ་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་པ་དང། དགུ་པར་རང་འཁོར་ལོས་སྒྱུར་བའི་རྒྱལ་བོར་མཐོང་སྟེེ། སྐྱེ་བོ་ཁྲག་ཁྲིག་དུ་མས་བསྐོར་ཅིང་མགོ་བོའི་སྟེང་ན་གདུགས་དཀར་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འཛིན་པ་དང། བཅུ་པར་དེ་བཞིན་གཤེགས་པའི་སྐུ་གསེར་མདོག་འདོམ་གང་བ་ལ་ཚངས་པ་སོགས་བྱེ་བ་ཁྲག་ཁྲིག་དུ་མས་བསྐོར་ནས་ཆོས་སྟོན་པར་མཐོང་བ་རྨི་བའི་བར་བློ་གྲོས་མི་ཟད་པས་ཞུས་པ་ལས་གསུངས་པའི་ཕྱིར། བཞི་པ་རྟོགས་ཚུལ་གྱི་ཁྱད་པར་ཡོད་དེ། ས་དང་པོར་ཆོས་དབྱིངས་ཀུན་འགྲོའི་དོན་དུ་རྟོགས། གཉིས་པར་མཆོག་གི་དོན་དུ་རྟོགས། གསུམ་པར་རྒྱུ་མཐུན་པའི་དོན་དང། བཞི་པར་ཡོངས་སུ་འཛིན་པ་མེད་པའི་དང། ལྔ་པར་རྒྱུ་ཐ་དད་མེད་པའི་དང། དྲུག་པར་ཀུན་ནས་ཉོན་མོངས་པ་རྣམ་པར་དག་པ་མ་ཡིན་པའི་དང། བདུན་པར་ཐ་དད་མེད་པའི་དང། བརྒྱད་པར་བྲི་འཕེལ་མེད་པའི་དང། དགུ་པར་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་དང། བཅུ་པར་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་པའི་བར་ཡིན་པའི་ཕྱིར། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །ནས། དབང་པོ་རྣམ་པ་བཞི་ཡི་གནས། །ཞེས་གསུངས་པའི་ཕྱིར། ལྔ་པ་ཏིང་ངེ་འཛིན་གྱི་ཁྱད་པར་ཡོད་དེ། ཐུབ་པ་དགོངས་རྒྱན་ལྟར་ས་དང་པོར་རིན་ཆེན་ཡེ་ཤེས་ཡང་དག་འཕེལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ཁྱད་པར་ཅན་གྱི་བྱིན་གྱིས་བརླབས་པའི་གཟུངས་དང། གཉིས་པར་གནས་མེད་པའི་ཏིང་ངེ་འཛིན་དང་དྲི་མ་མེད་པའི་གཟུངས་ནས། བཅུ་པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཐོབ་པ་དེ་ཡིན་པའི་ཕྱིར། གཉིས་པ་སྤང་བྱ་སྤོང་ཚུལ་གྱི་ཁྱད་པར་ཡོད་དེ། མཐོང་ལམ་གྱི་སྐབས་སུ་ཁམས་གསུམ་གྱི་ཉོན་སྒྲིབ་ཀུན་བཏགས་བརྒྱ་རྩ་བཅུ་གཉིས་དང༌། ཤེས་སྒྲིབ་ཀུན་བཏགས་བརྒྱ་དང་བརྒྱད་ཀྱི་ས་བོན་འཇོམས་ལ། སྒོམ་ལམ་གྱིས་བསྡུས་པའི་ས་དང་པོ་ནས་བཅུ་པའི་བར་443གྱིས་རང་རང་བར་གྱི་ངོས་སྐལ་གྱི་སྒོམ་སྤང་ཉོན་མོངས་བཅུ་དྲུག་གི་ས་བོན་དང༌། སྒོམ་སྤང་ཤེས་སྒྲིབ་བརྒྱ་རྩ་བརྒྱད་རེ་རེའི་ས་བོན་སྤོང་བ་དེ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། མཐོང་ལམ་གྱི་སྐབས་སུ། ནས། སྒོམ་སྤང་ཤེས་སྒྲིབ་བརྒྱ་རྩ་བརྒྱད་ཀྱི་ས་བོན་རིམ་ཅན་དུ་སྤོང་བར་ཤེས་པར་བྱའོ། །ཞེས་སོ། །
བཞི་པ་འཕོ་ཚུལ་ཡོད་དེ། ས་དེའི་ཡོངས་སྦྱོང་གི་ཆོས་མ་རྫོགས་པ་དེ་སྲིད་དུ་དེ་ཡིན་ལ་རྫོགས་ནས་ས་གཞན་དུ་འཕོ་བ་དེ་ཡིན་པའི་ཕྱིར། ལྔ་པ་ནི། སའི་སྒྲ་བཤད་ཡོད་དེ། སའི་སྐད་དོད་བྷུ་མིའི་བྷུ་ལ་ཏ་བསྣན་ནས་བྷུ་ཏ་འབྱུང་པོ་དང༌། མི་ལ་ཨ་ཐོག་མ་དང་ཏ་རྗེས་སུ་བསྣན་ནས་ཨ་མི་ཏ་དཔག་མེད་དང༌། ཡང་དེ་བཞིན་དུ་བྷུ་ཨ་བྷ་ཡ་བྱས་ལ་འཇིགས་མེད་དང༌། ཨ་མི་ཏ་དཔག་མེད་དང༌། བྷུ་ཡ་ན་ཕྱི་ཕྱིར་དང༌། མི་གྷ་མ་ན་གོང་དུ་འགྲོ་ལྡན་ཏེ། རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས། སའི་སྐད་དོད། སོགས་སོ། །སྐབས་འདིའི་འདའ་བྱའི་ས་དགུ་ཡོད་དེ། དམན་པ་ས་བརྒྱད་དང། བྱང་ཆུབ་སེམས་དཔའི་ས་དགུ་གཅིག་ཏུ་བྱས་ནས་དགུར་བྱེད་པའི་ཕྱིར། ས་དེ་དགུ་འདས་ནས་སྨོན་ལམ་ཤེས་པ་གང་གིས་སངས་རྒྱས་ཀྱི་ས་དེ་ལ་གནས་པའི་རྗེས་ཐོབ་དེ་མ་ཐག་སངས་རྒྱས་ཀྱི་ས་ཞེས་བཤད་པ་བྱང་སེམས་ཀྱི་ས་བཅུ་པ་ཡིན་ཏེ། དེའི་དབང་དུ་བྱས་ནས། མདོ་ལས། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱ་ཡི། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། །
གསུམ་པ་གཉེན་པོའི་ཚོགས་ནི། རྩ་བར། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་སོགས་ཚིགས་བཅད་གཅིག་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་གསུམ་ལས། དང་པོ་ནི། མདོ་ལས། རབ་འབྱོར་ཁྱོད་ཀྱིས་གང་ཡང་འདི་སྐད་དུ་ཐེག་པ་དེས་གང་ནས་ངེས་པར་འབྱུང་བར་འགྱུར། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་པའི་མཐོང་སྒོམ་གྱི་སྤང་བྱ་རྟོགས་པའི་གཉེན་པོ་བཤད་པ་རྣམས་རྣམ་རྟོག་བརྒྱད་ཀྱི་གཉེན་པོར་བྱས་ཏེ་སྟོན་པ་ལ་འདི་བྱུང༌། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་མཐོང་སྒོམ་གྱི་ལམ་དག་ལ་གཉེན་པོ་བརྒྱད་དུ་དབྱེར་ཡོད་དེ། མཐོང་སྒོམ་སོ་སོའི་སྤང་བྱ་ཉོན་མོངས་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་དང༌། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་བཞི་བཞིའི་གཉེན་པོ་བཞི་བཞི་ཡོད་པ་དེའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། མཐོང་སྤང་རྟོག་པའི་ས་བོན་གྱི་དངོས་གཉེན་བྱེད་པའི་མཐོང་ལམ་དེ། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། སྒོམ་སྤང་རྟོག་པའི་ས་བོན་གྱི་དངོས་གཉེན་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད་ཟེར་ན། དང་པོ་ལ། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་གཉེན་པོའི་ཚོགས་སྒྲུབ་མ་ཡིན་པར་ཐལ། དེ་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་བཅུ་དྲུག་ཆོས་ཅན། མཚན་ཉིད་དེར་ཐལ། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བར་ཆད་མེད་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མཐོང་ལམ་མཉམ་བཞག་བཅུ་དྲུག་པོ་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། མཉམ་བཞག་དགོས་པའི་ཞིབ་ཆ་རུང་ཡང༌། ཞེས་དང༌། ཚིག་གསལ་ལས། ལམ་གཉིས་ཀྱི་མཉམ་བཞག་ཁོ་ན་ཡིན་གྱི། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ས་དང་པོའི་སྒོམ་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཆོས་ཅན། 444སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། ལམ་ཤེས་བཤད་པའི་སྐབས་སུ་རྣམ་དག་སྒོམ་ལམ་ཁམས་གསུམ་གྱི་རྣམ་རྟོག་དགུ་འཇོམས་བྱེད་དུ་གསུངས་པའི་ཕྱིར། སྒྲུབ་པ་སྒོམ་ལམ་ཁོ་ནར་འདོད་པ་མི་འཐད། ཅེས་གསུངས་པའི་ཕྱིར། འདོད་ན། ས་དང་པོའི་སྒོམ་ལམ་རྣམ་གྲོལ་ལམ་གྱིས་སྒོམ་སྤང་རྟོག་པ་སྤངས་པར་ཐལ་ལོ། །
(444) པར་ཐེངས་གཉིས་པ། མཚན་ཉིད་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར།
རང་ལུགས་ལ། མཐོང་སྤང་ཤེས་སྒྲིབ་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པའི་ཐེག་ཆེན་གྱི་དོན་མངོན་པར་རྟོགས་པའི་མཉམ་བཞག་ཡེ་ཤེས་དེ། འདིར་བསྟན་མཐོང་ལམ་གཉེན་པོ་ཚོགས་ཀྱི་སྒྲུབ་པའི་མཚན་ཉིད། དབྱེ་ན་སྤང་བྱའི་སྒོ་ནས་བཞི་དང་ངོ་བོའི་སྒོ་ནས་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཤེས་བཟོད་བཅུ་དྲུག་ཡོད། དངོས་བསྟན་ལ་མ་སྦྱར་ན་མཐོང་སྤང་ཤེས་སྒྲིབ་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། མཐོང་ལམ་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་མཉམ་རྗེས་གཉིས་ཡོད། སྒོམ་སྤང་ཤེས་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ། སྒོམ་ལམ་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་ས་བཅུའི་མཉམ་རྗེས་གཉིས་གཉིས་ཡོད། རང་གི་445ངོས་སྐལ་གྱི་སྒོམ་སྤང་ཤེས་སྒྲིབ་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་སུ་གྱུར་པའི་མཉམ་བཞག་ཡེ་ཤེས་དེ། འདིར་བསྟན་སྒོམ་ལམ་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་ས་བཅུའི་སྒོམ་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་སྐོར་དགུ་ཡོད། སྤང་བྱའི་སྒོ་ནས་བཞི་ཡོད།
(445) པར་ཐེངས་གཉིས་པ། ངོས་སྐལ་གྱི་སྤང་བྱ།
རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ཡིན་པའི་ཕྱིར། དེར་ཐལ། མཐོང་སྤང་གི་གཉེན་པོ་གང་ཞིག །ཚོགས་སྒྲུབ་ཡིན་པའི་ཕྱིར་ན་མ་ཁྱབ། དང་པོ་གྲུབ་སྟེ། དེའི་གཉེན་པོ་བཞི་གང་རུང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། མཚན་ཉིད་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་ཡིན་པའི་ཕྱིར། དེར་ཐལ། སྒོམ་སྤང་གི་གཉེན་པོ་གང་ཞིག །ཚོགས་སྒྲུབ་ཡིན་པའི་ཕྱིར་ན་མ་ཁྱབ།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
