ཀུན་མཁྱེན་ཕར་ཕྱིན་ལས་འཇུག་སྒྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 20:00:22     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 684708911928927046.jpg

    གཉིས་པ་འཇུག་སྒྲུབ་ནི། རྩ་བར། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ཞེས་སོགས་ཚིགས་བཅད་གཉིས་བྱུང༌། འཕྲོས་སྦྱོར་སྤྱི་དོན་གསུམ། དང་པོ་ནི། མདོ་ལས། གང་པོ་ཅི་ཙམ་གྱིས་ན་བྱང་ཆེན་ཐེག་ཆེན་ལ་ཡང་དག་པར་འཇུག་པ་དང་ཐེག་ཆེན་ལ་འཛེག་པར་འགྱུར་བ་ཡིན། ཞེས་པ་ནས། ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དོ། །ཞེས་གྲགས་པ་སྒྲོགས་ཤིང་དབྱངས་སུ་བརྗོད་པ་མཛད་དོ། །ཞེས་པའི་བར་གྱི་དོན་རྣམས་འཇུག་སྒྲུབ་437དགུར་བསྡུས་ཏེ་སྟོན་པར་འདི་བྱུང༌། གཉིས་པ་ནི། གང་པོ་ཞེས་སོགས་ཀྱི་མདོ་དེ་ཆོས་ཅན། འཇུག་སྒྲུབ་དགུར་བཤད་དེ། བསམ་གཟུགས་ཀྱིས་བསྡུས་པའི་འཇིག་རྟེན་པའི་ལམ་བསམ་གཟུགས་བརྒྱད་ཀྱི་འཇུག་པ་དང༌། སྦྱིན་སོགས་ཕར་ཕྱིན་དྲུག་གི་མཐོང་ལམ་དུ་འཇུག་པ་དང༌། འཕགས་པའི་ལམ་གྱི་འཇུག་པ་དང༌། ཚད་མེད་པའི་འཇུག་པ་དང༌། མི་དམིགས་པ་དང་ལྡན་པའི་འཇུག་པ་དང༌། འཁོར་གསུམ་ཡོངས་སུ་དག་པའི་འཇུག་པ་དང༌། ཆེད་དུ་བྱ་བའི་འཇུག་པ་དང༌། མངོན་པར་ཤེས་པའི་འཇུག་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པ་དང་དགུར་བཤད་པའི་ཕྱིར། ཉི་སྣང་ལས། དེའང་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་འཛེག་པ་ཡིན་ལ། འཛེག་པའང་འཇུག་པ་ཡིན་ནོ། །ཞེས་མིང་གཅིག་ཉིད་དུ་རྣམ་པར་བཞག་པས་རྣམ་པ་དགུར་འགྱུར་བ་ནི། ཞེས་གསུངས་པའི་ཕྱིར། འདི་ལ་ཁ་ཅིག་ན་རེ། བསམ་གཏན་གཟུགས་མེད་ཀྱི་འཇུག་སྒྲུབ་འཇིག་རྟེན་པར་བཤད་པ་མི་འཐད་པར་ཐལ། དེ་མཐོང་སྒོམ་གྱི་ངོ་བོར་གྱུར་པའང་ཡོད། སྒོམ་ཚེ་ཡང་མི་དམིགས་པར་གསུངས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནམ་མཁའི་རྟགས་དང་མཚན་མ་རྣམས་ཀྱིས་བསམ་གཏན་དང་གཟུགས་མེད་པར་སྙོམས་པར་འཇུག ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར་བསམ་གཏན་དང་གཟུགས་མེད་བསྒོམ་པར་བཤད་པའི་ཕྱིར་ཏེ། ཉི་སྣང་ལས། ནམ་མཁའི་རྣམ་པ་དང་རྟགས་དང་མཚན་མ་རྣམས་ཀྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དམིགས་སུ་མེད་པའི་རྣམ་པ་ཅན་གྱི་ལམ་ཡོངས་སུ་འཛིན་པས་རྣམ་པ་མེད་པ་དང་རྟགས་མེད་པ་དང་མཚན་མ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཙོ་ཆེ་བའི་དབང་དུ་བྱས་པའི་ཕྱིར་ཏེ། གསེར་ཕྲེང་ལས། འཇིག་རྟེན་པའི་ལམ་ལ་དེ་ཤས་ཆེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

(437) པར་ཐེངས་གཉིས་པ། དགུར་སྟོན་པར།

    སྐབས་འདིའི་ཐེག་པ་ཆེན་པོ་ལ་འཇུག་འཛེག་གི་དོན་ཡོད་དེ། དམིགས་པ་དང༌། སྒྲུབ་པ་དང༌། ཐབས་དང༌། ཡེ་ཤེས་དང༌། བརྩོན་འགྲུས་དང༌། རྩོམ་པ་དང༌། ཡང་དག་པར་འགྲུབ་པ་དང༌། འཕྲིན་ལས་ཆེན་པོ་བདུན་དང་ལྡན་པའི་ཐེག་པ་ནི་ཐེག་པ་ཆེན་པོ་དང༌། དེ་ལ་གོང་ནས་གོང་དུ་འཇུག་པ་ནི་འཇུག་འཛེག་གི་དོན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌ ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་རྣམས་དང་ལྡན་པས། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱས་མི་རྟག་དོན་གཅིག་ཀྱང་སྒྲའི་དོན་ཐ་དད་པ་ལྟར་འཇུག་འཛེག་གི་དོན་གཅིག་ཀྱང་སྒྲའི་རྣམ་གྲངས་ཀྱི་དོན་དང་པོར་འཇུག་པ་དང༌། ཕྱིས་གོང་ནས་གོང་དུ་འཛེག་པར་བཤད་དགོས་པའི་ཕྱིར་ཏེ། རྒྱན་སྣང་ལས། དང་པོར་འཇུག་པའི་སྒྲུབ་པས་ཐེག་པ་ཆེན་པོའི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་ཆོས་ལ་འཇུག་ལ་ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པའི་ཡང་དག་པར་གནས་པ་ཡིན་པས་ཚིག་གཉིས་སྨོས་སོ། །ཞེས་དང༌། གསེར་ཕྲེང་ལས། འཇུག་འཛེག་གི་དོན་གང་ཞེ་ན། འདི་གཉིས་རྣམ་གྲངས་པར་ཉི་སྣང་ལས་བཤད་ལ། རྒྱན་སྣང་ལས། ཞུགས་པ་དང་གནས་པ་གཉིས་དང་པོར་ཐོབ་པ་དང༌། ཕྱིས་ཁྱད་པར་དུ་འགྲོ་བ་ལ་བཤད་དོ། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། འཇུག་སྒྲུབ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ་ཡོད་དེ། སྒོམ་བྱུང་གཙོ་བོར་གྱུར་པའི་གནས་སྐབས་ཀྱི་ཐེག་ཆེན་ལ་གོང་ནས་གོང་དུ་འཇུག་པའི་ཡེ་ཤེས་དེ། འཇུག་སྒྲུབ་ཀྱི་མཚན་ཉིད་དང༌། དབྱེ་ན་དགུ་དང༌། ས་མཚམས་སྦྱོར་ལམ་རྩེ་མོ་ཡན་ཆད་ནས་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར། དེ་དགུའི་བསམ་གཟུགས་དང་ཚད་མེད་གཞན་དུ་བཤད་ཟིན་ཏོ། །

                                                                                                                         རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།