ཀུན་མཁྱེན་ཕར་ཕྱིན་ལས་གོ་སྒྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 19:57:07     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

847887618094987906.jpg

    གཉིས་པ་སོ་སོའི་རང་བཞིན་ལ། བསམ་པ་རྒྱ་ཆེ་བ་གོ་སྒྲུབ། སྦྱོར་བ་རྒྱ་ཆེ་བ་འཇུག་སྒྲུབ། ཚོགས་གཉིས་རྒྱ་ཆེ་བ་ཚོགས་སྒྲུབ། རྣམ་མཁྱེན་གདོན་མི་ཟ་བར་འབྱིན་བྱེད་ངེས་འབྱུང་སྒྲུབ་པ་བཞི་ལས། དང་པོ་སྟོན་པར། རྩ་བར། དེ་དག་སོ་སོར་སྦྱིན་ལ་སོགས ཞེས་སོགས་ཚིགས་བཅད་གཅིག་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི་མདོ་ལས། བྱང་ཆེན་ཡུམ་ལ་སྤྱོད་ཅིང་རྣམ་མཁྱེན་དང་ལྡན་པའི་ཡིད་ལ་བྱེད་པས་སྦྱིན་པ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་ཉིད་དང༌། ནས། རྫུ་འཕྲུལ་གྱིས་རྣམ་པར་བརྩེའོ་ཞེས་སྒྲ་བརྗོད་ན། ཞེས་པས་གོ་སྒྲུབ་སོ་དྲུག་བཤད་པ་དེ་སྟོན་པར་འདི་བྱུང༌། གཉིས་པ་ནི། གོ་སྒྲུབ་ཆོས་ཅན། སོ་དྲུག་ཡོད་དེ། སྦྱིན་སོགས་ཀྱི་གོ་སྒྲུབ་རེ་རེ་ལ་དྲུག་དྲུག་བྱས་ནས་མདོ་ལས་བཤད་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། སྒྲུབ་པ་ཡིན་ན་བརྩོན་འགྲུས་ཡིན་པས་ཁྱབ་ཟེར་ན། འོ་ན། སྒྲུབ་པར་གྱུར་པའི་སེམས་སེམས་བྱུང་གཉིས་ཀ་མེད་པར་ཐལ། དེ་ཡིན་ན་བརྩོན་འགྲུས་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། དེ་སེམས་བྱུང་ང་གཅིག་གི་གཅིག་ཡིན་པའི་ཕྱིར་དང། སེམས་སེམས་བྱུང་བློ་རིག་མི་འདྲ་བ་པད་མའི་འདབ་མ་ལྟར་གནས་པའི་ཕྱིར། དེར་ཐལ། དེའི་མཚུངས་ལྡན་གྱི་ཡུལ་ངེས་ལྔ་ཡང་ཕན་ཚུན་འགལ་བའི་ཕྱིར་ཏེ། རྣམ་བཤད་ལས། བློའི་སྤུ་རིས་མི་འདྲ་བ་པད་མའི་འདབ་མ་ལྟར་མ་འདྲེས་པར་གནས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེར་གྱུར་པའི་ཐེག་ཆེན་སེམས་བསྐྱེད་དང་སྦྱིན་པ་སོགས་ཡོད་པའི་ཕྱིར། རྣམ་བཤད་ལས། སྒྲུབ་པའི་ངོ་བོ་ཡིན་ན་བརྩོན་འགྲུས་ཀྱིས་ཁྱབ་པར་འདོད་པ་ནི་མི་རུང་སྟེ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དམ་བཅའ་འཐད་པར་ཐལ། གོ་སྒྲུབ་ལ་བརྩོན་འགྲུས་ཀྱིས་ཁྱབ། དེ་བཞིན་དུ་འཇུག་སྒྲུབ་ལ་ཡང་བརྩོན་འགྲུས་ཀྱིས་ཁྱབ་པའི་ཕྱིར་ཏེ། རྒྱན་ལས། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་དང༌། །མ་ཞུམ་མི་ངལ་ཆོག་མི་ཤེས་བརྩོན་འགྲུས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་སེམས་བསྐྱེད་པའི་བྱང་སེམས་ཀྱི་དམ་བཅའ་དེ་སྒྲུབ་པའི་ཆེད་དུ་ཐོག་མར་བསམ་པ་མཐུ་དང་ལྡན་པའི་གོ་ཆའི་བརྩོན་འགྲུས་དང༌། དེ་བཞིན་དུ་སྦྱོར་བ་ལག་ལེན་གྱི་བརྩོན་འགྲུས་དང༌། ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་མི་ཞུམ་པར་སྤྲོ་བ་དང་ལྡན་པའི་དེ་དང༌། ཚ་གྲང་སོགས་ཀྱིས་མི་འཁྲུག་པས་ཕ་རོལ་མི་མཐུན་ཕྱོགས་གནོན་པའི་དེ་དང༌། ཆོག་མི་ཤེས་པའི་བརྩོན་འགྲུས་རྒྱུན་མ་ཆད་པ་ལྔ་མ་བྱས་ན་བསམ་པ་བཟང་ཙམ་ལས་མི་འོངས་པས་དེ་ལྔ་དང་ལྡན་པ་དགོས་པར་བཤད་པ་ཙམ་ཡིན་པའི་ཕྱིར་ཏེ། དེའི་འགྲེལ་བ་ལས། གོ་ཆའི་བརྩོན་འགྲུས་ལ་སོགས་པ་འདི་དག་ཉིད་མདོ་ལས་མཐུ་དང་ལྡན་པ་དང༌། བརྩོན་འགྲུས་དང་ལྡན་པ་དང༌། སྤྲོ་བ་ཅན་དང༌། ཕ་རོལ་གནོན་པ་བརྟན་པ་དང༌། དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་བཏང་བ་ཞེས་འབྱུང་བ་དང་གོ་རིམ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སོགས་ལན་དུ་མར་བཤད་པའི་ཕྱིར། འདིས་ནི་སྡེ་སྣོད་ལ་སྦྱངས་པ་དང་མ་བསླབས་པ་གཉིས་ཉམས་ལེན་མང་ཉུང་མི་འོངས་སྙམ་པ་དང༌། ཉམས་ལེན་ས་ཆོད་ཆེ་ཆུང་མེད་སྙམ་པའི་ལོག་རྟོགས་བརྒྱ་དུས་གཅིག་ཏུ་བཅོམ་མོ། །

    ཡང༌ཉི་སྣང་ལས། འདི་དག་དྲུག་ཚན་དྲུག་ཏུ་འགྱུར་བ་ཡང་གོ་ཆ་རྣམ་པ་དྲུག་ཏུ་ཆོས་མཐུན་པའི་ཕྱིར། སྦྱིན་པ་ལ་སོགས་པར་ཆོས་མཐུན་པའི་ཕྱིར། གོ་ཆའི་སྒྲུབ་པ་དྲུག་ཏུ་བཤད་ཅེས་པའི་དོན་ལ་ཁ་ཅིག་ན་རེ། སྦྱིན་པ་དྲུག་སྦྱིན་པར་མཚུངས་པ་ནས་ཤེས་རབ་དྲུག་ཤེས་རབ་ཏུ་བྱས་སོ་ཟེར། འོ་ན། སྦྱིན་པའི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་དྲུག་སྦྱིན་པའི་གོ་སྒྲུབ་ཡིན་པར་ཐལ། ཉི་སྣང་ལས། དྲུག་ཚན་དྲུག་ཏུ་འགྱུར་བ་ཡང་གོ་ཆ་རྣམ་པ་དྲུག་ཏུ་ཆོས་མཐུན་པའི་ཕྱིར། ཞེས་པའི་དྲུག་ཏུ་སྡུད་ཚུལ་ཡིན་པའི་ཕྱིར། མ་གྲུབ་ན་བུད། འདོད་ན། དེ་དྲུག་ཆོས་ཅན། དྲུག་ཚན་དྲུག་གི་དང་པོ་ཡིན་པར་ཐལ། དེ་དྲུག་གི་ཐོག་མ་སྦྱིན་པའི་གོ་སྒྲུབ་ཡིན་པའི་ཕྱིར། ཁྱབ་སྟེ། ཉི་སྣང་ལས། འདི་ནི་གོ་ཆའི་སྒྲུབ་པ་ལས་སྦྱིན་པའི་གོ་ཆ་སྟེ་དྲུག་ཚན་དང་པོའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ལ་སྦྱིན་པ་བྱེད་དུས་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་འཇོག་མི་རིགས་པར་ཐལ། དེ་ལ་སྦྱིན་པ་དྲུག་འཇོག་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཉི་སྣང་ལས། ཇི་ལྟར་ན་དྲུག་ཚན་དྲུག་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ། ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སྦྱིན་པ་གཏོང་བ་ནི་སྦྱིན་པའི་གོ་ཆ་དང༌། དེ་ཉིད་ཀྱི་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་དང་བྲལ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང༌། ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་གོ་ཆ་གསུངས་པ་ཡིན་ཏེ། འདི་དག་ནི་གོ་ཆའི་སྒྲུབ་པ་ལས་སྦྱིན་པའི་གོ་ཆ་སྟེ་དྲུག་ཚན་དང་པོའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བྱང་སེམས་ཀྱི་དེ་འདྲའི་སྦྱིན་པ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་མ་ཡིན་པར་ཐལ། དམ་པ་དྲུག་ལྡན་དུ་མ་བྱས་པའི་སློབ་པའི་སྦྱིན་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཕྱིན་དྲུག་མ་ཚང་ན་སངས་རྒྱས་ཀྱི་སྐུ་འགྲུབ་བྱེད་མི་ཚང་བས་ལྷ་བྲིས་ཆ་རེ་ལས་བྲི་མི་ཤེས་པ་དྲུག་གི་གཅིག་མ་ཚང་བ་བཞིན་ཡིན་པའི་ཕྱིར། ཤེས་རབ་མེད་ན་ཕར་ཕྱིན་གྱི་མིང་མི་ཐོབ་པར་བཤད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། གཅིག་ཅིག་ཡུལ་གཞན་སོང་གྱུར་པ། །ནས། དེ་མ་ཚང་ཕྱིར་རི་མོ་དེ། །ཡན་ལག་ཐམས་ཅད་ཡོངས་རྫོགས་པར། །མི་འགྱུར་བཞིན་ཞེས་དཔེར་བྱས་སོ། །དེ་རྣམས་འབྲི་བྱེད་གང་ཡིན་པ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་སོགས། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཕར་ཕྱིན་དྲུག་ལྡན་དང་དམ་པ་དྲུག་ལྡན་གྱི་སྦྱིན་པ་ཡིན་པའི་ཕྱིར། དེར་ཐལ། ཕར་ཕྱིན་དྲུག་ལྡན་མདོ་ལས་བཤད་པའི་ཕྱིར་དང༌། དེ་ལྟར་ན་དམ་པ་དྲུག་ཀྱང་ཚང་དགོས་པའི་ཕྱིར།

    དེ་ལ་ཁོ་ན་རེ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་མི་དམིགས་པར་རྟོགས་པའི་ཤེས་རབ་ཆོས་ཅན། སྦྱིན་པའི་གོ་སྒྲུབ་མ་ཡིན་པར་ཐལ། ཤེས་རབ་ཀྱི་གོ་སྒྲུབ་ཡིན་པའི་ཕྱིར། དེར་ཐལ། ཤེས་རབ་དང་གོ་སྒྲུབ་ཀྱི་གཞི་མཐུན་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁྱབ་པར་ཐལ། ཤེས་རབ་ཏུ་གྱུར་པའི་གོ་སྒྲུབ་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁྱབ་པར་ཐལ། སྦྱིན་པའི་ཤེས་རབ་ཀྱི་གོ་སྒྲུབ་ཡིན་པའི་ཕྱིར་ན་མ་ཁྱབ། སོ་སོའི་ངོ་བོ་ལ་ཁ་ཅིག་ན་རེ། གཏོང་བའི་སེམས་པ་ཆོས་བཞི་ལྡན་དེ། སྦྱིན་པའི་མཚན་ཉིད། བསྲུང་བའི་སེམས་པ་ཆོས་བཞི་ལྡན་དེ། ཚུལ་ཁྲིམས་ཀྱི་མཚན་ཉིད། མི་ཁྲོ་བའི་སེམས་པ་ཆོས་བཞི་ལྡན་དེ། བཟོད་པའི་མཚན་ཉིད། སྤྲོ་བའི་སེམས་པ་ཆོས་བཞི་ལྡན་དེ། བརྩོན་འགྲུས་ཀྱི་མཚན་ཉིད། རྩེ་གཅིག་པའི་སེམས་པ་ཆོས་བཞི་ལྡན་དེ། བསམ་གཏན་གྱི་མཚན་ཉིད། ཆོས་རབ་ཏུ་རྣམ་འབྱེད་བཞི་ལྡན་དེ། ཤེས་རབ་ཀྱི་མཚན་ཉིད་ཟེར་ན། བརྩོན་འགྲུས་དང་བསམ་གཏན་གཉིས་ཀྱང་སེམས་པ་ཡིན་པར་ཐལ། མཚན་ཉིད་ལ་སེམས་པ་བཞི་ལྡན་རེ་བཞག་པའི་ཕྱིར། འདོད་མི་ནུས་ཏེ། བརྩོན་འགྲུས་དང་ཏིང་ངེ་འཛིན་གཉིས་སེམས་བྱུང་ང་གཅིག་ལས་སྔ་མ་དགེ་བ་དང་ཕྱི་མ་མཛོད་སོགས་ཀྱིས་ས་མང་དང༌། མངོན་པ་གོང་མའི་ཡུལ་ངེས་ཡིན་པའི་ཕྱིར། མཚན་ཉིད་དེ་དག་ལ་གང་ཟག་དང་སེམས་རེ་རེ་ནས་སྐྱོན་དུ་འཕེན་ནོ། །ཉན་ཐོས་རྒྱུད་ཀྱི་གཏོང་བའི་སེམས་པ་ཆོས་ཅན། མདོ་སྡེ་རྒྱན་ལྟར་ཆོས་བཞི་ལྡན་ཡིན་པར་ཐལ། སྦྱིན་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་ཡིན་པར་ཐལ། ཆོས་བཞི་ལྡན་གྱི་སྦྱིན་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་བཞི་ནི། སེར་སྣ་སོགས་མི་མཐུན་ཕྱོགས་ཉམས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་རྣམ་པར་མི་རྟོག་པ་དང་གང་འདོད་པ་རྫོགས་པར་བྱེད་པ་དང༌། རིགས་ཅན་གསུམ་སྨིན་བྱེད་དུ་གྱུར་པ་བཞི་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྦྱིན་པའི་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་དམན་མན་ཆད་ཀྱི་སྦྱིན་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཐེག་དམན་ལ་ཕར་ཕྱིན་མི་འོང་བའི་ཕྱིར་ཏེ། བཤད་སྦྱར་ལས། ཉན་ཐོས་བསེ་རུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་གསུངས་པའི་ཕྱིར། འདིའི་བཅོམ་ལྡན་བྱང་སེམས་ལའང་འཇུག་ལ། དཀོན་མཆོག་གི་སྐབས་སུ་བྱང་སེམས་སངས་རྒྱས་ཀྱི་ནང་དུ་བསྡུས་པར་བཤད་དོ། །དེས་ལྷག་མ་ལ་སྐྱོན་གཏོང་ཚུལ་རིགས་འགྲེས་པས་ཆོག་གོ །

    ཡང་ཁ་ཅིག་ན་རེ། སྦྱིན་པའི་ཕར་ཕྱིན་ཡིན་ན་ཆོས་བཞི་ལྡན་གྱི་སྦྱིན་པ་ཡིན་པས་ཁྱབ་ལ། དེ་བཞིན་དུ་ཕར་ཕྱིན་ལྷག་མ་ལྔའང་ཟེར་ན། འོ་ན། བྱང་སེམས་ཀྱི་སྦྱིན་པ་དང་མཚུངས་ལྡན་གྱི་གཙོ་སེམས་དང་ཚོར་འདུ་ཏིང་ངེ་འཛིན་སོགས་རེ་རེ་ནས་ཆོས་ཅན། ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པ་ཡིན་པར་ཐལ། སྦྱིན་པའི་ཕར་ཕྱིན་ཡིན་པའི་ཕྱིར། དེར་ཐལ། སྦྱིན་པའི་ཕར་ཕྱིན་ཡིན་ལ་སྦྱིན་པ་མ་ཡིན་པའི་མུ་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་སྦྱིན་པ་ཡིན་ནམ་ཞེ་ན། ནས། ཞེས་བྱ་བ་མུ་བཞིའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་རེ་རེ་ནས་ཆོས་ཅན་དེའི་ཕྱིར། ཡང་ཁ་ཅིག་ན་རེ། སྦྱིན་པ་དང་སྦྱིན་པའི་ཕར་ཕྱིན་མཚན་ཉིད་གཅིག་ཏུ་འདོད་པ་ཡང་མི་འཐད་པར་ཐལ། སྦྱིན་པ་ཡིན་ན་སྦྱིན་པའི་ཕར་ཕྱིན་ཡིན་པས་མ་ཁྱབ་ཚུལ་སྒྲུབ་ཟིན་ལྟར་ཡིན་པའི་ཕྱིར། དེར་ཐལ། སྦྱིན་པ་ཡིན་ལ་སྦྱིན་པའི་ཕར་ཕྱིན་མ་ཡིན་པའི་མུ་ཡོད་པའི་ཕྱིར་ཏེ། ཐེག་བསྡུས་ལས། སྦྱིན་པ་གང་ཡིན་པ་དེ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ནམ། ནས། སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡང་ཡོད། ཅེས་བྱ་བ་མུ་བཞིའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྦྱིན་པའི་ཕར་ཕྱིན་དང་ཤེས་རབ་ཀྱི་ཕར་ཕྱིན་འགལ་བར་ཐལ། སྦྱིན་པ་དང་ཤེས་རབ་འགལ་བའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཕར་ཕྱིན་རེ་རེ་ལ་ཕར་ཕྱིན་དྲུག་དྲུག་ཚང་བའི་ཕྱིར། ཁྱབ་སྟེ། དེ་ལྟར་ཚང་བ་དེ་ཕན་ཚུན་རྣམ་ངེས་དང་རབ་དབྱེ་རྣམ་ངེས་གཉིས་ཀྱི་དོན་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། ཕན་ཚུན་བསྡུས་ཕྱིར་རབ་དབྱེ་ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །ཞེས་དང༌། དེའི་འགྲེལ་བ་ལས། ཕན་ཚུན་བསྡུས་པའི་ཕྱིར་རྣམ་པར་ངེས་པ་ནི་མི་འཇིགས་པའི་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པ་གཉིས་བསྡུས་ཏེ། ཞེས་པ་ནས། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་བསྡུས་ཏེ། དེ་བཞིན་དུ་བཟོད་པ་ལ་སོགས་པས་ཐམས་ཅད་སྡུད་པ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གོ་སྒྲུབ་ཀྱི་སྐབས་ལ་སོགས་པར་ཕར་ཕྱིན་ཐམས་ཅད་ལ་སྦྱིན་པའི་མིང་བཏགས་པ་ནས། ལ་ལར་ཕར་ཕྱིན་ཐམས་ཅད་ལ་ཤེས་རབ་ཀྱི་མིང་གིས་བསྟན་པའི་ཕྱིར་ཏེ། ཐེག་བསྡུས་ལས། འདི་དག་གི་ཕན་ཚུན་རྣམ་པར་ངེས་པར་ཇི་ལྟར་བལྟ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལ་ལར་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྦྱིན་པའི་སྒྲར་བསྟན། ལ་ལར་ནི་ཚུལ་ཁྲིམས་ཀྱི་སྒྲར་བསྟན། ནས། ལ་ལར་ནི་ཤེས་རབ་ཀྱི་སྒྲར་བསྟན་པ་དེ་ལ་དགོངས་པ་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱོར་བ་ན། འདི་དག་ཐམས་ཅད་ཀྱི་སྤྱོད་པས་འགྲོ་བ་ལས་དགོངས་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་ལྟར་མདོ་ལས་ཀྱང་གསུངས་པར་ཐལ། ཤེར་མདོ་ལས་སྦྱིན་པའི་སྦྱིན་པ་ནས། ཤེས་རབ་ཀྱི་བར་དྲུག་ལ་སྦྱིན་པ་སྦྱར་ནས་གསུངས་ཤིང༌། དེ་བཞིན་དུ་གཞན་ལྔ་ལའང་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། གོ་སྒྲུབ་ཀྱི་མདོ་ལས། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་སྦྱིན་པ་གང་ཡོངས་སུ་གཏོང་བ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཡོངས་སུ་གཏོང་སྟེ། ནས། སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་དོན་དུ་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་སྦྱིན་པ་ཡོངས་སུ་གཏོང་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ནས། སྦྱིན་པ་ཡོངས་སུ་གཏོང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལེ་བརྒྱད་མ་ལས་ཀྱང། ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་དང་པོའོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཚུལ་ཁྲིམས་ལ་དེ་ལྟར་གསུངས་པ་ལྟར་གཞན་ལའང་གསུངས་པའི་ཕྱིར་ཏེ། ཤེར་མདོ་ལས། བྱང་ཆེན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ ནས། བྱང་ཆེན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང༌། ལེ་བརྒྱད་མ་ལས་ཀྱང༌། ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་གཉིས་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞིན་དུ་མདོ་ལས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ་དེའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བཟོད་པའི་སྦྱིན་སོགས་དྲུག་ཀ་བཟོད་པའི་ཕར་ཕྱིན་དུ་བཤད་པ་ལྟར་དྲུག་པོ་ལ་གསུངས་པའི་ཕྱིར་དང། ལེ་བརྒྱད་མ་ལས་ཀྱང༌། དེ་དང་འདྲ་བར་གསུངས་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕར་ཕྱིན་གྱི་སྐབས་ཀྱི་མདོ་ལས། ཡོངས་སུ་བསྔོ་བ་འདི་ནི་བྱང་ཆེན་433ཤེར་ཕྱིན་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནས། བྱང་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར། ནས། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆེན་434ཕ་རོལ་ཏུ་ཕྱིན་པ་རེ་རེ་ནས། གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །ཞེས་དང༌། ལེ་བརྒྱད་མ་ལས། ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་གོ་ཆ་སྟེ་དྲུག་པའོ། །ཞེས་གསུངས་པའི་ཕྱིར།

(433) པར་ཐེངས་གཉིས་པ། ཕར།

(434) པར་ཐེངས་གཉིས་པ། ཤེས་རབ་ཀྱི།

    རང་ལུགས་ལ། ཕྱིན་དྲུག་གི་གྲངས་ངེས་དང༌། མཚན་ཉིད་དང༌། གོ་རིམ་དང༌། ངེས་ཚིག་དང༌། སྒོམ་ཚུལ་དང༌། རབ་དབྱེ་དང༌། མི་མཐུན་ཕྱོགས་དང༌། ཡོན་ཏན་དང༌། ཕན་ཚུན་བསྡུ་བ་རྣམ་པར་ངེས་པ་དང་དགུ་ལས། དང་པོ་ནི། སྤྱིར་གྲངས་ངེས་ལ་དུ་མ་ཡོད་ཀྱང་འདིར་ནི་རིགས་བསྡུས་ཀྱི་གྲངས་ངེས་ཡིན་ཏེ། ལམ་གྱི་རིགས་བསྡུས་ན་སྦྱིན་སོགས་དྲུག་ཏུ་ངེས་པའི་ཕྱིར། དེ་ཡང་ཡིན་ཏེ། མངོན་མཐོ་ལ་ལྟོས་ནས་ཀྱང་དེར་ངེས། དོན་གཉིས་སྒྲུབ་པས་ཀྱང་དེར་ངེས། གཞན་དོན་རྣམ་པ་ཐམས་ཅད་པས་ཀྱང་དེར་ངེས། ཐེག་ཆེན་ཐམས་ཅད་སྡུད་པ་ལས་ཀྱང་དེར་ངེས། ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་བྱས་ནས་ཀྱང་དེར་ངེས། བསླབ་གསུམ་ལ་ལྟོས་ནས་ཀྱང་དྲུག་ཏུ་ངེས་པའི་ཕྱིར་ཏེ། རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། ཞེས་པ་ནས། གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་པའི་བར་གྱི་ཚིགས་བཅད་དྲུག་དང་རིམ་བཞིན་སྦྱོར་བའི་ཕྱིར། གཉིས་པ་མཚན་ཉིད་ཡོད་དེ། གཏོང་བའི་སེམས་པ། སྦྱིན་པའི་མཚན་ཉིད། ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། ཆོས་བཞི་ནི་ཆགས་པ་བདུན་གང་རུང་དང་སེར་སྣ་ཅི་རིགས་ཉམས་པ་དང༌། སྟོང་ཉིད་རྟོགས་པ་དང༌། གཞན་གྱི་རེ་བ་རྫོགས་པ་དང༌། སྦྱིན་པས་བསྡུས་ནས་ཐེག་པ་གསུམ་དུ་སྨིན་པ་གང་རུང་བྱེད་པ་བཞི་ཡིན་ལ། ཆ་བཞག་གིས་སངས་འཕགས་རྒྱུད་ཀྱི་དེ་དང་སྟོང་ཉིད་མ་རྟོགས་པའི་དེ་བསྡུས་པའི་ཕྱིར་ཏེ། རྒྱན་ལས། སྦྱིན་པའི་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་གསུངས་པའི་ཕྱིར། ལྷག་མ་རྣམས་ལ་རང་གི་མི་མཐུན་ཕྱོགས་ཚུལ་འཆལ་དང༌། མི་བཟོད་པ་དང༌། ལེ་ལོ་དང༌། རྣམ་གཡེང་དང༌། ཤེས་རབ་འཆལ་ཏེ་ཉམས་པར་བྱས་པ་དྲུག་རིམ་བཞིན་སྦྱོར། ཆགས་པ་བདུན་ཀྱང་ཅི་རིགས་ཉམས་པར་བྱས་པ་ཐུན་མོང་དུ་ཡིན་ཏེ། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང༌། །སོགས་སྦྱོར། ལྷག་མ་འདྲ་བའི་ཕྱིར། སྲུང་བའི་སེམས་པ་ཚུལ་ཁྲིམས་ཀྱི་ངོ་བོ་དང༌། ཆོས་བཞི་ལྡན་གྱི་སྲུང་བའི་སེམས་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་མཚན་ཉིད། མི་འཁྲུག་པའི་དགེ་བའི་རྩ་བ་དེ། བཟོད་པའི་མཚན་ཉིད་དང༌། ཆོས་བཞི་ལྡན་གྱི་མི་འཁྲུག་པའི་དགེ་རྩའི་ཆ་ནས་བཞག་པའི་ཡེ་ཤེས་དེ། བཟོད་པའི་ཕར་ཕྱིན་གྱི་མཚན་ཉིད། དགེ་རྩ་ཡང་སེམས་བྱུང་ཡིན། དགེ་བ་ལ་སྤྲོ་བ། བརྩོན་འགྲུས་ཀྱི་མཚན་ཉིད། ཆོས་བཞི་ལྡན་གྱི་དགེ་བ་ལ་ཡང་དག་པར་སྤྲོ་བའི་ཆ་ནས་བཞག་པའི་ཡེ་ཤེས་དེ། བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་མཚན་ཉིད། དགེ་བའི་སེམས་རྩེ་གཅིག་པ་དེ། བསམ་གཏན་གྱི་མཚན་ཉིད། ཆོས་བཞི་ལྡན་གྱི་དགེ་བའི་སེམས་རྩེ་གཅིག་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། བསམ་གཏན་གྱི་ཕར་ཕྱིན་གྱི་མཚན་ཉིད། ཆོས་རབ་ཏུ་རྣམ་འབྱེད་དེ། ཤེས་རབ་ཀྱི་མཚན་ཉིད། ཆོས་བཞི་ལྡན་གྱི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཆ་ནས་བཞག་པའི་ཡེ་ཤེས་དེ། ཤེས་རབ་ཀྱི་ཕར་ཕྱིན་གྱི་མཚན་ཉིད་ཡིན་ཏེ། དེ་རེ་རེ་ཡང་དམ་པ་དྲུག་ལྡན་ཡང་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་ཞེ་ན། དམ་པ་དྲུག་གིས་བལྟ་བར་བྱ། ཞེས་གསུངས་པའི་ཕྱིར་དང། ཕར་ཕྱིན་དྲུག་ལྡན་ལ་དམ་པ་དྲུག་ལྡན་ཡང་ཚང་བ་ཡིན་པའི་ཕྱིར། ཕྱིན་དྲུག་གི་ཉམས་ལེན་གྱི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། གོ་སྒྲུབ་ཀྱི་མཚན་ཉིད། དབྱེ་ན་དྲུག་ཡོད།

    གསུམ་པ་གོ་རིམ་ཡོད་དེ། སྐྱེ་རིམ་དང་དམན་མཆོག་དང་རགས་ཕྲ་གསུམ་གྱི་རིམ་པར་བཞག་པའི་ཕྱིར། རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་སོ། །བཞི་པ་སྒྲ་དོན་ཡོད་དེ། དབུལ་བ་འདོར་བས་ན་སྦྱིན་པ་དང༌། བསིལ་བ་ཐོབ་པས་ཚུལ་ཁྲིམས་དང༌། ཁྲོ་བ་བཟོད་པས་བཟོད་པ་དང༌། མཆོག་ལ་སྦྱོར་བས་བརྩོན་འགྲུས་དང༌། ཡིད་འཛིན་པས་བསམ་གཏན་དང༌། དོན་དམ་ཤེས་པས་ཤེས་རབ་ཏུ་བཤད་པའི་ཕྱིར་ཏེ། སྦྱིན་སོགས་ཀྱི་སྐད་དོད། དཱ་ན་ངེས་ཚིག་གིས་དཱ་ན་ལ་རི་ཏྲཾ་བསྣན་པས་དཱ་རི་ཏྲཾ་དབུལ་བ་དང༌། ན་བ་སེལ་བ་སྟེ་དབུལ་བ་སེལ་བ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཤཱི་ལིའི་ཤཱི་ཏ་བསིལ་བ་དང་ལ་བྷ་ཐོབ་པ་སྟེ་རྒྱུད་བསིལ་བ་ཐོབ་པ་དང། བཟོད་པའི་ཀྵནྟིའི་ཀྵོ་བྷ་འཁྲུག་པ་དང༌། ཤནྟི་ཞི་བ་སྟེ་སེམས་འཁྲུག་པ་ཞི་བ་དང༌། བརྩོན་འགྲུས་ཀྱི་བཱིརྱའི་བཱི་བཱི་ར་མཆོག་དང་ཨཱི་ཡ་བྱས་ཏེ་ཡ་ཏི་སྦྱོར་བ་དགེ་བ་མཆོག་ལ་སྦྱོར་བ་དང༌། བསམ་གཏན་གྱི་དྷཱ་ནྱའི་དྷ་ར་འཛིན་པ་དང་མ་ན་ཡིད་དེ་ཡིད་འཛིན་དང༌། པྲ་ཛྙཱའི་པ་ར་མརྠ་དོན་དམ་པ་དང་ཛྙཱ་ན་ཤེས་པ་སྟེ། དོན་དམ་ཤེས་པ་ཞེས་བཤད་པའི་ཕྱིར་ཏེ། རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང༌ ནས། དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། །སློབ་དཔོན་ཐོགས་མེད། རྒྱུ་འབྲས་གཉིས་གཉིས་ཀྱི་སྒོ་ནས་སེར་སྣ་དང་དབུལ་བ་འཇོམས་པ་དང༌། ལོངས་སྤྱོད་ཆེན་པོ་དང་བསོད་ནམས་ཀྱི་435ཚོགས་ཐོབ་པར་བྱེད་པས་སྦྱིན་པའོ། །ཞེས་སོགས་བཤད་ཀྱང་མི་འགལ་ལོ། །ཐེག་བསྡུས་ལས་སོ། །

(435) པར་ཐེངས་གཉིས་པ། ཚོགས་ཆེན་པོ་ཐོབ།

    ལྔ་པ་སྒོམ་ཚུལ་ལ། དངོས་པོ་དང༌། ཡིད་བྱེད་དང༌། བསམ་པའི་དང༌། ཐབས་མཁས་དང༌། དབང་འབྱོར་ལ་བརྟེན་པའི་སྒོམ་པ་ལྔ་ཡོད་དེ། དང་པོ་ལ་རྒྱུ་དང་རྣམ་སྨིན་དང་སྨོན་ལམ་དང་སོ་སོར་རྟོགས་པའི་སྒོམ་པ་བཞི་དང༌། གཉིས་པ་ལ་ཡང་མོས་པ་དང༌། རོ་མྱང་དང༌། ཡི་རངས་དང༌། མངོན་པར་དགའ་བའི་ཡིད་བྱེད་བཞི་དང༌། གསུམ་པ་ལ་ངོམས་མི་ཤེས་པ་དང༌། རྒྱ་ཆེན་པོ་དང༌། དགའ་བ་དང༌། ཕན་བསམ་དང༌། མ་གོས་པའི་བསམ་པ་དང༌། དགེ་བའི་བསམ་པ་དྲུག་དང༌། བཞི་པ་ལ་འཁོར་གསུམ་མི་དམིགས་པ་གསུམ་དང༌། ལྔ་པ་དབང་འབྱོར་ལ་སྐུ་དང༌། སྤྱོད་པ་དང༌། སྟོན་པ་ལ་དབང་འབྱོར་པ་སྒོམ་པ་གསུམ་རྣམས་ཡོད་པའི་ཕྱིར་ཏེ། རྒྱན་ལས། ཐམས་ཅད་སྒོམ་པ་དངོས་པོ་དང༌། །དེ་བཞིན་ཡིད་ལ་བྱེད་པ་དང༌། །བསམ་པ་དང་ནི་ཐབས་དག་དང༌། །དབང་འབྱོར་ཉིད་ལ་བརྟེན་པར་བརྗོད། །ཅེས་གསུངས་པའི་ཕྱིར། དྲུག་པ་རབ་དབྱེ་ཡོད་དེ། ཕྱིན་དྲུག་རེ་རེ་ལ་ངོ་བོ་ཉིད་དང༌། རྒྱུ་དང༌། འབྲས་བུ་དང༌། ལས་དང༌། སྦྱོར་བ་དང༌། འཇུག་པ་དང་དྲུག་གི་སྒོ་ནས་རབ་ཏུ་དབྱེ་བ་དེ་ཡིན་པའི་ཕྱིར་ཏེ། རྒྱན་ལས། དོན་རྣམས་གཏོང་བར་བྱེད་པ་དང༌། །སོགས་ཚིགས་བཅད་བཅུ་གཉིས་ཀྱིས་བཤད་པའི་ཕྱིར་ཏེ། འགྲེལ་བ་ལས། རབ་ཏུ་དབྱེ་བ་བསྡུ་བའི་ཚིགས་སུ་བཅད་པ་བཅུ་གཉིས་ཏེ། སྦྱིན་པ་ལ་སོགས་པ་སོ་སོར་དོན་དྲུག་ཏུ་རབ་ཏུ་དབྱེ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདིས་བདུན་པ་བསྡུ་བ་ཡང་ཚིགས་བཅད་དུ་བགྲང་ངོ༌། །བདུན་པ་མི་མཐུན་ཕྱོགས་ཉམས་པར་བྱས་ཚུལ་ཡོད་དེ། མི་མཐུན་ཕྱོགས་ཆགས་པ་བདུན་ཅི་རིགས་ལས་གྲོལ་བའི་ཕྱིར་ཏེ། རྒྱན་ལས། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་གསུངས་པའི་ཕྱིར་དང། འགྲེལ་བ་ལས། དེ་བས་ན་ཆགས་པ་རྣམ་པ་བདུན་ལས་གྲོལ་བའི་ཕྱིར་སྦྱིན་པའི་མ་ཆགས་པ་ཉིད་ལན་བདུན་བཤད་དོ། །ཞེས་སོ ལྷག་མ་དེས་མཚུངས། བརྒྱད་པ་ཕར་ཕྱིན་གྱི་ཡོན་ཏན་རྒྱ་ཆེ་ལ་ངོ་མཚར་བ་རང་བཞིན་གྱི་དགའ་བདེ་བླ་ན་མེད་པ་ཡོད་དེ། སོ་སོའི་ཡོན་ཏན་ཚིགས་བཅད་ཉེར་གཉིས་ཀྱིས་བཤད་པའི་ཕྱིར་ཏེ། རྒྱན་ལས། སངས་རྒྱས་སྲས་རྣམས། །ཞེས་སོགས་ནས། བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། །ཅེས་པའི་བར་བྱུང་བའི་ཕྱིར། དགུ་པ་ཕར་ཕྱིན་དྲུག་ལྡན་ཕན་ཚུན་རྣམ་ངེས་ཡོད་དེ། ཕན་ཚུན་བསྡུས་པ་དང༌། རེ་རེ་ལ་དྲུག་རབ་ཏུ་དབྱེ་བ་དང༌། སྟོན་པའི་ཆོས་ཉིད་དང༌། ཕན་ཚུན་བསྐྱེད་པའི་རྒྱུ་མཚན་དེ་རྒྱུར་འགྱུར་ཚུལ་བཞིས་རྣམ་པར་ངེས་པའི་ཕྱིར་ཏེ། རྒྱན་ལས། ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ཕྱིར། །ཞེས་སོགས་ཚིགས་བཅད་གཅིག་གོ །དེ་དང་དེ་དག་གི་ཕར་ཕྱིན་ཡིན་མིན་ལ་མུ་བཞི་ཡོད་དེ། སྦྱིན་པ་ཡིན་ལ་དེའི་ཕར་ཕྱིན་མིན་པ་ནི་ལམ་མ་ཞུགས་ཀྱི་སྦྱིན་པ་ལྟ་བུ་དང༌། སྦྱིན་པའི་ཕར་ཕྱིན་ཡིན་ལ་སྦྱིན་པ་མིན་པ་ནི་སྦྱིན་པའི་ཕར་ཕྱིན་གྱི་གཙོ་སེམས་དང་ཚོར་སོགས་ལྟ་བུ་དང༌། གཉིས་ཀ་ཡིན་པ་བཞི་ལྡན་གྱི་གཏོང་བའི་སེམས་པ་ལྟ་བུ་དང༌། གཉིས་ཀ་མ་ཡིན་པ་ནི་ལམ་མ་ཞུགས་ཀྱི་སྦྱིན་སོགས་མ་ཡིན་པའི་སེམས་ལྟ་བུ། དེས་ཚུལ་ཁྲིམས་སོགས་རིགས་བསྒྲེས། སྦྱིན་པ་ལ་ཆོས་དང༌། ཟང་ཟིང་དང༌། མི་འཇིགས་པའི་སྦྱིན་པ་གསུམ། ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ། བཟོད་པ་ལ་སྡུག་བསྔལ་དང་ལེན་དང༌། ཆོས་ལ་ངེས་སེམས་དང༌། གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་གསུམ། བརྩོན་འགྲུས་ལ་གོ་ཆའི་བརྩོན་འགྲུས། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ་དང༌། བསམ་གཏན་ལ་མཐོང་ཆོས་བདེར་གནས་ཀྱི་དེ་དང༌། ཡོན་ཏན་སྒྲུབ་པའི་དེ་དང༌། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་གསུམ། ཤེས་རབ་ལ་ཀུན་རྫོབ་ཤེས་པ་དང༌། དོན་དམ་ཤེས་པ་དང༌། གནས་ལྔ་ཤེས་པའི་ཤེས་རབ་གསུམ། ཐེག་བསྡུས་དང་རྒྱན་འགྲེལ་ལས་བཤད་དོ། །

    རྩོད་སྤོང་ལ་ཁོ་ན་རེ། སངས་འཕགས་རྒྱུད་ཀྱི་ཚུལ་ཁྲིམས་ཆོས་ཅན། སྲུང་བའི་སེམས་པ་ཡིན་པར་ཐལ། ཚུལ་ཁྲིམས་ཡིན་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་བསྲུང་བའི་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་སྤོང་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། སྟོང་ཉིད་མ་རྟོགས་པའི་སེམས་དཔའ་དབང་རྟུལ་གྱི་རྒྱུད་ཀྱི་སྦྱིན་པ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་ཡིན་པར་ཐལ། སྦྱིན་པའི་གོ་སྒྲུབ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཐེག་ཆེན་སེམས་བསྐྱེད་དང་ཕྱིན་དྲུག་གིས་ཟིན་པའི་སྦྱིན་པ་ཡིན་པས་ཕར་ཕྱིན་དུ་འཇོག་པ་དེ་ཡིན་པའི་ཕྱིར་ཏེ། ཡུམ་ལས། བྱང་ཆེན་རྣམ་པ་ཐམས་ཅད་མཁྱེན་པ་436ཉིད། ནས། ཕྱི་ནང་གི་དངོས་པོ་ཡོངས་སུ་གཏོང་སྟེ། དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་མེད་རྫོགས་བྱང་དུ་མི་དམིགས་པའི་ཚུལ་གྱིས་བསྔོ་ཞིང༌། ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཐབས་མཁས་ཀྱི་ཕར་ཕྱིན་གྱི་ཚུལ་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་རྩ་བསགས་པ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཆོས་བཞི་ལྡན་ཡིན་པར་ཐལ། དེ་ལྡན་གྱི་ཆ་ནས་བཞག་པའི་སྦྱིན་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་ལྡན་པར་ཐལ། འདོད་པའི་ཕྱིར། དེ་ལ་ཁ་ཅིག་མ་ཁྱབ་སྟེ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རགས་པ་རྟོགས་པའི་བློ་དེ་འདིའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པས་ཕྱི་མ་དེར་འཇོག་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། དེ་གཉིས་ཤེར་ཕྱིན་ལྟར་སྣང་ཡིན་པར་བཤད་ཟིན་པའི་ཕྱིར། ཡང་ཁོ་ན་རེ། བྱང་སེམས་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ཆོས་ཅན། ཆོས་བཞིའི་མི་རྟོག་ཡེ་ཤེས་ཡིན་པར་ཐལ། སྲིད་མཐའ་འགོག་པའི་ཤེས་རབ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྲིད་མཐའ་འགོག་པའི་ཤེས་རབ་ལ་འཁོར་བའི་སྐྱོན་སྡུག་བསྔལ་བརྒྱད་སོགས་མཐོང་བའི་ཤེས་རབ་ཡང་ཡོད་པའི་ཕྱིར་ཏེ། དབུ་མ་སྙིང་པོ་ལས། སྐྱོན་མཐོང་ཕྱིར་ན་སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །ཞེས་གསུངས་པའི་ཕྱིར།

(436) པར་ཐེངས་གཉིས་པ། ཉིད་དང།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།