ཀུན་མཁྱེན་ཕར་ཕྱིན་ལས་སྒྲུབ་པའི་ཆེད་དུ་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 19:54:26     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 456420986936128207.jpg

    གསུམ་པ་སྒྲུབ་པའི་ཆེད་དུ་བྱ་བ་ནི། རྩ་བར། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སོགས་ཤོ་ལོ་ཀ་གཅིག་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། མདོ་ལས། བྱང་ཆེན་ཞེས་པའི་དོན་དྲིས་པའི་ལན་དུ། མདོ་ལས། རབ་འབྱོར་འདི་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་འགྱུར་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་སོགས་ཆེན་པོ་གསུམ་བཤད་པ་དེ་སྟོན་པར་འདི་བྱུང༌། སྦྱོར་བ་ནི་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཆོས་ཅན། གང་གིས་གང་གི་སྒོ་ནས་ཤེས་པར་བྱེད་ཚུལ་ཡོད་དེ། བྱང་སེམས་གང་གིས་སེམས་ཅན་ཀུན་གྱི་མཆོག་ཏུ་བྱེད་པའི་སེམས་ཆེན་པོ་དང༌། རང་དོན་སྤོང་བ་ཆེན་པོ་དང༌། གཞན་དོན་རྟོགས་པ་ཆེན་པོ་གསུམ་གྱི་སྒོ་ནས་ཤེས་པར་བྱེད་པས་ན་སེམས་དཔའ་ཆེན་པོའམ་ཆེན་པོ་སེམས་དཔའ་ཞེས་བརྗོད་པའི་ཕྱིར་ཏེ། བྷོ་དྷི་སཏྭ་བྱང་ཆུབ་སེམས་དཔའ་མ་ཧཱ་སཏྭ་ཆེན་པོ་སེམས་དཔའ་ཡིན་པའི་ཕྱིར། སཏྭ་སེམས་ཅན་སྙིང་སྟོབས་སོགས་ལ་འཇུག་པས་སེམས་དཔའ་430ཞེས་གསུངས་སོ། །མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། བྱང་སེམས་གང་གི་ཆེད་དུ་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་དེ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད་ཟེར་ན། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་གནས་སྐབས་ཀྱི་འཇུག་བྱ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་འཕགས་པའི་ས་བཅུ་གང་རུང་ཡིན་ཕྱིར། ཁྱབ་སྟེ། གནས་སྐབས་ཀྱི་ཉིང་དགོས་ཡིན་པའི་ཕྱིར་ཏེ། རྩ་བར། བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐོབ་བྱ་མཐར་ཐུག་མ་ཡིན་པའི་ཕྱིར།

(430) པར་ཐེངས་གཉིས་པ། ཞེས་བྱའོ། །

    རང་ལུགས་ལ། བྱང་སེམས་གང་གིས་ཆེད་དུ་སྒྲུབ་པ་ཉམས་ལེན་ལ་འཇུག་པའི་ཐོབ་བྱ་མཐར་ཐུག་དེ། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད། དེ་ལ་དབྱེ་ན། སེམས་ཆེན་པོ་དང༌། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་གསུམ་ཡོད། ཇི་ལྟ་ཇི་སྙེད་རྟོགས་པའི་རྣམ་མཁྱེན་དེ་དང་པོ་དང༌། ཤེས་སྒྲིབ་སྤངས་པའི་སྤངས་པ་དེ་གཉིས་པ་དང༌། སངས་རྒྱས་ཀྱི་སེམས་བསྐྱེད་སྙིང་རྗེ་ལྷག་བསམ་བྱམས་སོགས་རྣམས་རྟོགས་པ་ཆེན་པོ་ཡིན། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད།

    བཞི་པ་སྒྲུབ་པའི་ངོ་བོ་ལ། སྤྱིའི་རྣམ་བཞག་དང༌། སོ་སོའི་རང་བཞིན་བཤད་པ་གཉིས། དང་པོ་ལ་སྟོན་ཚུལ་སྒོ་ནས་གཉིས་སུ་དབྱེ་བ་དང༌། མཚན་གཞིའི་སྒོ་ནས་བཞིར་དབྱེ་བ་གཉིས། དང་པོ་ནི། འགྲེལ་བ་ལས། དེའི་ཕྱིར་རང་གི་ངོ་བོ་གང་ཡིན་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ། ཞེས་པ་ནས། རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་སྟེ། ཞེས་བྱུང༌། གཉིས་པ་སྟོན་པར། དེ་ལྟར་ཇི་ལྟ་བ་བཞིན་དུ། ནས། ངེས་པར་འབྱུང་བ་ཞེས་བྱུང༌། འདི་དག་ལ་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས། ཞེས་པ་ནས། སེམས་ཅན་ཐམས་ཅད་ཀྱང་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྦྱར་བར་བྱའོ། །ཞེས་པའི་བར་གྱི་སྒྲུབ་པའི་ངོ་བོ་གཉིས་བསྟན་པ་དེ་སྟོན་པར་འདི་བྱུང༌། གཉིས་པ་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་སྒྲུབ་པ་གཉིས་ཡོད་དེ། སྟོན་ཚུལ་སྒོ་ནས་གཉིས་ཡོད་པའི་ཕྱིར།

    མཐའ་དཔྱད་པ་ལ་ཁ་ཅིག་ན་རེ།.....རོང། མཁྱེན་གསུམ་ཡུལ་དུ་བྱས་ནས་ཐོས་བསམ་གཙོ་བོར་གྱུར་པའི་སྒྲུབ་པ་དེ། མཁྱེན་པ་ཡུལ་གྱི་སྒྲུབ་པའི་མཚན་ཉིད། སྦྱིན་སོགས་ལ་གཙོ་བོར་སྤྱོད་པའི་སྦྱོར་བ་དེ། སྦྱོར་བ་བྱེ་བྲག་གི་སྒྲུབ་པའི་མཚན་ཉིད་ཟེར། སྔ་མ་ལྟ་བའི་ཉམས་ལེན་དང་ཕྱི་མ་སྤྱོད་པའི་ཉམས་ལེན་ཡིན་ཟེར་ན། དེ་མི་འཐད་པར་ཐལ། ཐོས་བསམ་གཙོ་བོར་གྱུར་མ་གྱུར་ཡང་མི་འཐད། མཁྱེན་གསུམ་ལ་ལྟ་བ་ཁོ་ན་དང་སྦྱོར་བཞི་སྤྱོད་པ་ཁོ་ནར་བཤད་པ་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་དོན་ནི་སྦྱིན་སོགས་སྦྱོར་བས་ཉམས་སུ་མི་ལེན་པར་གཏན་ལ་འབེབས་ཙམ་ལ་བྱེད་ན་ཡང་མི་འཐད། གཏན་ལ་ཕབ་པའི་མཁྱེན་གསུམ་གྱི་ཆོས་ལ་བསམ་པས་ཡང་ཡང་འདྲིས་པར་བྱེད་པའི་སྐབས་ལ་བྱེད་ན་ཡང་མི་འཐད་པའི་ཕྱིར། དང་པོ་མ་གྲུབ་ན། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཆོས་ཅན། ལམ་མ་ཞུགས་ཀྱི་གནས་སྐབས་ཡིན་པར་ཐལ། སྦྱོར་བའི་ཉམས་ལེན་གྱི་སྐབས་ལ་མ་སླེབས་པར་གཏན་ལ་འབེབ་པའི་སྐབས་ཙམ་ཡིན་པའི་ཕྱིར། འདོད་ན། སེམས་དཔའི་སྒྲུབ་པར་བཤད་པ་དང་འགལ་ལོ། །གཉིས་པ་མ་གྲུབ་ན། སྤྱོད་པ་ཉམས་ལེན་ཡིན་པར་ཐལ། གཏན་ལ་ཕབ་པའི་དོན་བསམ་པས་ཡང་ཡང་འདྲིས་པར་བྱེད་པའི་ཕྱིར། ཁྱབ་སྟེ། རྩ་བར། ཡང་དང་ཡང་དུ་སེམས་པ་དང༌ འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་ཉེར་གཉིས་དང་གདམས་ངག་བཅུ་བཤད་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དེ་གཉིས་ཀའི་མདོ་དང་རྩ་བ་གཉིས་ཀར་ལྟ་བ་དང་ཕྱིན་དྲུག་རྒྱས་པར་བཤད་པའི་ཕྱིར། ཡང་ཁ་ཅིག་ན་རེ། མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་འགལ་ཟེར། ལ་ལ་ན་རེ། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་མཁྱེན་པ་ཡུལ་གྱི་སྒྲུབ་པའི་བྱེ་བྲག་ཡིན་པས་མི་འགལ་ཡང་དོན་མི་གཅིག་ཟེར་ན། དེ་གཉིས་ཀ་མི་འཐད་པར་ཐལ། སྟོན་ཚུལ་མི་གཅིག་པས་དོན་མི་གཅིག་མི་དགོས་པའི་ཕྱིར། དེར་ཐལ། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་ན་ཡང་ཕྱིན་དྲུག་གི་ཉམས་ལེན་གྱིས་ཟིན་པས་ཁྱབ། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་ན་ཡང་མཁྱེན་གསུམ་གང་རུང་གི་རྣམ་པ་ཡུལ་དུ་བསྒོམ་པའི་ཉམས་ལེན་གྱིས་ཟིན་པས་ཁྱབ་པའི་ཕྱིར། 431དང་པོ་གྲུབ་སྟེ། རྩ་བར། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་པའི་དོན་ཡོད་པའི་ཕྱིར་དང། རྣམ་བཤད་ལས། གོ་ཆའི་སྒྲུབ་པ་ཐོག་མར་ཐོབ་པ་ནས། ཕར་ཕྱིན་དྲུག་ལ་དམིགས་པའི་བསམ་པའི་ཉམས་ལེན། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲུབ་པའི་ཡུལ་ལ་མཁྱེན་གསུམ་གང་རུང་གི་རྣམ་པ་མེད་པའི་སྒྲུབ་པ་མེད་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་སྒྲུབ་པ་དེ། བསམ་པ་གོ་གྱོན་ཚུལ་གྱི་གོ་སྒྲུབ་དང་རྣམ་པ་ཉམས་སུ་ལེན་ཚུལ་གྱི་རྣམ་རྫོགས་སྦྱོར་བར་བཤད་པས་དེ་ལ་རྣམ་རྫོགས་སྦྱོར་བས་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ལས། བྱང་སེམས་ལམ་དུ་ཞུགས་པའི་ཐོག་མ་ཉིད་ནས་རྣམ་རྫོགས་སྦྱོར་བ་ཐོབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟ་མ་ཡིན་ན་བྱང་སེམས་ལ་རྣམ་རྫོགས་སྦྱོར་བ་མ་ཐོབ་པ་ཞིག་ཡོད་དགོས་པའི་ཕྱིར་དང༌། སྐབས་སོ་སོའི་མིང་འདོགས་འགལ་བས་དོན་ཡང་འགལ་བར་བཟུང་ན་ཕྱིན་ཅི་ལོག་གི་སྐྱོན་འོང་བའི་ཕྱིར་ཏེ། རྣམ་བཤད་ལས། དེས་ན་ཕལ་ཆེར་གྱི་སྒྲའི་བརྗོད་ཚུལ་འགལ་བ་ལ་དངོས་པོའི་གནས་ཚོད་འགལ་བར་བཟུང་ནས་འགྲེལ་པའི་དོན་ཕྱིན་ཅི་ལོག་ཏུ་རྣམ་བཞག་བྱས་སོ། །ཞེས་སོ། །

(431) པར་ཐེངས་གཉིས་པ། རྩ་བར།

    དེ་ལ་ཁ་ཅིག.....བྱང་ཡེ། ཕྱིན་དྲུག་གི་མགོ་མིག་དོད་པ་སྦྱོར་བ་བྱེ་བྲག་དང་ཕྱིན་དྲུག་གི་མགོ་མིག་མ་དོད་པའི་ཉམས་ལེན་མཁྱེན་པ་ཡུལ་གྱི་སྒྲུབ་པར་འདོད་པ་ལེགས་པར་བཀག་སྟེ། ཕྱིན་དྲུག་གི་མགོ་མིག་དོད་མ་དོད་དེའི་ཉམས་ལེན་གྱི་བསམ་པ་ཡོད་མེད་དང༌། ཕྱིན་དྲུག་ཐོབ་མ་ཐོབ་གང་ལ་བྱེད་ཀྱང་མི་འཐད་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། སྒྲ་རྟོག་གི་སེལ་བ་མ་ཤེས་པའི་རྣམ་འགྱུར་ཡིན་པའི་ཕྱིར་དང༌། དད་སོགས་ཡུལ་ལྔ་ལ་མཁས་ཙམ་དབང་པོ་རྣོ་བརྟུལ་གཉིས་ཀར་བཤད་པ་སོགས་ཀྱི་ཕྱིར་རོ། །རྣམ་བཤད་ལས། སྔོན་གྱི་ཁ་ཅིག ནས། དཔྱད་མི་བཟོད། ཅེས་གསུངས་པའི་ཕྱིར། གསེར་ཕྲེང་ལས་འདི་བྱང་ཡེའི་བཞེད་པར་བཤད་དོ། །

    རང་ལུགས་ལ། མཁྱེན་གསུམ་གང་རུང་གི་དོན་རྣམ་ཡུལ་དུ་བྱས་ནས་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་དེ། མཁྱེན་པ་ཡུལ་གྱི་སྒྲུབ་པའི་མཚན་ཉིད་ཡིན་ཏེ། ཉི་སྣང་ལས། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ནི་སྤྱིར་དཀར་པོའི་ཆོས་ཀྱི་རྟེན་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་སྦྱོར་བ་དེ། སྦྱོར་བ་བྱེ་བྲག་གི་སྒྲུབ་པའི་མཚན་ཉིད་ཡིན་ཏེ། ཉི་སྣང་ལས། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་བཞི་ལ་ནི། ཞེས་གསུངས་པའི་ཕྱིར་དང༌། རྣམ་རྫོགས་སྦྱོར་བ་སྦྱོར་བ་བྱེ་བྲག་གི་སྒྲུབ་པར་བཤད་པའི་ཕྱིར་རོ། །དེས་ན་དེ་གཉིས་ཡིན་ཁྱབ་མཉམ་ཡིན་ནོ། །ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད།

རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་པར་ཐལ། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། རྩེ་སྦྱོར་ཡིན་པའི་ཕྱིར་ཏེ། ལྔ་པ་ལས། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། མཁྱེན་གསུམ་ཡུལ་ཡིན་པར་ཐལ། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་པའི་ཕྱིར་ན་ཁ་ཅིག་གིས་མ་ཁྱབ་ཟེར་བ་འཁྲུལ། འདོད་ན། མཁྱེན་གསུམ་དངོས་ཡུལ་ཡིན་པར་ཐལ། དེ་ཡུལ་ཡིན་པའི་ཕྱིར་ན་འདིར་མ་ཁྱབ། རྟགས་གྲུབ་སྟེ། དེ་དམིགས་ཡུལ་ཡིན་པའི་ཕྱིར། མཁྱེན་གསུམ་སོགས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་མ་ཡིན་པའི་ཕྱིར་དང༌། དེ་དེའི་གཞལ་བྱ་ཙམ་ཡང་མ་ཡིན་པའི་ཕྱིར་དང༌། དམིགས་རྣམ་སོ་སོར་འཇོག་དགོས་པའི་ཕྱིར། ཡང་ཁོ་ན་རེ། སྒོམ་ལམ་གྱི་མཐར་གྱིས་སྦྱོར་བ་ཆོས་ཅན། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་པར་ཐལ། སྦྱོར་བ་བྱེ་བྲག་གི་432དེ་ཡིན་པའི་ཕྱིར། མཐར་གྱིས་སྦྱོར་བ་ཡིན་པའི་ཕྱིར་ཏེ། སྐབས་དྲུག་པར། སྦྱིན་པ་ཤེས་རབ་བར་དག་དང༌། །ཞེས་གསུངས་པའི་ཕྱིར། འདོད་ན། གོམས་པའི་མཐུ་མ་ཐོབ་བར་སྒོ་དུ་མ་ནས་སྤྱོད་པའི་སྒྲུབ་པ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། ཆོས་བཤེས་དེ་ལྟར་འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ཚིག་གསལ་ལས། གོམས་པའི་མཐུ་མ་ཐོབ་པའི་ཕྱིར་སྒོ་དུ་མ་ནས་སྤྱོད་པའི་སྒྲུབ་པ་ནི་སྐབས་དང་པོ་གསུམ་གྱི་དབང་དུ་བྱས་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཟག་མེད་རྣམ་པར་སྨིན་པའི་སྐད་ཅིག་མའི་དེ་ཆོས་ཅན། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་པར་ཐལ། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་པའི་ཕྱིར་ཏེ། སྐབས་བདུན་པ་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང༌། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། ནུས་པ་མ་ཐོབ་གོང་གི་འཇུག་སྒྲུབ་དང་ཚོགས་སྒྲུབ་དང་ངེས་འབྱུང་སྒྲུབ་པ་གསུམ་གང་རུང་ཡིན་པར་ཐལ། སྐབས་དང་པོ་གསུམ་གང་རུང་དུ་བསྟན་པའི་མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། དེ་ལ་དེ་ལྟར་དགོས་པར་ཆོས་བཤེས་ཀྱིས་བཤད་པའི་ཕྱིར་ན་ཡང་མ་ཁྱབ། རྟགས་གྲུབ་སྟེ། དེས་གོ་སྒྲུབ་ལ་མཁྱེན་པ་ཡུལ་དང་སྦྱོར་བ་བྱེ་བྲག་གི་གཉིས་ཀ་ཡོད། འཇུག་སྒྲུབ་སོགས་གསུམ་ལ་དེ་ལྟར་དགོས་པར་བཤད་པའི་ཕྱིར་ཏེ། ཚིག་གསལ་ལས། གོ་ཆའི་སྒྲུབ་པའི་སྒྲུབ་པ་གཉིས་ཀ་བསྟན་ལ་ལྷག་མ་འཇུག་པ་ལ་སོགས་པ་ནི་སྒྲུབ་པ་དང་པོའོ། །ཞེས་གསུངས་པའི་ཕྱིར་དང༌། དེའི་བཤད་ཚུལ་འཆད་པ་ན། གསེར་ཕྲེང་ལས། འོ་ན། འདིས་སྒྲུབ་པ་ཕྱི་མ་གསུམ་མཁྱེན་གསུམ་ལ་གོམས་པའི་མཐུ་མ་ཐོབ་པར་བཤད་པ་ཅི་ཞེ་ན། ཞེས་སོ། །

(432) པར་ཐེངས་གཉིས་པ། སྒྲུབ་པ་ཡིན།

                                                                                                                    རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།