ཀུན་མཁྱེན་ཕར་ཕྱིན་ལས་སྒྲུབ་པའི་དམིགས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 19:50:57     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 521286971938942575.jpg

    གཉིས་པ་ཐེག་ཆེན་སྒྲུབ་པའི་དམིགས་པ་ནི། རྩ་བར། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ནས། གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། དགེ་བའི་ཆོས་ནི་འདི་དག་ཡིན་ཏེ། ཕར་ཤེས་པ་དང༌། མར་ཤེས་པ་དང༌། ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཐུན་མོང་མིན་པའི་ཆོས། ཞེས་གསུངས་པའི་དམིགས་པ་བཅུ་གཅིག་བཤད་པ་དེ་འཆད་པར་འདི་བྱུང༌། གཉིས་པ་ནི། ཆོས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་ཐམས་ཅད་བསྡུས་ན་བཅུ་གཅིག་ཏུ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་དང༌། འཇིག་རྟེན་ལས་འདས་མ་འདས་གཉིས་དང༌། ཟག་བཅས་ཟག་མེད་གཉིས་དང་འདུས་བྱས་འདུས་མ་བྱས་གཉིས་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་དང་བཅུ་གཅིག་ཏུ་འདུ་བའི་ཕྱིར་ཏེ། མདོ་ལས། ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟད་པ་མེད་པ་དང༌། འདུས་བྱས་དང། འདུས་མ་བྱས་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དག་སྟེ། ཞེས་གསུངས་པའི་ཕྱིར།

    མཐའ་དཔྱད་པ་ལ་ཁ་ཅིག །བླང་དོར་བཏང་སྙོམས་སུ་བཞག་བྱ། ལུང་མ་བསྟན་གྱི་མཚན་ཉིད་ཟེར་ན། དེ་ཁམས་གོང་མའི་ཉོན་མོངས་རྣམས་ཆོས་ཅན། བླང་དོར་བཏང་སྙོམས་སུ་བཞག་བྱ་ཡིན་པར་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། ཁམས་གོང་མའི་སས་བསྡུས་ཡིན་ལ། ཁམས་གོང་གི་སས་བསྡུས་ཀྱི་མི་དགེ་བ་མེད་ཅིང་དགེ་བར་མི་རུང་བས་ལུང་མ་བསྟན་དུ་བྱེད་དགོས་པའི་ཕྱིར་ཏེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྤང་བྱ་ཡིན་པའི་ཕྱིར། གཞན་ཡང༌། འདོད་པའི་སས་བསྡུས་ཀྱི་འཇིག་ལྟ་མཐར་ལྟ་གཉིས་དང་མཚུངས་ལྡན་གྱི་མ་རིག་པ་ཆོས་ཅན། མཚན་ཉིད་དེར་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། དགེ་བ་ལ་དོགས་པ་མེད་མི་དགེ་བར་མི་རུང་བའི་ཕྱིར། དེར་ཐལ། སྦྱིན་སོགས་དང་མི་འགལ་བར་འཇུག་པའི་ཕྱིར་ཏེ། མཛོད་ལས། འདོད་ན་འཇིག་ཚོགས་ལྟ་བ་དང༌། །མཐར་འཛིན་ལྷན་ཅིག་མ་རིག་པ། །ཞེས་དང༌། རང་འགྲེལ་ལས། སྦྱིན་པ་ལ་སོགས་པ་དང་མི་འགལ་བའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལུང་དུ་བསྟན་པ་གང༌། རང་འབྲས་རྣམ་སྨིན་ཡིད་འོང་འབྱིན་བྱེད། དགེ་བའི་མཚན་ཉིད་ཟེར་ན། ཐུན་མོང་གི་དབང་དུ་བྱས་ནས་རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། དགེ་བ་ཡིན་པའི་ཕྱིར། དེར་ཐལ། ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཟག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་སྨིན་གྱི་རྒྱུ་ལ་དགེ་བ་ཟག་བཅས་དང་མི་དགེ་བ་གཉིས་སུ་ངེས་པའི་ཕྱིར། མཛོད་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང༌། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལུང་དུ་བསྟན་པ་གང༌། རང་འབྲས་རྣམ་སྨིན་ཡིད་མི་འོང་འབྱིན་བྱེད། མི་དགེ་བའི་མཚན་ཉིད་ཟེར་ན། སྲོག་གཅོད་ཀྱི་ལས་བྱས་མ་ཐག་གཉེན་པོ་སྟོབས་བཞི་ཚང་བས་འདག་ངེས་ཀྱི་ལས་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ལུས་ཀྱི་མི་དགེ་བ་གསུམ་གང་རུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་སྨིན་འདག་ངེས་ཀྱི་དེ་ཡིན་པའི་ཕྱིར། དེ་བཞིན་དུ་དགྲ་བཅོམ་རྒྱུད་ཀྱི་མི་དགེ་བའི་ལས་སོགས་འཕེན།

    ཡང་ཁ་ཅིག་ན་རེ། ལས་འབྲས་བདེན་པར་འཛིན་པའི་སེམས་བྱུང་དད་པ་ཡོད་ཟེར་ན། འོ་ན། དེ་ཆོས་ཅན། དགེ་བ་ཡིན་པར་ཐལ། དད་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲིབ་པ་ཡིན་པའི་ཕྱིར། ཡང་ཁ་ཅིག །ལུང་དུ་བསྟན་པ་གང། སྐྱེས་བུ་དམ་པའི་བླང་བྱར་འོས་པ་དགེ་བའི་མཚན་ཉིད་ཟེར་ན། འོ་ན། འཁོར་བར་སྐྱེ་བ་འཕེན་བྱེད་ཀྱི་དགེ་བའི་ལས་ཆོས་ཅན། མཚན་ཉིད་དེར་ཐལ། དགེ་བ་ཡིན་པའི་ཕྱིར་ཏེ། དགེ་ལས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྐྱེས་བུ་དམ་པའི་བླང་བྱར་འོས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྟོན་པས། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པ་སྟེ། སྤང་བར་བྱའོ། །ཞེས་དང༌། རྒྱུད་བླ་མ་ལས། ཤེས་བྱ་སྤང་བྱ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། སྤང་བྱ་མ་ཡིན་པར་ཐལ། བླང་བྱ་ཡིན་པའི་ཕྱིར། དེར་ཐལ། གནས་སྐབས་ཀྱི་བླང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བརྒྱ་བ་ལས། ཡུལ་ན་དགེ་བས་ཡིད་འོང་ན། །ཡུལ་དེའང་ངན་པར་བརྩི་བ་ཡིན། །གང་ཞིག་བཏང་422བ་ཤེས་གྱུར་པ དེ་གྲུབ་པ་ཡི་ཅི་ཞིག་དགོས། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འཁོར་བའི་རྒྱུའི་ལས་ཉོན་གང་རུང་ཡིན་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། མ་འོངས་པ་ཡི་འབྲས་མཐོང་ནས། །ཆོས་འདོད་ཆགས་པས་ཁྱོད་ཆགས་ན། མ་འོངས་མཐའ་ཉིད་མངོན་གྱུར་ནས། །འཇིགས་པ་མེད་དམ་ཅི་ཞིག་བྱེད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། འཁོར་བའི་རྒྱུ་དགེ་བ་ཡང་སྤངས་ན་མི་དགེ་བ་ལྟ་ཅི་སྨོས་པའི་ཕྱིར་ཏེ། བརྒྱ་པ་ལས། གང་དག་དགེ་བའང་མི་འདོད་པ། །དེ་དག་མི་དགེ་ཇི་ལྟར་བྱེད། །ཅེས་དང༌། དེའི་འགྲེལ་བ་ལས། རང་དང་གཞན་གྱི་བདེ་བ་འབྱུང་བའི་རྒྱུ་ཡིན་པའིི་ཕྱིར། བསོད་ནམས་ཀྱི་བྱ་བ་མཆོག་ཡིན་ན་གང་དག་འཁོར་བའི་རྒྱུ་ཡིན་པ་ཉིད་ཕྱིར་མི་འདོད་པ་དེ་དག ཅེས་གསུངས་པའི་ཕྱིར།

(422) པར་ཐེངས་གཉིས་པ། བས།

    རང་ལུགས་ལ། རང་འབྲས་ཡིད་འོང་འབྱིན་བྱེད་ཡིན་པའི་ཆ་ནས་ལུང་བསྟན་པར་བཞག་པའི་ཆོས། དགེ་བའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། ཇི་ལྟར་ན་དགེ་བ་ཡིན། ཞེས་པ་ནས། ངོ་བོ་ཉིད་དང༌། འབྲེལ་བ་དང༌། རྗེས་སུ་འབྲེལ་བ་དང༌། སློང་བ་དང༌། ཞེས་གསུངས་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། ངོ་བོ་ཉིད་ཀྱི་དེ། འབྲེལ་བའི་དེ། རྗེས་འབྲེལ་གྱི་དེ། སློང་བའི་དགེ་བ་བཞི་ཡོད་པའི་ཕྱིར། དད་སོགས་ངོ་བོ་ཉིད་ཀྱི་དགེ་བ་བཅུ་གཅིག་དང༌། འབྲེལ་བའི་དགེ་བ་དད་སོགས་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་རྣམས་ཡིན། རྗེས་འབྲེལ་གྱི་དགེ་བ་ནི་དགེ་བ་སྐྱེ་རུང་གི་ས་བོན་ཡིན། སློང་བའི་དགེ་བ་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དགེ་བ་རྣམས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དག་མཚུངས་ལྡན་སོགས་གཞན་ལ་མི་ལྟོས་པར་བྱུང་ཙམ་ནས་དགེ་བའི་རང་བཞིན་དུ་འབྱུང་བའི་ཕྱིར་ཏེ། མཛོད་ལས། རྩ་བ། །ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱི། །ཞེས་དང༌། ཀུན་བཏུས་ལས། ངོ་བོ་ཉིད་ཀྱི་དགེ་བ་གང་ཞེ་ན། དད་པ་ལ་སོགས་པ་སེམས་ལས་བྱུང་བའི་ཆོས་བཅུ་གཅིག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དད་སོགས་གཞན་དང་མཚུངས་ལྡན་གྱི་འབྲེལ་བའི་དབང་གིས་དགེ་བ་ཡིན་པའི་ཕྱིར་ཏེ། མཛོད་ལས། དེ་དག་དང་ལྡན་མཚུངས་ལྡན་གྱི། །ཞེས་དང༌། ཀུན་བཏུས་ལས། འབྲེལ་བའི་དགེ་བ་གང་ཞེ་ན། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དགེ་བའི་ས་བོན་ཡང་རྣམ་སྨིན་ཡིད་འོང་འབྱིན་བྱེད་ཡིན་པའི་ཕྱིར་ཏེ། དཔེར་ན། བཅུ་པ་སྲིད་པའི་དགེ་བ་བཞིན། ཀུན་བཏུས་ལས། རྗེས་སུ་འབྲེལ་བའི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། དེ་ཀུན་སློང་དགེ་བས་བསྐྱེད་པའི་ལས་དང་སེམས་གང་རུང་ཡིན་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་འོ། །ཞེས་དང༌། མཛོད་ལས། བྱ་བ་ལ་སོགས་ཀུན་སློང་བས། །ཞེས་དང༌། ཀུན་བཏུས་ལས། སློང་བའི་དགེ་བ་གང་ཞེ་ན། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་སོ། །ཞེས་གསུངས་པའི་ཕྱིར།

    རང་འབྲས་ཡིད་མི་འོང་འབྱིན་པའི་ཆ་ནས་ལུང་དུ་བསྟན་པར་བཞག་པའི་ཆོས། མི་དགེ་བའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། ཇི་ལྟར་ན་མི་དགེ་བ་ཡིན། ནས། བར་དུ་གཅོད་པས་ཀྱང་མི་དགེ་བར་བལྟའོ། །ཞེས་གསུངས་པའི་ཕྱིར། དབྱེ་ན་ངོ་བོ་ཉིད་ཀྱི་དང༌། འབྲེལ་བའི་དང༌། རྗེས་འབྲེལ་གྱི་དང༌། སློང་བའི་མི་དགེ་བ་དང་བཞི་ཡོད་དེ། མི་དགེ་བའི་རྩ་བ་གསུམ་དང་ངོ་ཚ་མེད་པ་ཁྲེལ་མེད་པ་རྣམས་ངོ་བོ་ཉིད་ཀྱི་མི་དགེ་བ་དང༌། དེ་དག་དང་མཚུངས་ལྡན་གྱི་སེམས་སོགས་འབྲེལ་བའི་མི་དགེ་བ་དང༌། དེ་དག་གི་ས་བོན་རྗེས་འབྲེལ་གྱི་དེ་དང༌། དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ནི་སློང་བའི་མི་དགེ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཛོད་འགྲེལ་ལས། མི་དགེ་བའི་རྩ་བ་དང༌། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་རྣམས་ནི་ངོ་བོ་ཉིད་ཀྱིས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀུན་བཏུས་ལས། འབྲེལ་བའི་མི་དགེ་བ་གང་ཞེ་ན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ཉིད་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཀུན་བཏུས་ལས། རྗེས་སུ་འབྲེལ་བའི་མི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་སོ ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་དང༌། ཀུན་བཏུས་ལས། སློང་བའི་མི་དགེ་བ་གང་ཞེ་ན། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་སོ། །ཞེས་གསུངས་པའི་ཕྱིར། ལུང་དུ་བསྟན་མ་བསྟན་གྱི་དོན་རྣམ་སྨིན་ལ་ལྟོས་ནས་ཡིན་ཏེ། མཛོད་འགྲེལ་ལས། གང་ཞིག་རྣམ་པར་སྨིན་པའི་ཕྱིར་423ལུང་དུ་མ་བསྟན་པ་དེ་ནི་ལུང་དུ་མ་བསྟན་པ་ཞེས་བྱ་ལ། ཞེས་གསུངས་པའི་ཕྱིར། རྣམ་སྨིན་ལ་ལྟོས་ནས་དགེ་མི་དགེ་གང་རུང་དུ་མ་གྲུབ་པའི་ཆ་ནས་བཏང་སྙོམས་སུ་བཞག་པའི་ཆོས། ལུང་མ་བསྟན་གྱི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། ཇི་ལྟར་ན་ལུང་མ་བསྟན་ཡིན། ནས། རྒྱུ་མཐུན་པས་ཀྱང་ལུང་དུ་མ་བསྟན་པར། ཞེས་གསུངས་པའི་ཕྱིར། དབྱེ་ན། ངོ་བོ་ཉིད་ཀྱི་དེ། འབྲེལ་བའི་དེ། རྗེས་འབྲེལ་གྱི་དེ། སློང་བའི་དེ་དང་བཞི་ཡོད་དེ། དང་པོ་ནི། རྣམ་སྨིན་གྱི་ཁམས་དང་སྐྱེ་མཆེད་བརྒྱད་སོགས་དང༌། གཉིས་པ་ནི། དགེ་མི་དགེ་གང་རུང་མ་ཡིན་པའི་སེམས་དང་སེམས་བྱུང་རྣམས་དང༌། གསུམ་པ་ནི། སེམས་དེའི་ས་བོན་བཞག་པ་དང༌། བཞི་པ་ནི། སེམས་ལུང་མ་བསྟན་གྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་རྣམས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། ངོ་བོ་ཉིད་ཀྱི་ལུང་མ་བསྟན་གང་ཞེ་ན། ཁམས་དང་སྐྱེ་མཆེད་གཟུགས་ཅན་བརྒྱད་དང༌། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀུན་བཏུས་ལས། སྡང་བ་ཡང་མ་ཡིན། དང་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པའི་མིང་དང་ཚིག་དང་ཡི་གེ་དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་སེམས་བྱུང་ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཀུན་བཏུས་ལས། དེ་དག་ཉིད་ཀྱིས་བཞག་བའི་བག་ཆགས་སོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ཀུན་བཏུས་ལས། དེ་དག་ཉིད་ཀྱིས་ཡོངས་སུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་ཀུན་ནས་བསླངས་པའི་ལུས་དང་ངག་གི་ལས་སོ། །ཞེས་གསུངས་པའི་ཕྱིར།

(423) པར་ཐེངས་གཉིས་པ། ལུང་དུ་མ་བསྟན་པ་ཞེས་བྱ་ལ།

    རྩོད་སྤོང་ལ་ཁོ་ན་རེ། ངོ་བོ་ཉིད་སྐུ་ཆོས་ཅན། དགེ་བ་ཡིན་པར་ཐལ། དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མཛོད་ལས། ཐར་པ། །དམ་པའི་དོན་དུ་དགེ །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དངོས་པོ་མ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། འཁོར་བ་ཆོས་ཅན། མི་དགེ་བར་ཐལ། དོན་དམ་པའི་མི་དགེ་བ་ཡིན་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། དགེ་བ་ཡིན་པའི་ཕྱིར། དེར་ཐལ། གཉེན་པོའི་དགེ་བ་ཡིན་པའི་ཕྱིར་ཏེ། གཉེན་པོ་བཞི་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། གཉེན་པོའི་དགེ་བ་གང་ཞེ་ན། རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། སྤོང་བའི་གཉེན་པོ་དང༌། གཞིའི་གཉེན་པོ་དང༌། ཐག་བསྲིངས་པའི་གཉེན་པོ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། རང་འབྲས་རྣམ་སྨིན་ཡིད་འོང་འབྱིན་པར་ཐལ། རང་འབྲས་རྣམ་སྨིན་ཡིད་འོང་འབྱིན་པའི་ཆ་ནས་ལུང་དུ་བསྟན་པར་བཞག་པའི་ཕྱིར་ན་མ་ཁྱབ་སྟེ། དེས་གཞན་གཉིས་ཀྱི་ཞིབ་ཆ་གྱིས། རྒྱན་སྣང་ལས། ཆོས་ཀྱི་དབྱིངས་རྟག་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ནི་དམིགས་པ་ཡིན་ནོ། །ཞེས་པའི་དོན་ལ་ཁ་ཅིག་ན་རེ། སེམས་ཙམ་པས་མཉམ་བཞག་གི་ཡུལ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་མངོན་སུམ་དུ་རྟོགས་པར་འདོད་པ་དབུ་མ་བས་འགོག་པ་ཡིན་ཟེར་ན། འོ་ན། སེམས་ཙམ་པས་གཞན་དབང་ལ་དམིགས་ནས་རྫས་ཐ་དད་ཀྱིས་སྟོང་པ་མངོན་སུམ་དུ་རྟོགས་པའི་རྣམ་འབྱོར་མངོན་སུམ་ཁས་མི་ལེན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བཤད་ཟིན་ལྟར་སྦྱོར་ལམ་བཟོད་པའི་དུས་ཕྱོགས་གཅིག་གི་ཏིང་ངེ་འཛིན་དང༌། ཆོས་མཆོག་གི་དུས་མཉམ་བཞག་ཤེས་པའི་སྣང་བ་ཡང་རགས་པ་ཀུན་ནུབ་ལ། མཐོང་ལམ་དུས་ཡེ་ཤེས་ཀྱི་སྣང་བ་འགགས་ནས་སྟོང་ཉིད་ཀྱི་སྣང་བ་ཁོ་ནར་ཞུགས་པའི་ཕྱིར། དེར་ཐལ། དེ་ལྟར་སྟོང་ཉིད་ལ་ཞུགས་པར་ཐོགས་མེད་སྐུ་མཆེད་སོགས་བཞེད་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་གི་སྐབས་སུ་ཡང༌། ཉན་ས་ལས། དེའི་སེམས་དེ་རབ་ཏུ་ཞི་ཞིང་མེད་པ་ལྟ་བུ་སྣང་མོད་ཀྱི་དེ་མེད་པ་ཡང་མ་ཡིན་ནོ། །ཞེས་དང༌། ཀུན་བཏུས་སུ་མདོ་དྲངས་པ་ལས། དེ་ལྟར་ནང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་དག་དམིགས་མེད་རིགས་པར་བྱ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ་དང་པོས་རྩེ་མོ། །གཉིས་པས་བཟོད་པ། གསུམ་པས་ཆོས་མཆོག བཞི་པས་དམིགས་མེད་མཐོང་ལམ་ལ་བྱེད་པའི་ཕྱིར་ཏེ། དབུས་མཐའ་ལས། །དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་དང༌། འགྲེལ་བར། རྣམ་པར་རིག་པ་ཙམ་ལ་བརྟེན་ནས་དོན་མི་དམིགས་པར་རབ་ཏུ་སྐྱེ། དོན་མི་དམིགས་པ་ལས་རྣམ་པར་རིགས་པ་ཙམ་ཡང་མི་དམིགས་པ་སྐྱེ་སྟེ། ཞེས་གསུངས་པའི་ཕྱིར་དང༌། སྦྱོར་ལམ་བཞིའི་སྣང་ཚུལ་ཡིན་པའི་ཕྱིར། དེར་ཐལ། དེའི་འོག་ཏུ་མཐོང་ལམ་ནི་ཡུལ་ཡུལ་ཅན་གྱི་ཡེ་ཤེས་གཉིས་དམིགས་མེད་དུ་མཉམ་པ་དེ་ཡིན་པའི་ཕྱིར་ཏེ། དབུས་མཐའ་ལས། དེ་ལྟ་བས་ན་དམིགས་པ་དང༌ མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་དང༌། དེའི་འགྲེལ་བཤད་དུ་བློ་བརྟན་གྱིས། འདི་ལྟར་དམིགས་པ་ནི་མི་དམིགས་པའི་ངོ་བོ་ཉིད་དུ་གྱུར་ཏེ་དེའི་ཕྱིར་མཉམ་མོ། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས། དེ་ལྟ་བུར་འདོད་པའི་སེམས་ཙམ་པའི་ཤིང་རྟ་ཆེན་པོ་སུ་ཡང་མེད་པའི་ཕྱིར་དང༌། ཞེས་སོ། །

    ཡང་ཁ་ཅིག་ན་རེ། མཉམ་བཞག་གི་གནས་སྐབས་སུ་ཞི་བ་ལྷ་དང་ཨ་བྷྱ་སོགས་ཀུན་རྫོབ་མི་སྣང་བར་འདོད། འཕགས་སེང་མཉམ་བཞག་424ལ་ཀུན་རྫོབ་དེ་སྒྱུ་མ་ལྟ་བུར་སྣང་ཟེར། འོ་ན། བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་ལྟར་སྣང་སྟོན་པར་ལུང་བསྟན་པ་དེ་ནན་གྱིས་ཁས་ལེན་རིགས་པར་ཐལ། ཤེར་ཕྱིན་གཙོ་བོ་འཕགས་པ་སློབ་པའི་མཉམ་བཞག་གི་ངོ་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཀུན་སྣང་བར་འབད་ནས་བསྒྲུབ་པའི་ཕྱིར། ཁྱབ་སྟེ། དེ་ཤེར་ཕྱིན་ལྟར་སྣང་ལ་སྤྱོད་ཚུལ་སྟོན་པས་ལུང་བསྟན་པའི་ཕྱིར་ཏེ། འཕགས་པའི་མདོ་ཀུན་བཏུས་དང་དབུ་མ་སྣང་བ་གཉིས་ཀར་ཤེར་མདོ་དྲངས་པ་ལས། དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ཏེ། གཟུགས་མི་རྟག་ཅེས་བྱ་བར་ཉེ་བར་སྟོན་ཏོ། །ཞེས་པ་ནས། གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །ཞེས་ཉེ་བར་བསྟན་ཏོ། །ཀོའུ་ཤི་ཀ།།འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་རུང་བ་དང་ཁྱབ་པ་གྲུབ་པར་ཐལ། ཤེར་ཕྱིན་ལྟར་སྣང་མ་ཡིན་པར་རྣལ་མ་སྤྱོད་ན་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཀྱི་བདེན་པར་འདའ་བ་མི་དམིགས་ཤིང་ཆོས་གང་ལའང་བདེན་པར་གནས་པ་མེད་པས་བདེན་པར་མི་གནས་པར་སྟོང་ཉིད་ཙམ་བསྒོམ་པ་དེ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་རིགས་ཤེས་ཀྱིས་བཙལ་ན་མི་དམིགས་པའི་སྟོང་ཉིད་དེ་བསྒོམ་པའི་ཕྱིར་ཏེ། མདོ་ཀུན་བཏུས་དང་དབུ་མ་སྣང་བ་གཉིས་ཀར་དྲངས་པའི་ཤེར་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལས་ཀྱང་ཡང་དག་པར་འདའ་བར་མི་བྱེད་ལ་ཆོས་གང་ལ་ཡང་མ་གནས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ལས་ཡང་དག་པར་འདའ་བར་བྱ་བའམ་གང་ལ་གནས་པར་བྱ་བའི་ཆོས་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །425གང་ངོ་བོ་ཉིད་ཀྱིས་སྟོང་པ་དེ་ནི་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་སྐད་དུ། འཕགས་པས་ཀྱང༌། རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་སུ་མེད་པ་ནི་དངོས་པོ་མེད་པའོ། །ཞེས་འཆད་པར་འགྱུར། ཞེས་གསུངས་པའི་ཕྱིར་དང༌། ལུང་སྔ་ཕྱིའི་དངོས་པོ་མེད་པ་བདེན་མེད་ཀྱི་དོན་ཡིན་པའི་ཕྱིར་རོ། །སྔར་རྒྱ་ཆེར་བཤད་ཟིན་པས་སྤྲོ་སླ། གཞན་ཡང༌། སེམས་ཙམ་པས་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་ཆོས་དབྱིངས་དང་ཡེ་ཤེས་ཁོ་ནར་དམིགས་པར་འདོད་པ་མི་འཐད་པར་ཐལ། དེས་བདེན་བཞི་སོགས་ཆོས་ཐམས་ཅད་ལ་དམིགས་ནས་དེ་གཟུང་འཛིན་གཉིས་མེད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། དེར་ཐལ། དེ་བདེན་བཞི་ཆོས་བདག་ཏུ་འཛིན་པའི་སྒྲོ་འདོགས་དང་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར། དཔེར་ན་མི་རྟག་སོགས་རྟོགས་པའི་ཡེ་ཤེས་བཅུ་དྲུག་དང་ལོག་འཛིན་བཅུ་དྲུག་བཞིན་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། བདེན་པ་བཞི་ལ་བརྟེན་པ་དང༌། །བདེ་དང་ང་དང་426ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བདེན་པ་བཞི་ལ་ཞེས་པས་ལོག་འཛིན་དང་ཡེ་ཤེས་གཉིས་ཀའི་དམིགས་པ་བསྟན་ཅིང༌། བརྟེན་པ་སོགས་ཀྱིས་ལོག་འཛིན་གྱི་རྣམ་པ་དང༌། དེ་ཉིད་ལ་ནི་དེ་འགལ་སོགས་ཀྱིས་དེ་དང་རྣམ་པ་འགལ་བའི་ཡེ་ཤེས་བསྟན་པའི་ཕྱིར། དེ་བཞིན་དུ། འདི་ཡུལ་སུན་ཕྱུང༌། སོགས་དང༌། དང་པོའི་རྣམ་འགྲེལ་ལས། འདིར་ནི་སྒྲོ་འདོགས་དབེན་པ་ལ། །སོགས་དང༌། དུ་མས་བསྟན་པའི་ཕྱིར་ཏེ། རྣམ་བཤད་ལས། སྡེ་བདུན་དུ་རྣམ་རིག་པའི་འདོད་པ་འཆད་པ་ན་དངོས་ཀྱི་གནོད་བྱེད་དང༌། གནོད་བྱ་སྒྲོ་འདོགས་གཉིས་གཞི་དམིགས་པ་མཚུངས་པར་ལན་གཅིག་མ་ཡིན་པར་སྒྲུབ། ཅེས་གསུངས་པའི་ཕྱིར།

(424) པར་ཐེངས་གཉིས་པ། ལ་མི་འདུག

(425) པར་ཐེངས་གཉིས་པ། གང་སྟོང་པ་ཉིད།

(426) པར་ཐེངས་གཉིས་པ། དེའི།

    རང་ལུགས་ལ། གཉིས་སྟོང་གི་ཆོས་དབྱིངས་མངོན་སུམ་དུ་གཟིགས་ནས་དམིགས་པར་འདོད་དེ། འཛིན་སྟངས་སུ་བྱས་ནས་དམིགས་པས་སྒྲིབ་པ་སྤོང་ཚུལ་དཔྱོད་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་གཟིགས་ནས་དམིགས་པ་མི་འགོག་ཀྱང་བདེན་གྲུབ་འགོག་པའི་ཕྱིར། དེར་ཐལ། དེ་བདེན་གྲུབ་ཡིན་ན་དྲི་བཅས་སུ་བདེན་གྲུབ་ཡང་མི་འཐད། དྲི་མེད་དུ་བདེན་གྲུབ་ཀྱང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་པར་གྲུབ་ན་གནས་ལུགས་སུ་གྲུབ་དགོས། གནས་ལུགས་སུ་གྲུབ་ན་རྐྱེན་གཞན་གྱིས་བསྒྱུར་མི་རུང་བས་ཁྱབ་པའི་ཕྱིར་ཏེ། རྩ་ཤེ་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་འགྱུར་བའི་ཕྱིར། གཉིས་པ་ལ་ཡང་དེའི་ཕྱིར་ཏེ། དེ་སྐད་དུ། ཉི་སྣང་ལས། གང་དག་ཆོས་ཀྱི་དབྱིངས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་དམིགས་པའི་དག་པ་གོང་ནས་གོང་དུ་427འགྲོ་བ་ཇི་ལྟར་ཡིན་ཞེས་བྱ་བ་བརྗོད་དགོས་སོ། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས། དེ་ལ་དམིགས་པའི་གཞི་གཞན་དབང་དང་ཆོས་འགྱུར་མེད་ཡོངས་གྲུབ་བདེན་པར་གྲུབ་པར་ཞལ་གྱིས་བཞེས་པ་ལ་དབུ་མ་པས་དགག་པ་མཛད། ཅེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་དག་ཚུལ་བརྗོད་དུ་ཡོད་དེ། ཆུ་ཁམས་རང་བཞིན་གྱིས་དག་པ་ལ་རྡུལ་དང༌། གསེར་རང་བཞིན་གྱི་དག་པ་ལ་གཡའ་དང༌། ནམ་མཁའ་སྤྲིན་གྱིས་སྒྲིབ་པ་བཞིན་དུ་རང་བཞིན་དག་པ་དྲི་མ་གློ་བུར་བས་ཇེ་དག་ཇེ་དག་ཏུ་འགྲོ་བར་ཐེག་བསྡུས་ལྟར་འདོད་པའི་ཕྱིར་ཟེར་ཏེ། ཉི་སྣང་ལས། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ནོ་ཞེ་ན། ཞེས་གསུངས་པའི་ཕྱིར། འོ་ན། མི་མཐུན་ཕྱོགས་ཆོས་ཀྱི་བདག་འཛིན་དང་གཉེན་པོ་བར་ཆད་མེད་ལམ་གཉིས་བདེན་གྲུབ་ཀྱིས་སོ་སོར་གྲུབ་པར་ཐལ། སྤང་བྱ་བདེན་གྲུབ་དག་ཚུལ་དེ་ལྟར་ཡིན་པ་དེའི་ཕྱིར། འདོད་ན། དེ་གཉིས་ཀྱི་གཉེན་པོས་སྤང་བྱ་སྤོང་མི་རུང་བར་ཐལ། དེ་གཉིས་བདེན་གྲུབ་ཀྱིས་སོ་སོར་གྲུབ་པའི་ཕྱིར། ཁྱབ་སྟེ། བདེན་གྲུབ་ཀྱིས་སོ་སོར་གྲུབ་ན་གནས་ལུགས་ཀྱིས་སོ་སོར་གྲུབ་དགོས། གནས་ལུགས་ཀྱིས་སོ་སོར་གྲུབ་ན་ནམ་མཁས་ནམ་མཁའ་ལ་གླགས་མི་རྙེད་པའི་ཕྱིར། འདོད་ན། རང་བཞིན་གྱིས་དག་པ་ཕྱོགས་གཅིག་པ་ཁོ་ནར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། རྣམ་དག་ཤིན་ཏུ་བ་མི་རུང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉི་སྣང་ལས། དེ་ལྟ་ན་ནི་འོ་ན་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤོང་བ་མེད་པས་དག་པ་ཕྱོགས་གཅིག་པར་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས། དེས་ན་མཉམ་བཞག་ཡེ་ཤེས་ཀྱིས་གཞལ་བྱ། ནས། ཤིན་ཏུ་རྣམ་པར་དག་པ་ཁས་བླང་དུ་མེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།

(427) པར་ཐེངས་གཉིས་པ། ཁྱད་པར་དུ།

    དེ་ལ་ཁོ་ན་རེ། འོ་ན། ཁྱེད་རང་དབུ་མ་བ་ལ་ཡང་མཉམ་བཞག་ཡེ་ཤེས་ཀྱིས་འཛིན་སྟངས་ཀྱི་ཡུལ་ཆོས་ཉིད་ཡོངས་གྲུབ་ཡིན་པར་ཐལ། མདོ་ལས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་མེད་དོ། །ཞེས་གསུངས་པའི་ཕྱིར་དང༌། དམིགས་མེད་དེ་དེ་བཞིན་ཉིད་ཀྱི་མིང་ཡིན་པ་མཐུན་གྲུབ་དེའི་ཕྱིར། འོ་ན། མྱུ་གུ་སོགས་བདེན་སྟོང་ཆོས་ཅན། བདེན་པར་གྲུབ་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོ་བོར་ཡོད་པའི་ཕྱིར། འདོད་ན། སྔར་བཤད་པའི་ཉེས་པ་ཁྱོད་ལའང་ཡོད་པར་ཐལ་ལོ། །ཇི་སྐད་དུ། ཉི་སྣང་ལས། རབ་འབྱོར། ནས། ཞེས་428བྱུང་བས་ཁྱོད་ཀྱི་ཕྱོགས་ལ་ཡང་དམིགས་པ་དག་པའི་མཐར་ཐུག་པར་མི་འགྱུར་བ་མ་ཡིན་ནམ། ཞེས་གསུངས་པའི་ཕྱིར་དང༌། རྒྱན་སྣང་ལས། ཁྱེད་ཀྱི་ཕྱོགས་ལྟར་ན་ཡང༌། རབ་འབྱོར། ནས། ཞེས་གསུངས་པས་དམིགས་པའི་མཐར་ཐུག་པ་ཇི་ལྟ་བུ་ཡིན་ཞེ་ན། ཞེས་གསུངས་པའི་ཕྱིར་ཞེ་ན། ཁོ་བོ་ཅག་ལ་སྐྱོན་དེ་མེད་པར་ཐལ། དངོས་པོ་བདེན་གྲུབ་ཀྱང་མེད། ཆོས་ཉིད་བདེན་གྲུབ་ཀྱང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། རིགས་པའི་རྗེས་འབྲངས་ཀྱི་དངོས་པོ་མེད་པའི་ཕྱིར། འགྲེལ་ཆེན་ལས། གང་གི་ཕྱིར་རིགས་པའི་རྗེས་སུ་འགྲོ་བའི་དངོས་པོ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མྱུག་སོགས་བདེན་སྟོང་རིགས་ངོར་ཡོད་ཀྱང་བདེན་གྲུབ་ཏུ་ཁས་ལེན་མི་དགོས་པའི་ཕྱིར། དེར་ཐལ། མྱུག་སོགས་བདེན་གྲུབ་བཀག་པའི་བདེན་སྟོང་ཡང་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཏེ། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་ནི་ཐ་སྙད་པའི་ཚད་མའི་ངོ་བོར་གྲུབ་ཙམ་ཡིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཐ་སྙད་དུ་གྲུབ་ཙམ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། ཆོས་རྣམས་འཁྲུལ་བ་ཙམ་ཉིད་ཡིན་པའི་ཕྱིར་ཏེ། རབ་འབྱོར་གཉིས་ནི་དངོས་པོའོ། །གཉིས་སུ་མེད་པ་ནི་དངོས་པོ་མེད་པའོ། །ཞེས་འཆད་པར་འགྱུར་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མཉམ་བཞག་ཡེ་ཤེས་ཀྱི་ཡུལ་སྟོང་ཉིད་ཀྱང་ཡང་དག་ཀུན་རྫོབ་རིགས་ཤེས་ཀྱི་ངོར་གྲུབ་པ་ཙམ་ཡིན་པས་བདེན་གྲུབ་མི་དགོས་པའི་ཕྱིར་ཏེ། རྒྱན་སྣང་ལས། དངོས་པོ་མེད་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་བརྗོད་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་དངོས་པོ་མེད་པ་སྟོང་ཉིད་དང༌། དེ་རྟོགས་པའི་རིགས་ཤེས་རྟོག་བཅས་རྟོག་བྲལ་རྣམས་ཡང་དག་ཀུན་རྫོབ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། རིགས་ཤེས་རྟོག་བཅས་རྟོག་མེད་ཀྱང་དོན་དམ་པ་ཡིན་པར་འདོད་ཀྱང་ཡང་དག་ཀུན་རྫོབ་ཏུ་འདོད་ཀྱི་བདེན་པར་གྲུབ་པར་མི་འདོད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཕགས་པས་ཀྱང༌། ཡང་དག་ཀུན་རྫོབ་རིགས་ཤེས་དེ་གཉིས་ཀུན་རྫོབ་ཀྱི་གཉིས་སྣང་ཡིན་ཀྱང་གཟུང་འཛིན་གཉིས་སུ་འཁྲུལ་བ་མིན། ཞེས་སོ་སོར་བཤད་པའི་ཕྱིར་དང། ཉི་སྣང་ལས། མངོན་པར་ཞེན་པ་ནི་གཉིས་ཀྱི་མཚན་ཉིན་ཡིན་གྱི། འཁྲུལ་པ་མ་ཡིན་ཏེ། དེ་ལ་ནི་གཟུང་བ་དང་འཛིན་པའི་རང་བཞིན་དུ་མི་བརྗོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

(428) པར་ཐེངས་གཉིས་པ། འབྱུང།

    དེ་ན་དབུ་མ་བའི་ལུགས་ལ་ཆོས་ཀྱི་དབྱིངས་ལ་དམིགས་པ་རྣམ་དག་མཐར་ཐུག་པར་འགྲོ་བའང་འཐད་པར་ཐལ། རང་བཞིན་གཙོ་བོར་འཛིན་སྟངས་སུ་བྱས་ནས་བསྒོམ་པས་འཕགས་ཆོས་ཀྱི་རིགས་དང་སྒྲུབ་པའི་རྟེན་བྱེད་ཚུལ་ཡིན། དེའི་རྣམ་འགྱུར་རམ། ཁྱད་པར་ཆོས་དབྱིངས་བདེན་མེད་གཙོ་བོར་སྒོམ་དུས་ཆོས་དབྱིངས་སྒྲོ་འདོགས་གཅོད་གཞིའི་དམིགས་པར་བྱེད་པའི་ཕྱིར་ཏེ། ཉི་སྣང་ལས། རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ་རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། ནས། འཐད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདི་སེམས་ཙམ་པའི་རིགས་ལས་ཁྱད་པར་དུ་འབྱེད་པའི་འཕགས་གྲོལ་ཞབས་ཀྱི་ལེགས་བཤད་ཡིན་ཀྱང་མང་པོས་མ་ཁྲོལ་བ་ལེགས་པར་བཤད་པ་ཉུང་ངུས་ལུང་རིགས་སྤྲད་ཡོད་པས། རང་གཞན་ལེགས་བཤད་ལ་དགའ་བ་རྣམས་ལ་མཆོད་པ་ཡིན་ནོ 

 

སྨྲས་པ།

འཕགས་སེང་གཅིག་ཏུ་གྱུར་རམ་ཡང་ན་རྗེ་ཡབ་སྲས། །

ལྷན་ཅིག་ཡང་ཡང་དཔྱད་པས་མ་ལུས་མཁས་རྣམས་ཡིད། །

བཀུགས་བཞིན་ཆགས་བཞིན་དད་བཞིན་འདུན་བཞིན་སྐལ་ལྡན་ཚོགས། །

བསྟོད་བཞིན་དགྱེས་བཞིན་ངོ་མཚར་ཕུལ་བྱུང་ལྟ་བུར་གླེང༌། །

    རིན་ཆེན་རི་མོ་གྱ་གྱུ་མང་ལ་མཚར། །མཁས་རྣམས་དོན་དམ་དམིགས་པ་ཀུན་བྲལ་ཡང༌། །ཀུན་རྫོབ་སྒྱུ་མའི་རོལ་པ་མི་འཆར་པའི། །བདེན་མིན་རྫུན་མིན་ཡ་མཚན་རྟག་ཏུ་སྒྲོགས། །ཀུན་འབྱུང་སྒྱུ་མས་སྤྲུལ་པའི་སྡུག་བདེན་ཚོགས། །སྲིད་429པའི་འབྱོར་རྒུད་མཛེས་སྡུག་ཆུའི་གཉེར་མ མི་ཟིན་དོན་ཆུང་ཀུན་སྤངས་ཤེར་ཕྱིན་གྱི། །རྣམ་སད་ལོངས་སྤྱོད་རྫོགས་པ་རྟག་རོལ་ཀྱེ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

(429) པར་ཐེངས་གཉིས་པ། ཞིའི།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།