ཀུན་མཁྱེན་ཕར་ཕྱིན་ལས་དགོངས་ལྡེམ་དགོངས་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 19:48:17     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

358131054518963745.jpg

    གསུམ་པ་ནི། འགྲེལ་བ་ལས། དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་གཞུག་པ་ལ་སོགས་པ་ལ་ལྡེམ་པོར་དགོངས་པའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་མཚན་ཉིད་ཀྱིས་གཞན་གྱི་དོན་གྱི་གོ་རིམ་གྱིས་ཡིན་ནོ། །ཞེས་བྱུང༌། འདི་ལ་གཉིས་ལས། སྦྱོར་བ་ནི་ས་བཅུ་བ་བ་ཆོས་ཅན། གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་དང་ལྡན་ཏེ། རང་གི་གདུལ་བྱའི་བསམ་པ་དང་ཁམས་མཐོ་དམན་དང་མཐུན་པར་དྲང་དོན་དང་ངེས་410དོན་གྱི་མདོའི་སྒོ་ནས་ཐེག་པ་གསུམ་ལ་འགོད་པར་མཛད་པའི་སྒྲུབ་པ་དང་ལྡན་པའི་ཕྱིར།

(410) པར་ཐེངས་གཉིས་པ། དོན་གྱི་སྒོ་ནས།

    མཐའ་དཔྱད་པ་ལ། དྲང་ངེས་ཀྱི་ཁྱད་པར་དང༌། དགོངས་ལྡེམ་དགོངས་གཉིས་ཀྱི་ཁྱད་པར་ལ་དཔྱད་པ་གཉིས་ལས། 411དང་པོ་གཉིས་བཤད་ཟིན། དགོངས་པ་ཅན་དང་ལྡེམ་དགོངས་ཀྱི་ཁྱད་པར་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ།.....བུ། དགོངས་གཞི་གཙོ་བོར་སྟོན་པའི་མདོ་དགོངས་པ་412ཅན་གྱི་དང། དགོས་པ་གཙོ་བོར་སྟོན་པའི་མདོ་ལྡེམ་དགོངས་ཀྱི་མདོའི་མཚན་ཉིད་ཟེར། ཡང་ཁ་ཅིག །དགོངས་གཞི་གཙོ་བོ་དང་དགོས་པ་གཙོ་བོ་ཞེས་ཟེར་བ་ཡི་གེ་ནོར་རྟགས་སོ། །ཁ་ཅིག་དེ་གཉིས་འགལ་ཟེར། འོ་ན། སྟོན་པས་ང་དེའི་ཚེ་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་པའི་མདོ་ཆོས་ཅན། ལྡེམ་དགོངས་ཀྱི་མདོ་མ་ཡིན་པར་ཐལ། དགོངས་པ་ཅན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དགོངས་པ་ཅན་བཞིའི་དང་པོ་ཡིན་པའི་ཕྱིར། དེར་ཐལ། མཉམ་ཉིད་གསུམ་ལ་དགོངས་ནས་གསུངས་པའི་413དགོངས་ཅན་ཡིན་པའི་ཕྱིར། དེར་ཐལ། སྟོན་པ་དང་རྣམ་གཟིགས་གཉིས་ཚོགས་གཉིས་དང་སྐུ་གསུམ་དང་འཕྲིན་ལས་ལྷུན་གྲུབ་ཏུ་འཇུག་པ་གསུམ་མཉམ་པར་དགོངས་ནས་དེ་ལྟར་གསུངས་པའི་མདོ་ཡིན་པའི་ཕྱིར་ཏེ། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དགོས་པ་གཙོ་བོར་སྟོན་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། ལྡེམ་དགོངས་ཀྱི་མདོ་ཡིན་པའི་414ཕྱིར། དེར་ཐལ། གཉེན་པོ་ལ་ལྡེམ་དགོངས་ཀྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དགོངས་པ་ཅན་གྱི་མདོ་བཞི་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། གཉེན་པོ་ལྡེམ་དགོངས་ལ་དགོངས་པ་ཅན་བཞིར་འབྱེད་པ་གང་ཞིག །དགོངས་པ་ཅན་བཞིའི་དང་པོ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་དགོངས་པ་ཅན་བཞི་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་བཞི་གཉེན་པོ་བཞི་ལ་དགོངས་ནས་གསུངས་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་ཉིད་ཀྱི་དགོངས་པ་ཅན་དང༌། ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ལ་བརྟེན་ན་གདོད་རྟོགས་པ་སྐྱེ་བར་བཤད་པ་ལྟ་བུ་དོན་གཞན་དང༌། ལེ་ལོའི་གཉེན་པོར་བདེར་གཤེགས་ཟླ་འོད་ཀྱི་མཚན་སྨོས་པས་བྱང་ཆུབ་ཏུ་ངེས་པ་ལྟ་བུ་དུས་གཞན་ལ་དགོངས་པ་དང༌། སྦྱིན་སོགས་སྣ་རེས་ཆོག་འཛིན་གྱི་གཉེན་པོར་དེ་ལ་སྨད་ནས་གཞན་ལ་བསྔགས་པ་415ལྟ་བུ་དུས་གཞན་ལ་དགོངས་པ་གསུངས་པའི་ཕྱིར། དེར་ཐལ། དེ་བཞི་དང༌། ང་རྒྱལ་དང༌། འདོད་ཆགས་དང༌། འགྱོད་པ་དང༌། མ་ངེས་པར་ལྡོག་པ་བཞི་སྟེ་བརྒྱད་ཀྱི་གཉེན་པོར་དགོངས་པ་ཅན་གསུངས་པའི་ཕྱིར་ཏེ། རྒྱན་ལས། སངས་རྒྱས་ཆོས་ལ་བརྙས་པ་དང༌། །ལེ་ལོ་ཅུང་ཟད་ཆོག་འཛིན་དང༌། །ང་རྒྱལ་འདོད་ཆགས་སྤྱོད་པ་དང༌། །འགྱོད་དང་མ་ངེས་ལྡོག་པ་ནི སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་གཉིས་མི་འགལ་བར་ཐལ། ལྡེམ་དགོངས་ཀྱི་མདོ་ཡིན་ན་དགོས་པ་ཅན་གྱི་མདོ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་དགོངས་གཞི་དགོས་པ་དངོས་ཟིན་ལ་གནོད་བྱེད་གསུམ་ཚང་བའི་སྒོ་ནས་དྲང་དོན་དུ་བཤད་པས་ཁྱབ་པའི་ཕྱིར་ཏེ། དབུ་མ་སྙིང་པོ་ལས། །གཟུང་དུ་མེད་པར་བརྗོད་མེད་པར། །ཤེས་པའི་སྤྱོད་པ་རྣམས་སྤངས་པ། །ཐུབ་པའི་དབང་པོས་གསུངས་པའི་ཆོས། །དེ་ཡི་འདི་ལྟར་འདི་ལ་གནོད། །ཅེས་དང༌། ཡང་དེ་ཉིད་ལས། ཇི་ལྟར་ལུང་དང་མི་འགལ་བར། །རྗེས་སུ་དཔག་པའི་རྗེས་འབྲངས་པ། །འདི་ལྟར་དེ་ཉིད་བསྒོམ་པ་སྟེ། །དེ་ནི་དེ་བཞིན་མཁས་པས་འདོད། །ཅེས་དང༌། གང་དག་ཕྱོགས་སུ་མ་ལྷུང་བས། །སྙིང་པོ་ཡོད་དམ་སྙིང་པོ་མེད། །མཁས་པས་དེ་ལ་དཔྱད་པར་བགྱི། །ཞེས་གསུངས་པའི་ཕྱིར།

(411) པར་ཐེངས་གཉིས་པ། དང་པོ་བཤད་ཟིན།

(412) པར་ཐེངས་གཉིས་པ། ཅན་གྱི་མདོའི་མཚན་ཉིད།

(413) པར་ཐེངས་གཉིས་པ། དགོངས་པ་ཅན་གྱི་མདོ།

(414) པར་ཐེངས་གཉིས་པ། ཕྱིར། གཉེན་པོ།

(415) པར་ཐེངས་གཉིས་པ། ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པར།

    ཡང་ཁ་ཅིག་ན་རེ། དགོངས་པ་གཙོ་བོར་གྱུར་པའི་མདོ་དགོངས་པ་ཅན་གྱི་མདོའི་མཚན་ཉིད། དགོས་པ་གཙོ་བོར་གྱུར་པའི་མདོ་ལྡེམ་དགོངས་ཀྱི་མདོའི་མཚན་ཉིད་ཟེར་ན། འོ་ན། རྣམ་བཤད་ལས་དེའི་སྟེང་དུ་སྒྲ་ཇི་བཞིན་པ་མིན་པ་འདྲ་ཡང་ཁྱད་པར་གཅིག་དང་གཉིས་གསུངས་པའི་དགོས་པ་མེད་པར་ཐལ། ཁྱོད་ཀྱི་དགོངས་པ་དང་དགོས་པ་རེ་གཙོ་བོར་བྱས་ཙམ་གྱིས་ཆོག་པའི་ཕྱིར། ཁྱབ་སྟེ། དགོངས་གཞི་གཙོ་ཡང་སྒྲས་ཟིན་ལ་མི་སྟོན་པའི་སྒྲ་ཇི་བཞིན་པ་མིན་པའི་མདོ་དེའི་གོ་དོན་ཚང་བ་གཅིག་དགོས་པའི་ཕྱིར་ཏེ། བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱི་ཕ་རོལ་ལ་ལྟོས་པར་ནི་ཁས་མི་ལེན་416ཏོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡིད་ལ་བཞག་པ་ཙམ་ཞེས་པས་ཚིག་གི་དགོངས་པ་ཙམ་ཡིན་པ་དང༌། ཕ་རོལ་ལ་ལྟོས་པར་417ནི་ཁས་མི་ལེན་ཞེས་པས་ཚིག་ཟིན་གྱི་དོན་དགོངས་པར་མི་འཇོག་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། དགོངས་པ་ལ་ཕ་རོལ་གཟུང་བ་ལ་མི་ལྟོས་ཞེས་པ་ནི་དེའི་ཆ་ནས་དགོངས་པར་མི་འཇོག་ཅེས་418པའི་དོན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དགོས་པ་དེ་ལྡེམ་པོའི་གོ་དོན་ཡིན་པར་ཐལ། དགོས་པ་གཙོ་བོར་གྱུར་པའི་མདོ་ལྡེམ་དགོངས་ཀྱི་མདོའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ལྡེམ་པོའི་ངག་ནི་དྲང་པོ་མ་ཡིན་པའི་ངག་གི་མིང་ཡིན་པའི་ཕྱིར་ཏེ། མིང་ཚིག་ཡི་གེ་དེས་བརྗོད་པ་འཇིག་རྟེན་ན་གྲགས་པ་ལས་གཞན་གྱིས་བརྗོད་པ་ཟབ་མོ་སྟོན་བྱེད་ཡིན་པའི་ཕྱིར། གསེར་ཕྲེང་ལས། ལྡེམ་པོའམ་ལྡེའུའི་ངག་ནི་འཁྱོགས་པོ་ཡིན་པས་སོ། །ཞེས་དང༌། ཀུན་བཏུས་ལས། ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་གང་ཞེ་ན། མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་ཀྱིས་དོན་གཞན་དུ་བརྗོད་ལ་དོན་གཞན་དུ་ཡོངས་སུ་བསྒྱུར་བ་སྟེ། ཇི་སྐད་དུ། ཕ་དང་མ་ནི་བསད་བྱ་ཞིང༌། །ཞེས་སོགས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྤྱིར་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཐམས་ཅད་ལྡེམ་པོ་ཡིན་ཀྱང་དགོས་པ་དེའི་ཆེད་དུ་ལྡེམ་པོ་གཅིག་དགོས་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཐད་ཀར་མི་སྟོན་པར་འཁྱོགས་པོའི་ངག་གིས་བསྟན་པའི་དགོས་པ་འདིའོ། །ཞེས་དགོས་པ་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྡེམ་པོ་ནི་དགོས་པ་ཅན་དང་དགོས་པ་ནི་ལྡེམ་པོའི་བསྒྲུབ་བྱ་ཡིན་པས་སྔ་ཕྱི་ཐ་དད་ཡིན་པའི་ཕྱིར་ཏེ། ལྡེམ་དགོངས་ཐམས་ཅད་ལ་བསྒྱུར་བ་ལྡེམ་དགོངས་ཡང་ཡིན་པས་ཁྱབ་པའི་ཕྱིར་ཏེ། གསེར་ཕྲེང་ལས། འོ་ན། ཐམས་ཅད་བསྒྱུར་བ་ལྡེམ་དགོངས་སུ་འགྱུར་ཞེ་ན་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འོ་ན། ལྔར་ཕྱེ་བ་མི་འཐད་པར་ཐལ། དེ་ལྔ་ཀ་བསྒྱུར་བ་ལྡེམ་དགོངས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཕ་དང་མ་ནི། ནས། དག་པ་ཉིད་དུ་འགྱུར། ཞེས་པ་ལྟ་བུ་གང་ཟག་འགའ་ཞིག་གིས་རྗོད་བྱེད་ཁོ་ནར་ཆགས་པ་བཟློག་ནས་བསྟན་པ་ལ་གཞུག་པའི་ཆེད་དུ་ལྡེམ་པོ་ཡིན་པས་གཞུག་པ་དང༌། གཉེན་པོ་ལྡེམ་དགོངས་གཉིས་དང༌། མ་དང་ཕ་སོགས་ལས་དོན་གཞན་སྲིད་སྲེད་སྟོན་པས་དོན་ལྡེམ་དང༌། བསྒྱུར་ལྡེམ་གཉིས་ཀྱང་ཚང་བའི་ཕྱིར། དང་པོ་གྲུབ་སྟེ། དགོས་པ་དང་བཅས་པ་ལང་གཤེགས་ལས། བཤད་པའི་སྒྲ་དང་བརྗོད་པ་ལ་མངོན་པར་ཆགས་པས། ནས། ཆོས་ཐམས་ཅད་སྒྲ་ཇི་བཞིན་དུ་དོན་དུ་བརྗོད་པའི་ཕྱིར་བགྲང་བས་རང་གི་ཚུལ་སོ་སོར་བཞག་པ་བརྗོད་པ་ལ་མི་ལྟོས་སོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྤྱིར་ཕ་མའི་ཚིག་གི་དོན་སྲིད་སྲེད་ལ་མི་འཇུག་ཀྱང་ངེས་ཚིག་གི་འཇུག་པ་དེ་ངེས་ཚིག་གིས་དགོས་པ་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལ་ཚིག་དང་ངེས་ཚིག་གིས་སོ་སོར་བཤད་པ་མང་བས་དེ་གཉིས་ལ་མདོ་བཞིན་མི་མཁས་ན་དྲང་ངེས་འབྱེད་མི་ཐུབ་པའི་ཕྱིར་ཏེ། ལང་གཤེགས་ལས། ཚིག་གི་དོན་དང་ངེས་པའི་ཚིག་ལ་མི་419མཁས་པས་མིང་ཐ་དད་པ་མ་ཡིན། མིང་ཐ་དད་པ་མ་ཡིན་པར་རང་གི་ཚུལ་མི་ཤེས་སོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། རྒྱན་འགྲེལ་ལས། སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པ་རྣམས་དེའི་དཔེར་མཛད་པའི་ཕྱིར་རོ། །ཞེས་དང༌། རྒྱན་འགྲེལ་ལས། དོན་གཞན་ལ་དགོངས་པ་ནི། ནས། དོན་སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

(416) པར་ཐེངས་གཉིས་པ། ནོ། །

(417) པར་ཐེངས་གཉིས་པ། ནི་མི་འདུག

(418) པར་ཐེངས་གཉིས་པ། པ་ཡིན་ལ།

(419) པར་ཐེངས་གཉིས་པ། མཁས་པའི་མིང་དད་པ་མ་ཡིན་པར་རང་གི།

    རང་ལུགས་ལ། དགོངས་གཞི་གཙོ་བོར་ཡོད་ཀྱང་ཚིག་ཟིན་ལ་སྒྲས་ཟིན་པ་མ་ཡིན་པ་སྟོན་པའི་མདོ་དེ། དགོངས་པ་ཅན་གྱི་མདོའི་མཚན་ཉིད་ཡིན་ཏེ། དོན་དགོངས་གཞི་ཚིག་གིས་མ་བརྗོད་ཀྱང་ཡིད་ཀྱིས་བརྗོད་པའི་དོན་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཤཱནྟི་པས་བསྟན་པའི་དོན་བརྗོད་པ་ནི་དགོངས་པ་ཅན་ཡིན་ལ། ཞེས་དང༌། བཤད་སྦྱར་ལས། དགོངས་པ་ནི། ཞེས་གསུངས་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང༌། །དེ་བཞིན་དུ་ནི་དུས་གཞན་དང༌། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །ཞེས་གསུངས་པའི་ཕྱིར། དགོངས་གཞི་དེ་ལྟར་ཡོད་ཀྱང་དགོས་དབང་གིས་སྒྲས་ཟིན་སྒྲ་ཇི་བཞིན་མ་ཡིན་པ་དེ་ལྟར་སྟོན་པའི་མདོ་དེ། ལྡེམ་དགོངས་ཀྱི་མདོའི་མཚན་ཉིད་ཡིན་ཏེ། མདོ་གཅིག་ཡིན་ཀྱང་ལྡེམ་པོ་ནི་སྒྲ་ཇི་བཞིན་420མ་ཡིན་པའི་བརྗོད་པ་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཤཱནྟི་པས་བསྟན་པའི་སྒྲའི་དགོས་པ་བཤད་པ་ནི་ལྡེམ་པོར་དགོངས་པ་དང་ཡང་མཐུན་ནོ། །ཞེས་དང༌། བཤད་སྦྱར་ལས། ལྡེམ་པོར་དགོངས་པ་ནི་དེ་ཉིད་ཕ་རོལ་421གཟུང་བ་ལ་ལྟོས་པའོ། །ཞེས་གསུངས་པའི་ཕྱིར། དབྱེ་ན་གཞུག་ལྡེམ། མཚན་ཉིད་ལྡེམ་དགོངས། གཉེན་ལྡེམ་དང༌། བསྒྱུར་ལྡེམ་བཞི་ཡོད་དེ། རྒྱན་ལས། གཞུག་པ་ལྡེམ་པོར་དགོངས་པ་དང༌། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་ལྡེམ་དགོངས་སེམས་ཙམ་པ་ལྟར་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མེད་པར་སྟོན་པའི་མདོ་ལ་བྱའོ། །

(420) པར་ཐེངས་གཉིས་པ། མ་ཡིན་པའི་ཕྱིར།་

(421) པར་ཐེངས་གཉིས་པ། གཟུད་པ།

    རྩོད་སྤོང་ལ་ཁོ་ན་རེ། དགོངས་ལྡེམ་དགོངས་བརྒྱད་ཀྱི་མདོ་ལ་སྒྲ་ཇི་བཞིན་པ་མ་ཡིན་པས་མ་ཁྱབ་པར་ཐལ། མདོ་ཡིན་ན་དེ་བརྒྱད་གང་རུང་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བོ་གཉེན་པོ་ལྡེམ་དགོངས་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་གང་དུ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་བསྟན་པའོ ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེས་དུག་གསུམ་གང་རུང་རེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བའི་གཉེན་པོ་རེ་རེ་ཙམ་གྱིས་ཉོན་མོངས་པའི་དངོས་གཉེན་བྱེད་པར་གསུངས་པའི་མདོ་གཉེན་པོ་ལྡེམ་དགོངས་སུ་བསྟན་ཙམ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཡུམ་རྒྱས་པ་ཆོས་ཅན། སྒྲ་ཇི་བཞིན་པ་མ་ཡིན་པར་ཐལ། དགོངས་པ་ཅན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། རང་གི་དགོངས་པ་ཡོད་པ་ཅན་གྱི་མདོ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། མདོ་ཡིན་ན་རང་ཉིད་ཀྱི་དགོངས་པ་ཡོད་པས་ཁྱབ་པའི་ཕྱིར། དེ་ལ་ཁོ་ན་རེ། མདོ་ཡིན་ན་རང་གི་དགོངས་གཞི་ཡོད་པའི་མདོ་ཡིན་པས་ཁྱབ་པར་ཐལ། མདོ་ཡིན་ན་རང་གི་དགོངས་པ་ཡོད་པའི་མདོ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དགོངས་གཞི་ཡོད་པའི་མདོ་ཡིན་ན་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་གྱི་མདོ་ཡིན་དགོས་པའི་ཕྱིར། དེར་ཐལ། དགོངས་གཞི་ཅན་གྱི་དོན་བཤད་ཟིན་པ་དེའི་ཕྱིར་དང༌། སྒྲ་ཇི་བཞིན་པ་ཡིན་ན་དགོངས་གཞི་འཚོལ་མི་དགོས་པས་ཁྱབ་པའི་ཕྱིར། དེར་ཐལ། བདེན་བཞིའི་བླང་དོར་དངོས་སུ་བསྟན་པ་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར།

    གཉིས་པ་ལ་རྩོད་པ་དང་ལན་གཉིས། དང་པོ་ནི། རྩ་བར། ཆོས་ཀྱི་དབྱིངས་ལ། ཞེས་སོགས་རྐང་པ་གཉིས་བྱུང༌། གཉིས་པ་ནི། རྟེན་པའི་ཆོས་ཀྱི། ཞེས་སོགས་རྐང་པ་གཉིས་བྱུང༌། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། གཞུང་འདི་ཐལ་འགྱུར་བའི་གཞུང་ཡིན་ཟེར་ན། འོ་ན། འཕགས་པ་དང་སློབ་དཔོན་སེང་གེ་བཟང་པོ་ཐལ་འགྱུར་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཞི་འཚོ་ཡབ་སྲས་སོགས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འདོད་པའི་རང་རྒྱུད་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མངོན་རྟོགས་རྒྱན་འདིར་རྟོགས་རིགས་གསུམ་ཐ་དད་དུ་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། སྤྱིར་མངོན་པར་རྟོགས་པའི་རྒྱན་འདིར་ལྟ་བ་ལ་ལྟོས་པའི་དབང་པོའི་རིམ་པས་ཐེག་པ་གསུམ་བཞག་སྟེ། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། གཞུང་འདི་ཐལ་འགྱུར་བའི་དེ་ཡིན་པར་ཐལ། དགོངས་པ་རབ་གསལ་དང༌། སྟོང་ཐུན་སྐལ་བཟང་མིག་འབྱེད་དུ་སློབ་དཔོན་འཕགས་སེང་གི་དགོངས་པ་ཐལ་འགྱུར་དུ་བཀྲལ་བའི་ཕྱིར་ན་མ་ཁྱབ་སྟེ། ཐལ་འགྱུར་བའི་སྐབས་ཡིན་པས་དེ་ལྟར་བཤད་ལ་འདིར་གྲུབ་མཐའ་དེའི་སྐབས་མ་ཡིན་པའི་ཕྱིར། སྐབས་འདིར་འཕགས་སེང་རང་རྒྱུད་པར་འདོད་དགོས་པའི་ཕྱིར་ཏེ། རྣམ་བཤད་དགོངས་པ་རབ་གསལ་ལས། རང་རྒྱུད་པ་དེ་དག་ཉན་རང་གི་ལམ་དེ་ལྟར་བསྒོམ་པ་ལ་ཆོས་ཀྱི་བདག་འཛིན་མངོན་གྱུར་པ་རེ་ཞིག་སྤངས་པ་འོངས་ཡང༌། ཞེས་དང༌། རྣམ་བཤད་ལས། ཉན་ཐོས་འཕགས་པས་ཀྱང་སྟོང་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ཡོད་པར་བཞེད་པའི་དབུ་མ་རང་རྒྱུད་པ་ནི་ཤིན་ཏུ་མང་ངོ༌། །ཞེས་གསུངས་པའི་ཕྱིར། ལྷག་མ་བཤད་ཟིན་པས་རྟོགས་སླའོ། 

                                                                                                                        རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།