ཀུན་མཁྱེན་ཕར་ཕྱིན་ལས་སྤོང་གཉེན།

གཉིས་པ་ནི། རྩ་བར། གཉེན་པོ་དང་ནི་སྤོང་བ་དང༌། །དེ་དག་ཡོངས་སུ་གཏུགས་པ་དང༌། །ཞེས་པའི་འགྲེལ་པར། དེའི་འོག་ཏུ་དེ་དག་སྐྱེ་བའི་སྟོབས་ཀྱིས། ནས། རྣམ་པར་རྟོག་པ་སྤངས་པའོ། །ཞེས་བྱུང༌། སྦྱོར་བ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་མཐོང་སྒོམ་གྱི་བར་ཆད་མེད་ལམ་བཅུ་གཅིག་གི་དེ་དང་དེ་སྐྱེས་པའི་སྟོབས་ཀྱིས་རང་རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་ཟད་པ་དང་དེ་སྤངས་ཟིན་པ་དུས་མཉམ་སྟེ། བར་ཆད་མེད་ལམ་དེ་དང་དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་རང་རང་གི་སྤང་བྱ་འགག་པ་ལ་ཕྱོགས་པ་དུས་མཉམ། བར་ཆད་མེད་ལམ་སྐྱེས་པ་དང་སྤང་བྱ་འགག་ཙམ་དུས་མཉམ་པའི་ཕྱིར་ཏེ། རྣམ་བཤད་ལས། འདིས་ནི་ལམ་གཉིས་ཀའི་བར་ཆད་མེད་ལམ་གྱི་སྤང་བྱ་སྤོང་ཚུལ་བསྟན་པ་ཡིན་གྱི་ས་བརྒྱད་པའི་བར་ཆད་མེད་ལམ་འབའ་ཞིག་ལ་སྦྱོར་བ་འཐད་པར་མི་སེམས། ཞེས་གསུངས་པའི་ཕྱིར། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། མཐོང་སྤང་རྟོག་པ་མངོན་གྱུར་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བ་གསུམ་དང༌། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གཉིས་སྤང་གཉེན་མི་རུང་སྟེ། ཀུན་བཏུས་ལས། འདས་པ་དགག་པའི་ཕྱིར་མ་398ཡིན། །ཞེས་སོགས་གསུངས་པའི་ཕྱིར་ཟེར་ན། འོ་ན། མཐོང་སྤང་རྟོག་པ་མངོན་གྱུར་པ་སྤོང་བྱེད་ཀྱི་གཉེན་པོ་མེད་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེ་དེ་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ས་བོན་དང་བཅས་པ་དང༌། ཁྱོད་ཀྱི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་སྤོང་བྱེད་ཀྱི་གཉེན་པོ་མེད་པར་ཐལ། ཁྱོད་ཀྱི་དངོས་གཉེན་མེད་ཅིང་མཐོང་སྤང་རྟོག་པ་ཡིན་པའི་ཡ་མཚན་དེའི་ཕྱིར། རྟགས་དེ་ཡོད་ན་གང་དྲན་མ་ཡིན་པ་བུད། འདོད་མི་ནུས་ཏེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ་ཁྱོད་ས་བོན་དང་བཅས་པ་འཇོམས་བྱེད་ཡིན་པས་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་སྤོང་བྱེད་ཡིན་པའི་ཕྱིར་ཏེ། རྩ་བར། སྤོང་བ་དང༌། ཞེས་དང༌། མདོ་ལས། བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་མེད་ཅིང་རྗེས་སུ་མི་དམིགས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དཔེ་དེས་སྤོང་གཉེན་བར་ཆད་མེད་ལམ་དེས་དེ་དེ་ལྟར་སྤོང་བར་བཤད་པའི་ཕྱིར་ཏེ། ཉི་སྣང་ལས། བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་མེད་ཅིང་རྗེས་སུ་མི་དམིགས་པ་ཉིད་ཀྱི་དཔེས་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པའི་དོན་གྱིས་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་དེ་མཐོང་སྤང་རྟོག་པ་ཐམས་ཅད་སྤོང་བྱེད་མ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུད་ཀྱི་དེ་ཐོབ་པ་ཆད་པའི་ཚུལ་གྱིས་དང༌། གཞན་རྒྱུད་ཀྱི་དེ་དམིགས་པའི་སྒོ་ནས་སྤོང་བར་གོང་འོག་གི་མཁས་པ་ཀུན་མཐུན་པའི་ཕྱིར་ཏེ། མཛོད་ལས། དམིགས་པ་399ལ། །ཉོན་མོངས་པ་ནི་སྤང་བྱར་འདོད། །ཅེས་དང༌། དེའི་རང་འགྲེལ་ལས། རང་གི་རྒྱུད་ལ་ཡོད་པ་ནི་ཐོབ་པ་ཆད་པས་སོ། །གཞན་གྱི་རྒྱུད་ལ་ཡོད་400པ་ནི་ཉོན་མོངས་པ་དང༌། གཟུགས་ཐམས་ཅད་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ནི་དེ་དག་ལ་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ན་དེའི་ངོས་སྐལ་གྱི་སྤང་བྱ་མེད་ལ་རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་ན་གནས་ངན་ལེན་གྱི་དྲི་མ་ཡོད་ཟེར་རོ། །དེ་ཤིན་ཏུ་ཐ་ཆད་ཡིན་པར་ཐལ། གཉེན་པོ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་སྐྱེ་འགྱུར་གྱི་སྤོང་བ་དབུ་སེམས་ཀྱི་ལུགས་དང༌། འགག་འགྱུར་གྱི་སྤོང་བ་བྱེ་སྨྲའི་ལུགས་གཉིས་ཀ་གཅིག་ཏུ་བསྲེས་པའི་ཕྱིར། དེར་ཐལ། མཐོང་ལམ་བར་ཆད་མེད་ལམ་ལ་སྐྱེ་འགྱུར་གྱིས་སྤོང་བ་དང༌། རྒྱུན་མཐའི་བར་ཆད་མེད་ལ་འགག་འགྱུར་གྱི་ཚུལ་གྱིས་སྤོང་བར་ཁས་བླངས་པའི་ཕྱིར་ཏེ། རྣམ་བཤད་ལས། ཁ་ཅིག་མཐོང་ལམ་བར་ཆད་མེད་ལམ་གྱི་དུས། ཞེས་པ་ནས། ཕྱོགས་གཅིག་ཏུ་སྡུད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཡང་སྐྱེ་འགྱུར་གྱིས་སྤོང་བ་དང་འགག་འགྱུར་གྱིས་སྤོང་བའི་དོན་ལ་རང་གཞན་མང་པོ་ན་རེ། བར་ཆད་མེད་ལམ་གྱི་དུས་ན་401ངོས་སྐལ་གྱི་སྒྲིབ་པ་ཡོད་ལ་རྣམ་གྲོལ་ལམ་སྐྱེས་པ་དང༌། དེའི་རིགས་འདྲ་ཕྱི་མ་སྐྱེ་མི་རུང་དུ་བྱས་པ་སྐྱེ་འགྱུར་གྱིས་སྤོང་བ་ཡིན་ཟེར། ལ་402ལ་ན་རེ། བར་ཆད་མེད་ལམ་གྱི་དུས་ན་སྒྲིབ་པ་མེད་ལ་དེའི་རིགས་འདྲ་ཕྱི་མ་སྐྱེ་མི་རུང་དུ་བྱས་པ་འགག་འགྱུར་གྱིས་སྤོང་བ་ཡིན་ཟེར་ན། དང་པོ་ལ་འོ་ན། སྤོང་བའི་གཉེན་པོས་403ངོས་ཀྱི་སྒྲིབ་པ་སྐྱེ་འགྱུར་དང་འགག་འགྱུར་གང་གིས་སྤོང་དཔྱད་པ་མ་ཡིན་པར་ཐལ། རྣམ་གྲོལ་ལམ་ལ་སྦྱར་ན་སྐྱེ་འགྱུར་བཤད་པའི་ཕྱིར། ཁྱབ་སྟེ། འདིའི་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་ལ་གོང་འོག་གཉིས་ཀས་ཁས་ལེན་པའི་ཕྱིར་ཏེ། མཛོད་ལས། དྲི་བཅས་སྤོང་བའི་ལམ་དག་གི །ཞེས་དང༌། རང་འགྲེལ་ལས། སྤོང་བའི་ལམ་དེ་བར་ཆད་མེད་ལམ་ཡིན་ནོ། །ཞེས་དང༌། གཉེན་པོ་རྣམ་བཞིའི་སྐབས་སུ། རང་འགྲེལ་ལས། སྤོང་བ་གཉེན་པོ་ནི་བར་ཆད་མེད་པའི་ལམ་ཐམས་ཅད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྤོང་བ་གཉེན་པོའི་སྤོང་ཚུལ་དཔྱད་སྐབས་གཞིའི་གཉེན་པོ་ལ་སྦྱར་བ་བཞད་གད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གཉེན་པོ་དང་ནི་སྤོང་བ་དང༌། །ཞེས་པའི་དོན་དཔྱོད་སྐབས་ཡིན་པའི་ཕྱིར་དང༌། དེ་སྤོང་བ་གཉེན་པོའི་སྐབས་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། མི་མཐུན་ཕྱོགས་སྤོང་བའི་བརྟེན་ནི། །ཞེས་གསུངས་པའི་ཕྱིར། གཉིས་པ་ཡང་མི་འཐད་པར་ཐལ། སྐྱེ་འགྱུར་གྱིས་སྤོང་བའི་དོན་ཡིན་པའི་ཕྱིར་ཏེ། རྒྱན་སྣང་ལས། གཉེན་པོ་མཐའ་དག་སྐྱེ་བ་དང་མི་མཐུན་པའི་ཕྱོགས་འགག་པ་དག་གིའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སྤོང་གཉེན་གྱི་འགག་འགྱུར་གྱིས་སྤོང་ཚུལ་ཁྱེད་ལྟར་མ་ཡིན་པར་ཐལ། བར་ཆད་མེད་ལམ་ད་ལྟར་བ་དང༌། འགག་བཞིན་པའི་དུས་ན་404ངོས་ཀྱི་སྒྲིབ་པ་ཡོད་ཀྱང་དེ་སྤོང་བའི་དོན་ཡིན་པའི་ཕྱིར་ཏེ། མཛོད་ལས། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་དང༌། དེའི་མཚམས་སྦྱོར་གྱི་རང་འགྲེལ་ལས། གནས་སྐབས་གང་གི་ལམ་གྱིས་དེ་སྐྱེ་བའི་སྒྲིབ་པ་སྤོང་ཞེ་ན། འགག་པར་འགྱུར་པའི་ལམ་གྱིས་ནི། །ཞེས་གསུངས་པའི་ཕྱིར།
(398) པར་ཐེངས་གཉིས་པ། ཡིན་ནོ། །
ཡང་ཁ་ཅིག་ན་རེ། འདིའི་བར་ཆད་མེད་ལམ་ས་བརྒྱད་པའི་ཡིན་ཟེར་ན། འོ་ན། རྒྱན་སྣང་ལས། དེའི་འོག་ཏུ་ནི་འཇིག་རྟེན་ལས་འདས་པའི་མཐོང་བའི་ལམ་དང་སྒོམ་པའི་ལམ་དག་གིའོ། །དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱུང་པ་དང་སྒོ་འཕར་བཅད་པ་དང་འདྲ་བ། ཞེས་པའི་ལུང་དོན་མི་འཐད་པར་ཐལ། མཐོང་ལམ་དང་སྒོམ་ལམ་དེ་དག་གསར་དུ་སྐྱེས་པའི་སྟོབས་ཀྱིས་ངོས་སྐལ་གྱི་སྤང་བྱ་རྐུན་པོ་ཕྱུང་བ་དང་སྒོ་འཕར་གཅོད་པ་ལྟ་བུའི་བར་ཆད་མེད་ལམ་རེ་མེད་པའི་ཕྱིར་ཏེ། མཐོང་ལམ་གྱི་དེ་མེད་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཤིང་ཁྱབ་པ་ཡང་གྲུབ་སྟེ། དེའི་ཤུགས་ཀྱིས་མཐོང་ལམ་སྒོམ་ལམ་གཉིས་ཀྱང་མཐོང་སྒོམ་སྤྱི་ལ་བྱེད་པ་དང། ས་བཅུའི་སྒོམ་ལམ་བར་ཆད་མེད་ལམ་གྲུབ་པའི་ཕྱིར་ཏེ། རྣམ་བཤད་ལས། འདིས་ནི་ལམ་གཉིས་ཀའི་བར་ཆད་མེད་ལམ་གྱིས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག གཉེན་པོ་དང་སྤོང་བའི་སྒྲུབ་པ་གཉིས་བྱེད་ཟེར། གཞན་དག །འགྲེལ་བ་ལས་བར་ཆད་མེད་ལམ་གཅིག་པུར་བཤད་པས་སྤོང་གཉེན་ཁོ་ན་ཟེར། འདི་རྣམ་བཤད་དང་གསེར་ཕྲེང་གི་དགོངས་པ་དཀའ་ས་ཡིན་པས། དེ་དག་ལ་འོ་ན། གཉེན་པོ་དང་ནི་སྤོང་བ་དང༌། །ཞེས་གཉིས་སྨོས་པ་དང༌། ཉི་སྣང་ལས། གཉེན་པོ་དང་ནི་སྤོང་བ་གཉིས་ཀྱི་རྟེན་གང་ཡིན་ཞེ་ན། ཞེས་དང༌། མདོ་ལས་ཀྱང༌། ཉི་མའི་དཀྱིལ་འཁོར་དང་བསྐལ་བའི་མེའི་དཔེ་གཉིས་སོ་སོར་བཀོད་པ་རྣམས་མི་འཐད་པར་ཐལ། དེ་སྤོང་བའི་གཉེན་པོ་བྱེད་ཚུལ་གཅིག་པུ་ལས་བཤད་རྒྱུ་མེད་པའི་ཕྱིར། ཁྱབ་སྟེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལྟ་བུ་དེས་གཉེན་པོ་ཙམ་བྱེད་པ་དང་སྤོང་བའི་གཉེན་པོ་བྱེད་ཚུལ་ལ་ཁྱད་ཆེན་པོ་ཡོད་པའི་ཕྱིར། དེར་ཐལ། དེས་སྒོམ་སྤང་བདེན་འཛིན་ལྷན་སྐྱེས་ཀྱི་ཡང་གཉེན་པོ་ཙམ་བྱེད་པ་གང་ཞིག །དེས་སྤོང་བའི་གཉེན་པོ་མི་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་འཛིན་ལྷན་སྐྱེས་དང་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །སོགས་དང༌། མདོ་ལས། ཉི་མའི་དཀྱིལ་འཁོར་ཤར་བའི་འོད་ལ་མུན་པའི་གནས་མེད་ཅིང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་བྱེད་པ་མ་ཉམས་བར་དུ་བདེན་འཛིན་ལྷན་སྐྱེས་མངོན་གྱུར་མི་སྐྱེ་ཡང་བྱེད་པ་ཉམས་ན་འབྱུང་བ་ནི་ཉི་འོད་ཀྱིས་ཁྱབ་པ་ལ་མུན་པ་མེད་པ་སོགས་ཀྱི་དཔེ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། གཉེན་པོའི་རྟེན་ནི་ཉི་མའི་དཀྱིལ་འཁོར། ཞེས་སོ། །ཁྱབ་སྟེ། དེ་དེ་ལ་ཟུར་དུ་སྦྱར་བའི་དགོས་པ་ཡོད་པའི་ཕྱིར་ཏེ། ལེ་བརྒྱད་མ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར། ནས། ཞེས་བྱ་བ་ནི་གཉེན་པོའི་ཕྱོགས་ཀྱི་རྟེན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤོང་བའི་གཉེན་པོ་བྱས་ན་སླར་མི་སྐྱེ་བས་ཁྱབ་པའི་ཕྱིར་ཏེ། ཉི་སྣང་ལས། མི་མཐུན་པའི་ཕྱོགས་སྤོང་བའི་རྟེན་ནི་བསྐལ་བའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་གནས་405མེད་ཅིང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བསྐལ་བའི་མེས་བསྲེག་བྱ་ལྷག་མེད་དང་སྐྱེ་མི་རུང་406བྱས་པའི་ཕྱིར་དང༌། ཟུར་དུ་སྦྱར་བའི་ཕྱིར་ཏེ། ལེ་བརྒྱད་མ་ལས། རབ་འབྱོར་འདི་ལྟ་སྟེ་བསྐལ་པའི་མེ་འབར་བའི་ཚེ། ནས། ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤོང་བའི་རྟེན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། །
རང་ལུགས་ལ། སྤོང་བའི་གཉེན་པོས་ངོས་སྐལ་གྱི་སྤང་བྱ་སྤོང་ཚུལ་ཡོད་དེ། གཉེན་པོ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། རང་གི་ངོས་སྐལ་གྱི་སྤང་བྱ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། བར་ཆད་མེད་ལམ་སྐྱེས་ཟིན་པ་དང་རང་གི་ངོས་སྐལ་གྱི་སྤང་བྱ་འགག་ཟིན་པ་དུས་མཉམ་པའི་ཕྱིར་ཏེ། དཔེར་ན། སྣང་བ་དང་མུན་པ་བཞིན། ཀུན་བཏུས་ལས། གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོའི་རྣམ་པ་གང་ཡིན་པ་དང་གནས་ངན་ལེན་གྱི་རྣམ་པ་སྐྱེས་པ་དང་འགག་པ་མཉམ་པ་སྟེ། དཔེར་ན་སྣང་བ་དང་མུན་པ་དག་འབྱུང་བ་དང་འགག་པ་མཉམ་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། བར་ཆད་མེད་ལམ་གྱི་དུས་སུ་ངོས་སྐལ་གྱི་སྤང་བྱ་མེད་ཅིང་སྐྱེ་བར་མི་རུང་བའི་ཆོས་ཅན་ཡིན་ཏེ། དེ་སྐྱེ་བའི་རྐྱེན་མ་ཚང་བས་སྐྱེ་མི་རུང་ཡིན་ཀྱང་སོ་སོར་བརྟགས་འགོག་གིས་སྐྱེ་མི་རུང་ད་དུང་མ་ཐོབ་པའི་ཕྱིར་ཏེ། རྣམ་བཤད་ལས། བར་ཆད་མེད་ལམ་གྱི་དུས་ན་རང་གི་ངོས་སྐལ་གྱི་སྤང་བྱ་དེ་མེད་ཅིང་སྐྱེ་བར་མི་རུང་བའི་ཆོས་ཅན་ཡིན་ཡང༌། ཞེས་གསུངས་པའི་ཕྱིར། དེས་ན་རྒྱུན་མཐའི་དུས་ན་དྲི་མ་མེད་ཀྱང་གཉེན་པོ་བར་ཆད་མེད་ལམ་གྱིས་ཟད་པ་དང་སྤངས་པ་གང་རུང་མིན་ཏེ། དངོས་གཉེན་གྱི་ལག་རྗེས་རྫོགས་པར་བཞག་སྟེ་སྐྱེ་མི་རུང་བའི་ཆོས་ཅན་དུ་བྱས་པའི་ལམ་མ་ཐོབ་པའི་ཕྱིར། དེར་ཐལ། དངོས་གཉེན་བར་ཆད་མེད་ལམ་གྱི་དུས་ཡིན་པའི་ཕྱིར། མ་ཁྱབ་ན། རྒྱུ་འབྲས་དུས་མཉམ་པར་ཐལ། བར་ཆད་མེད་ལམ་དང་དེའི་ལག་རྗེས་ཀྱི་དྲངས་པའི་ལམ་དུས་མཉམ་དུ་གྲུབ་པའི་ཕྱིར། 407རྟགས་ཁས། ཁྱབ་སྟེ། རྣམ་བཤད་ལས། རྟགས་མ་གྲུབ་ན། རྒྱུ་འབྲས་དུས་མཉམ་པར་ཐལ་བས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་བར་ཆད་མེད་ལམ་གྱིས་རང་གི་ངོས་སྐལ་གྱི་དུས་གསུམ་གྱི་སྒྲིབ་པ་སོགས་ཐམས་ཅད་སྤོང་ཚུལ་མི་གཅིག་ཀྱང་སྤོང་བར་བྱེད་དེ། རང་གི་ངོས་སྐལ་གྱི་དེ་རང་དུས་ན་འདས་ཟིན་བུམ་པ་བཅོམ་པ་ལྟར་མི་བྱེད་ཀྱང་ས་བོན་དང་དམིགས་པ་ཅི་རིགས་ཀྱིས་སྤོང༌། རང་གི་ངོས་སྐལ་གྱི་དེ་རང་དུས་ན་མ་སྐྱེས་པ་མདུན་ནས་408འཕུལ་བ་ལྟར་མི་སྤོང་ཡང་དེའི་ས་བོན་ཐམས་ཅད་སྤོང་བས་སྐྱེ་མི་རུང་དུ་བྱས་ནས་སྤོང༌། རང་གི་ངོས་སྐལ་གྱི་དེ་རང་དང་དུས་མཉམ་པ་བྱེ་སྨྲ་བ་ལྟར་དུས་མཉམ་དུ་འགག་པས་མི་སྤོང་ཀྱང་རང་སྐྱེས་ཟིན་པ་དང་ཁོ་འགག་ཟིན་པའི་ཚུལ་གྱིས་སྤོང་བའི་ཕྱིར། རྟགས་གསུམ་ག་གྲུབ་སྟེ། ཀུན་བཏུས་ལས། འདས་པ་འགག་པའི་ཕྱིར་མ་ཡིན། མ་འོངས་པ་མ་སྐྱེས་པའི་ཕྱིར་མ་ཡིན། ད་ལྟར་བྱུང་བ་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན། འོན་ཀྱང་གནས་ངན་ལེན་གྱི་རྣམ་པ་ནི་སྤོང་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འོན་ཀྱང་མན་ཆད་ཀྱིས་དེ་གསུམ་ག་སྤོང་ཚུལ་བསྟན་པའི་ཕྱིར། དེར་ཐལ། འོན་ཀྱང་སོགས་ཀྱིས་དེ་དག་གི་སྤོང་ཚུལ་སྟོན་པའི་མཐའི་གསལ་བྱེད་ཡིན་པའི་ཕྱིར་ཏེ། ཀྱང་སྒྲའི་ནུས་པ་ཡོད་པའི་ཕྱིར།
རྩོད་སྤོང་ལ་ཁོ་ན་རེ། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་ངོས་སྐལ་གྱི་སྤང་བྱ་སྤངས་པའི་འགོག་བདེན་ཐོབ་པར་ཐལ། དེའི་དུས་སུ་ངོས་སྐལ་གྱི་སྤང་བྱ་སྤངས་ཟིན་པའི་ཕྱིར། དེར་ཐལ། དེའི་དུས་སུ་ངོས་སྐལ་གྱི་སྤང་བྱ་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། མཐོང་ལམ་བར་ཆད་མེད་ལམ་སྐྱེས་པ་དང༌། དེའི་ངོས་སྐལ་གྱི་སྤང་བྱ་འགག་པ་དུས་མཉམ་པར་ཐལ། དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། དེའི་ངོས་སྐལ་གྱི་སྤང་བྱ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་པའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེས་ན་དེའི་ངོས་སྐལ་གྱི་སྤང་བྱ་འགག་པས་ཁྱབ་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་ན། མཐོང་409སྤང་གི་ས་བོན་འགག་པར་ཐལ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྐྱེས་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། གོང་དུ་འདོད་ན། དེའི་ངོས་སྐལ་གྱི་སྤང་བྱ་ཆོས་ཅན། མ་འགགས་པར་ཐལ། འགག་དགོས་ཡིན་པའི་ཕྱིར། དེར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཡང་ཁོ་ན་རེ། མཐོང་སྤང་རྟོག་པའི་ས་བོན་འགགས་པ་ལ་མངོན་དུ་ཕྱོགས་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པས་ཁྱབ་པར་ཐལ། དེ་གཉིས་དུས་མཉམ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པར་ཐལ། གཅིག་ཤོས་འགགས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། དེར་ཐལ། ཁྱོད་འགག་བཞིན་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་སྐྱེ་དགོས་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྐྱེས་ཟིན་པའི་ཕྱིར། དེར་ཐལ། ཁྱོད་འདུས་བྱས་ཡིན་པའི་ཕྱིར། ཁོ་རང་ལ། སྣང་བ་སྐྱེས་ན་དེའི་བསལ་བྱ་མུན་པ་འགགས་པས་ཁྱབ་པར་ཐལ། དེ་གཉིས་བེམ་པོར་གྱུར་པའི་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། འདོད་ན། དེའི་བསལ་བྱ་མུན་པ་འགགས་པར་ཐལ། སྣང་བ་སྐྱེས་པའི་ཕྱིར། ཁྱབ་པ་འགྲིག །དེར་ཐལ། དེ་འདུས་བྱས་ཡིན་པའི་ཕྱིར། དེ་བཞིན་དུ་ས་མྱུག་སོགས་འཕེན།
(409) པར་ཐེངས་གཉིས་པ། སྤངས་ཀྱི།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
