ཀུན་མཁྱེན་ཕར་ཕྱིན་ལས་རིགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 19:40:59     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 199897520567606522.jpg

    གསུམ་པ་གདམས་དོན་ཇི་ལྟར་སྒྲུབ་པའི་སྒྲུབ་པ་བཤད་པ་ལ། སྒྲུབ་པའི་རྟེན་དང༌། དམིགས་པ་དང༌། ཆེད་དུ་བྱ་བ་དང༌། སྒྲུབ་པའི་ངོ་བོ་བཞི། དང་པོ་ལ་རིགས་ཀྱི་དབྱེ་བ་དང༌། རྩོད་སྤོང་གཉིས། དང་པོ་ནི། རྩ་བར། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །ནས་རིགས་ཤེས་བྱ། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས། ཞེས་པ་ནས། མཚན་ཉིད་གཅིག་པ་འདི་ལྟ་སྟེ། མཚན་ཉིད་མེད་པའོ། །ཞེས་པའི་བར་གྱིས་སྒྲུབ་པ་བཅུ་གསུམ་གྱི་རྟེན་རང་བཞིན་གནས་རིགས་བཅུ་གསུམ་བསྟན་པ་དེ་སྟོན་པར་འདི་བྱུང༌། གཉིས་པ་ནི། ཐེག་ཆེན་སྒྲུབ་པ་བཅུ་གསུམ་བདེན་སྟོང་ཆོས་ཅན། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་ཏེ། ཐེག་ཆེན་སྒྲུབ་པས་ཁྱོད་འཛིན་སྟངས་ཀྱི་ཡུལ་དུ་དམིགས་ཏེ་བསྒོམས་པས་སྤངས་རྟོགས་ཀྱི་ཆོས་གོང་ནས་གོང་དུ་འཕེལ་བའི་རང་བཞིན་གྱི་རིགས་ཡིན་པའི་ཕྱིར། འདིར་384བསྟན་གྱི་རིགས་ཆོས་ཅན། བཅུ་གསུམ་ཡོད་དེ། བརྟེན་པ་ཐེག་ཆེན་སྒྲུབ་པ་བཅུ་གསུམ་ཡོད་པའི་ཕྱིར། སྒྲུབ་པ་བཅུ་གསུམ་ཡོད་དེ། སྦྱོར་ལམ་བཞི་མཐོང་སྒོམ་གཉིས་ཏེ་རྟོགས་པའི་ཆོས་དྲུག་དང༌། གཉེན་པོ་དང་སྤོང་བའི་སྒྲུབ་པ་གཅིག་ཏུ་བྱས་པ་དང༌། སྤང་བྱ་ཡོངས་སུ་གཏུག་པའི་རྣམ་གྲོལ་ལམ་དང༌། ཤེས་རབ་ཀྱི་སྒྲུབ་པ་དང༌། སྙིང་བརྩེའི་སྒྲུབ་པ་དང༌། ས་དགུ་པའི་ཐུན་མོང་མ་ཡིན་པའི་སྒྲུབ་པ་དང༌། ས་བཅུ་པའི་གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་དང༌། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་སྟེ་བཅུ་གསུམ་ཡོད་པའི་ཕྱིར།

(384) པར་ཐེངས་གཉིས་པ། བསྟན་གནས་རིགས།

    གསུམ་པ་མཐའ་དཔྱད་པ་ལ་རིགས་ལ་དཔྱད་པ། སྤང་གཉེན་ལ་དཔྱད་པ། དགོངས་ལྡེམ་དགོངས་ལ་དཔྱད་པ་གསུམ། དང་པོ་ལ། དགག་བཞག་སྤངས་གསུམ། དང་པོ་ལ། ཉན་ཐོས་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་བའི་ལུགས་ལ་དཔྱད་པ་གསུམ། དང་པོ་ལ་ཁ་ཅིག་ན་རེ། བྱེ་མདོ་གཉིས་རིགས་འདོད་ཚུལ་མཐུན་ཟེར་ན། དེ་མི་འཐད་པར་ཐལ། བྱེ་སྨྲའི་རིགས་ཀྱི་ངོ་བོ་སེམས་བྱུང་དང་མ་ཆགས་པའི་དགེ་བར་ཁས་ལེན། མདོ་སྡེ་པས་ཟག་མེད་སེམས་ཀྱི་ས་བོན་ཞིག་ཏུ་ཁས་ལེན་པའི་ཕྱིར། དང་པོ་གྲུབ་སྟེ། དགེ་རྩ་གསུམ་གྱི་ནང་གི་མ་ཆགས་པའི་སེམས་བྱུང་གཅིག་འཕགས་པའི་རིགས་ཡིན་པའི་ཕྱིར་ཏེ། མཛོད་ལས། མ་ཆགས་འཕགས་རིགས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལ་དབྱེ་ན་ཆོས་གོས་ངན་ངོན་གྱིས་ཆོག་ཤེས་དང༌། བསོད་སྙོམས་ངན་ངོན་གྱིས་ཆོག་ཤེས་དང༌། གནས་མལ་ངན་ངོན་གྱིས་ཆོག་ཤེས་དང༌། སྤོང་བ་དང་སྒོམ་ལ་དགའ་བའི་མ་ཆགས་པ་བཞི་ཡོད་པའི་ཕྱིར་ཏེ། མཛོད་ལས། དེ་དག་ལས། །གསུམ་གྱི་ཚུལ་བསྟན་ཐ་མའི་ལས། །སྲིད་པ་སྐྱེ་བའི་གཉེན་པོའི་ཕྱིར། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒྱལ་སྲས་མ་ལས། མདོ་སྡེ་པ་དག་རང་བཞིན་དུ་གནས་པའི་རིགས་ནི་ཟག་པ་མེད་པའི་སེམས་ཀྱི་ས་བོན་གྱི་ནུས་པ་ལ་འདོད། ཅེས་གསུངས་པའི་ཕྱིར།

    གཉིས་པ་སེམས་ཙམ་པའི་ལུགས་ལ་ཁ་ཅིག་ན་རེ། སེམས་ཙམ་པས་རིགས་དྲུག་ཏུ་འདོད་དེ། ཉན་ཐོས་ཀྱི་རིགས། རང་རྒྱལ་གྱི་རིགས། བྱང་སེམས་ཀྱི་རིགས། ངེས་པའི་རིགས། མ་ངེས་པའི་རིགས། རིགས་ཆད་དང་དྲུག ཉན་ཐོས་ཀྱི་ཆོས་ཐོས་པས་གསོ་བར་བྱ་བ་ཉན་ཐོས་ཀྱི་རིགས། གཟུང་བ་རང་བཞིན་མེད་པ་མན་ཆད་ཀྱི་ཆོས་ཐོས་པས་གསོ་བར་བྱ་བ་རང་རྒྱལ་གྱི་རིགས་ཟེར་བ་ལ། ཡང་ཁ་ཅིག་ན་རེ། རང་རྒྱལ་གྱི་རིགས་བཟུང་བ་རང་བཞིན་མེད་པའི་ཆོས་ཐོས་པས་གསོ་བའི་དོན་གཟུང་བ་ཕྱི་དོན་མེད་པ་དང་བདེན་མེད་གང་རུང་དགོས་པས་མི་འཐད་ཟེར། བླུན་པོ་ལ་ལ་ན་རེ། རྣམ་བཤད་ལས་ཀྱང་དེ་ལྟར་གསུངས་པ་ཡང་ཞལ་ནོར་ཟེར། རྨོངས་ཞེན་ཁ་ཅིག་ན་རེ། བདག་མེད་གཉིས་གང་རུང་མ་ཡིན་པའི་གཟུང་བ་རང་བཞིན་མེད་པ་ཡིན་པར་ཐལ་ལོ་ཟེར། དེ་དག་མི་འཐད་པར་ཐལ། རང་རྒྱལ་གྱིས་གཟུང་བ་སྐྱེ་མཆེད་གང་ཟག་གི་བདག་མེད་དུ་གཙོ་བོར་བསྒོམ་པའི་ཕྱིར། དེར་ཐལ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་མ་གཏོགས་གྲུབ་མཐའ་གཞན་བཞི་ཀའི་ལུགས་ལ་ཉན་རང་གཉིས་ལ་ཤེས་རབ་ཀྱི་རྟོགས་རིགས་ཐ་དད་པར་མི་འདོད་པའི་ཕྱིར། དེར་ཐལ། རང་རྒྱལ་གྱིས་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་སློབ། མངོན་རྟོགས་ཀྱང་ཆོས་མངོན་རྟོགས་སོགས་མངོན་རྟོགས་བདུན་རྒྱུད་ལ་སྐྱེད་ཚུལ་མི་འདྲ་ཡང་མངོན་རྟོགས་བདུན་ཉན་ཐོས་དང་འདྲ་བའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། ཉན་ཐོས་ཀྱི་ཐེག་པ་གང་ཞེ་ན། ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་385མཐུན་པ་ཐོབ་པའོ། །རང་སངས་རྒྱས་ཀྱི་ཐེག་པ་གང་ཞེ་ན། རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང༌། ནས། བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་བསམ་པ་ཅན་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ། ནས། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ནས་བསེ་རུ་ལྟ་བུར་གྱུར་ཏེ། གཅིག་པུར་གནས་པའམ། རང་རྒྱལ་བར་གྱུར་ཏེ། ཚོགས་ན་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མངོན་རྟོགས་བདུན་ཉན་ཐོས་ཀྱིས་བསྡུས་པ་ཐོབ། རང་རྒྱལ་གྱིས་མངོན་རྟོགས་བདུན་པོ་གཞན་སྒྲ་ལ་མ་བརྟེན་པར་རང་ཉིད་ཀྱིས་རྟོགས་པའི་ཕྱིར་ཏེ། ཀུན་བཏུས་ལས། ཉན་ཐོས་ཀྱི་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་386བདུན་པོ་དེ་དག་ཉིད་མདོར་བསྡུས་ཏེ་ཉན་ཐོས་ཀྱི་མངོན་པར་རྟོགས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་གང་ཞེ་ན། མངོན་པར་རྟོགས་པ་བདུན་པོ་དེ་དག་ཀྱང་གཞན་གྱི་སྒྲ་ལ་མ་བརྟེན་པར་ཐོབ་པས་རང་སངས་རྒྱས་ཀྱི་མངོན་པར་རྟོགས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མངོན་རྟོགས་བཅུའི་ནང་གི་ཆོས་དང༌། དོན་དང༌། དེ་ཁོ་ན་དང༌། རྗེས་ལ་དང༌། དཀོན་མཆོག་དང༌། ཀུན་ཏུ་མི་འབྱུང་བ་དང་མཐར་ཐུག་པའི་མངོན་པར་རྟོགས་པ་བདུན་པོ་དེ་ཡིན་པའི་ཕྱིར། དེ་ལྟར་མ་གོ་ནས་མཁས་རློམས་དང་བླུན་པོ་དུ་མས་མུན་སྤྲུལ་བྱས་སོ། །གཞན་ཡང༌། རྣམ་བཤད་ཀྱི་གཟུང་བ་རང་བཞིན་མེད་པའི་དོན་སྐྱེ་མཆེད་བཅུ་གཉིས་གང་ཟག་གི་བདག་མེད་པ་ལ་བྱེད་པར་ཐལ། ཉན་རང་གཉིས་ཀས་ཉན་ཐོས་ཀྱི་སྡེ་སྣོད་ལས་གང་ཟག་གི་བདག་མེད་བསྒོམ་པར་གསུངས་པ་འདྲ་ཡང་གཏན་ལ་དབབ་པའི་གཞིའི་སྒོ་ནས་ཁྱད་པར་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་ཀས་གང་ཟག་གི་བདག་མེད་གཏན་ལ་འབེབས་པ་དང་སྒོམ་དུས་ཉན་ཐོས་རང་བཞིན་གྱི་དབང་པོ་རྟུལ་བས་ཕུང་པོ་ལྔ་ཙམ་གྱི་སྟེང་ནས་དང༌། རང་རྒྱལ་རང་བཞིན་གྱི་དབང་པོ་འབྲིང་ཡིན་པས་སྐྱེ་མཆེད་བཅུ་གཉིས་ཀྱི་སྟེང་དུ་གཙོ་བོར་བྱེད་པ་དེ་ཡིན་པའི་ཕྱིར། མདོ་སྡེ་དུ་མ་དང༌། མཛོད་ལས། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། སྤྲོས་པས་ཆོག་ལ་གཞན་དུའང་བཤད་ཟིན། ཉན་ས་ལས། དེ་ནི་ལུས་ལས་ཁྱད་པར་དུ་གྱུར་པ་དང༌། སྐྱེ་མཆེད་དྲུག་གིས་ཟིན་པ་དང་ཞེས་པའི་དོན་ལ་ཁ་ཅིག། མདོ་སྡེ་འབར། ན་རེ། དབང་པོ་ལྔ་རིགས་སུ་མི་རུང་བས་སྐྱེ་མཆེད་ཡིད་ཀྱི་སྐྱེ་མཆེད་ལ་བྱ་ཟེར། འབྲི་ཆེན་པོ་ཤེས་རབ་འབར་ན་རེ། སོར་བཞག་ཆོག་སྟེ། དབང་པོ་ལྔ་ཡང་སེམས་ཀྱི་སྣང་བ་ཡིན་པའི་ཕྱིར་ཟེར། ཁ་ཅིག་ན་རེ། ..... སྔོན་གྱི། ཕྱིའི་སྐྱེ་མཆེད་དྲུག་པོ་དེ་བཞིན་ཉིད་ལ་བྱ་སྟེ། ཆོས་ཉིད་ཀྱིས་ཐོབ་པ་ཞེས་པས་སོ་ཟེར། དེ་རྣམས་མི་འཐད་པར་ཐལ། དང་པོ་གཉིས་སྐྱེ་མཆེད་ལ་མ་འཁྲུལ་ཡང་རིགས་སུ་འདོད་ཚུལ་ནོར། གསུམ་པས་ནི་སྐྱེ་མཆེད་དང་རིགས་གཉིས་ཀ་ངོས་མ་ཟིན་པའི་ཕྱིར། དང་པོ་གྲུབ་སྟེ། རིགས་ཅན་གྱི་ནང་གི་སྐྱེ་མཆེད་དྲུག་རིགས་ཀྱི་གདགས་གཞི་ཡིན་གྱི་རིགས་མ་ཡིན་པའི་ཕྱིར། དེར་ཐལ། ནང་གི་སྐྱེ་མཆེད་387དྲུག་གི་སྟེང་གི་གནས་འགྱུར་ལྟར་རམ་གང་རུང་གི་སྟེང་གི་གཉེན་པོ་མཐར་ཐུག་འབྱུང་རུང་དང་དྲི་མ་ཟད་རུང་གི་ནུས་པའམ་ས་བོན་ལ་འཇོག་པའི་ཕྱིར། དབང་པོ་དྲུག་གནས་འགྱུར་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པར་བཤད་པའི་ཕྱིར། ཉན་ས་ལས། ས་བོན་དེ་ནི་སྐྱེ་མཆེད་དྲུག་པོ་དེ་དག་ལས་ལོགས་ཤིག་ན་ཐ་དད་པའི་མཚན་ཉིད་མེད་དེ། ནས། སྐྱེ་མཆེད་དྲུག་པོ་དེ་ལྟར་གྱུར་པའི་གནས་སྐབས་དེ་ལ་རིགས་དང་ས་བོན་དང་ཁམས་དང་རང་བཞིན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་དང། ས་བོན་ཞེས་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཆོས་ཉིད་ཀྱིས་ཐོབ་པའི་སྡོམ་པ་ཡང་ཡོད་པས་དེས་འདུ་མ་བྱས་སུ་མི་འགྲུབ་ལ་དབང་པོ་གནས་གྱུར་དང་ཡེ་ཤེས་ལྔ་གང་གི་གནས་གྱུར་སོགས་མ་ཤེས་པའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། ནང་གི་སྐྱེ་མཆེད་དྲུག་གང་རུང་ལ་ཐོགས་མེད་ནས་རྒྱུན་མ་ཆད་པར་འོངས་པའི་བྱང་ཆུབ་ཐོབ་རུང་གི་ནུས་པ་ལ་བྱེད་དགོས་པའི་ཕྱིར་ཏེ། རྒྱ་མཚོ་སྤྲིན་ལས། ས་བོན་དེ་ཡང་འདུས་བྱས་ལས་དེ་ཉིད་གཞན་དང་གཞན་དུ་བརྗོད་པ་ལས་གྲོལ་བ་གཟུང་བར་མི་ནུས་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱའོ ཞེས་གསུངས་པའི་ཕྱིར།

(385) པར་ཐེངས་གཉིས་པ། མཐུན་པའི་ཆོས་བསྒྲུབ་ཅིང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །

(386) པར་ཐེངས་གཉིས་པ། དེ་དག་བདུན་པོ་ཉིད།

(387) པར་ཐེངས་གཉིས་པ། དྲུག་གི་གནས།

    གསུམ་པ་དབུ་མ་བའི་ལུགས་ལ། རོང་ཊཱིཀ་པ་ན་རེ། དྲི་བཅས་ཀྱི་སེམས་གསལ་རིག་དེ་རང་བཞིན་གནས་རིགས་ཡིན་ཏེ། སངས་རྒྱས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། རིགས་ཁམས་སྦྲང་རྩི་འདྲ་བ་འདི་གཟིགས་ནས། །ནས། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་དང༌། བསྟོད་ཚོགས་ལས། བདེ་གཤེགས་སེམས་ལས་སངས་རྒྱས་འབྱུང༌། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཉོན་མོངས་ནང་ནས་སངས་རྒྱས་དང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་པའི་ཕྱིར་ཟེར་ན། ལུང་དང་པོ་དྲངས་མཚམས་ལ་མ་ཁྱབ་པར་ཐལ། སེམས་ཅན་གྱི་སེམས་བདེན་སྟོང་ལ་ཟག་མེད་ཤེས་པར་བཏགས་ནས་སྦྲང་རྩི་ལྟ་བུར་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུད་བླ་མ་ལས་དེ་བཞིན་གཤེགས་པའི་སྙིང་པོ་དེ་བཞིན་གཤེགས་པའི་སྐུ་དང་སྦྲང་རྩི་སོགས་བཅུས་བཤད་པ་གང་ཞིག །དེ་བཞིན་གཤེགས་པའི་སྙིང་པོ་སྟོང་ཉིད་ཡིན་པ་མདོ་དང་ཐོགས་འགྲེལ་ལས། དཔེ་དགུ་ཚན་གཉིས་ཀྱིས་ཀྱང་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། དེ་ལྟར་རྒྱལ་བའི་སྙིང་པོ་ཡིས། །རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད། །ཉོན་མོངས་སྦུབས་ན་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་ཐོགས་འགྲེལ་ལས། རྟག་པའི་ཆོས་ཉིད་རིགས་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་ནས་དོན་རྣམ་པ་བཅུས་དེ་བཞིན་གཤེགས་པའི་སྙིང་པོ་འདི་རྣམ་པར་བཞག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་འདྲའི་རང་བཞིན་གནས་རིགས་ལ་པད་ངན་ནང་གི་དེ་བཞིན་གཤེགས་པ་ལྟ་བུར་གསུངས་པའི་ཕྱིར་ཏེ། སྙིང་པོའི་མདོ་ལས། ཉོན་མོངས་པ་ཐམས་ཅད་ཀྱི་ཉོན་མོངས་པ་ཅན་དུ་གྱུར་པ་དེ་དག་གི་ནང་ན་དེ་བཞིན་གཤེགས་པའི་ཆོས་ཉིད་མི་གཡོ་ཞིང་སྲིད་པའི་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པ་མཐོང་ནས། དེ་བཞིན་གཤེགས་པ་དེ་དག་ནི་ང་དང་འདྲའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དཔེ་དང་པོའི་གྲུབ་དོན་སྐབས་སུ་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཤེས་རབ་ཀྱི་མིག་ཡོད་ན་ཐེ་ཚོམ་ག་ལ་ཡོད། དེ་བཞིན་དུ་ཐོགས་འགྲེལ་ལས་ཀྱང༌། རང་བཞིན་དག་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ནས་དཔེ་དགུས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་ཕྱེ་བ་མཐའ་ཡས་པས་བཏུམས་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། དཔེ་དགུ་སྡོམ་གྱིས་འཆད་པར། རྒྱུད་བླ་མ་ལས། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །ཞེས་སོགས་དང༌། རྒྱས་བཤད་ཀྱི་ནང་ནས། དེ་བཞིན་ལུས་ཅན་རྣམས་ཀྱི་ཟག་པ་མེད་པའི་ཤེས་པ་སྦྲང་388མའི་སྦྲང་རྩི་འདྲ ཞེས་གསུངས་པའི་ཕྱིར། དེས་ན་བསྟོད་ཚོགས་ཀྱི་ལུང་དོན་སྙིང་པོའི་མདོ་ལྟར་ཡིན་ཏེ། མདོ་དེའི་དོན་ཚིགས་བཅད་བྱས་པར་ཤིན་ཏུ་གསལ་བའི་ཕྱིར། སྤྲོས་པ་ཙམ་གྱིས་ཤེས་སོ། །ཡང་ཁོ་ན་རེ། དྲི་བཅས་ཀྱི་སེམས་གསལ་རིག་དེ་རང་བཞིན་གནས་རིགས་ཟེར་ན། དེ་ཆོས་ཅན། ཁྱོད་རང་བཞིན་གནས་རིགས་མ་ཡིན་པར་ཐལ། ཁྱོད་ལ་རང་བཞིན་གྱི་དོན་མ་ཚང་པའི་ཕྱིར། དེར་ཐལ། ཁྱོད་རྒྱུ་རྐྱེན་གྱིས་གསར་དུ་བཅོས་པའི་ཆོས་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། དེ་དག་གིས་ནི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་ཡིན་ནོ་ཞེ་ན། རྐྱེན་གྱིས་ཡང་དག་པར་བླངས་པ་ལས་བྱུང་བ་ཡང་དེ་ཡིན་པས་དེས་ན་དོན་གྱི་ཁྱད་པར་ཅི་ཞིག་ཡོད། ཅེས་གསུངས་པའི་ཕྱིར།

(388) པར་ཐེངས་གཉིས་པ། མའི་རྩི་དང་འདྲ།

    གཞན་ཡང༌། དེ་ཆོས་ཅན། ཆོས་ཉིད་ཡིན་པར་ཐལ། རང་བཞིན་གནས་རིགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ནི་མདོ་དང་མཐུན། འཕགས་སེང་གི་དགོངས་པ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དཀོན་མཆོག་བརྩེགས་པ་ལས། གང་ལ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ནི་འདུས་མ་བྱས་ཡིན་ལ། འདུས་མ་བྱས་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། ཞེས་དང༌། ཕལ་ཆེན་ལས་ཀྱང༌། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་གསུངས་པའི་ཕྱིར་དང༌། རྗེ་བཙུན་གྱིས་ཀྱང༌། དྲི་མེད་གསལ་དང་གཞན་མེད་ཆོས་ཉིད་ཀྱི། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། ཆོས་ཉིད་ཀྱི་རྣམ་གྲངས་ཡིན་པ་ལ་ནི་ཉེས་པ་འདི་མེད་དོ ཞེས་དང༌། འགྲེལ་པ་ལས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ལ་རིགས་ཞེས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཀྱིས་མ་ཁྱབ་པར་ཐལ། དྲི་བཅས་ཀྱི་སེམས་གསལ་རིག་ཙམ་ལ་རིགས་སུ་འཇོག་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ན་རིགས་དེ་གསར་བཞག་དགོས་པས་མདོ་དུ་མ་དང་འགལ་བའི་ཕྱིར། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དང༌། དཀོན་བརྩེགས་ལས། རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། །རིགས་དེ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཀྱི་དེ་བཞིན་ཉིད་ཡིན་པས་ཆོས་ཀྱི་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རྟག་པའོ། །ཞེས་དང༌། ཐོགས་འགྲེལ་དུ་མདོ་དྲངས་པ་ལས། ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་སོང༌། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང༌། །ཞེས་དང༌། ཐོགས་འགྲེལ་ལས་ཀྱང༌། དེ་ལྟར་སངས་རྒྱས་ཀྱི་གཟུགས་དང༌། སྦྲང་རྩི་དང༌། སྙིང་པོའི་དཔེ་འདི་གསུམ་གྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས་སེམས་ཅན་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཆོས་དབྱིངས་གང་ཞིག །ཐེག་ཆེན་སྒྲུབ་པའི་རྟེན་གཞི་བྱེད་པ་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན། སངས་རྒྱས་ཀྱི་སེམས་བདེན་སྟོང་ཆོས་ཅན། རང་བཞིན་གནས་རིགས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་སླ། ཕྱི་མ་དེར་ཐལ། ཐེག་ཆེན་སྒྲུབ་པའི་འཛིན་སྟངས་སུ་བྱེད་པའི་ཆོས་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་འདིའི་སྒྲུབ་པའི་རྟེན་ནི་དེའི་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་དམིགས་བྱ་ལ་བྱེད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཀྱི་སྐུ་ཡིན་པའི་ཕྱིར། ཁྱབ་སྟེ། སེམས་ཀྱི་ཆོས་ཉིད་དྲི་མ་དང་བཅས་དུས་སུ་སེམས་ཅན་གྱི་ཁམས་དང་བདེ་བར་གཤེགས་པའི་སྙིང་པོ་ཡིན། དྲི་མ་ཐམས་ཅད་ཟད་དུས་དེ་ཆོས་སྐུ་ཡིན་པའི་ཕྱིར། དར་ཊཱིཀ་ལས། དེ་བཞིན་ཉིད་གཅིག་པུ་དྲི་མ་དང་བཅས་པའི་གནས་སྐབས་ན་སེམས་ཅན་གྱི་ཁམས་དང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྙད་ལ་དྲི་མ་མཐའ་དག་གིས་དབེན་པ་ན་ཆོས་ཀྱི་སྐུའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གཉིས་གནས་སྐབས་སྒོ་ནས་འགལ་བའི་ཕྱིར་དང༌། མདོ་དང་ཤིང་རྟ་ཆེན་པོའི་དགོངས་པ་ཡིན་པའི་ཕྱིར། ཐོགས་འགྲེལ་དུ་སེང་གེའི་ང་རོའི་མདོ་དྲངས་པ་ལས། ཤཱ་རིའི་བུ། སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དྲི་མ་ཅི་རིགས་པ་སྤངས་ཤིང་ཅུང་ཟད་དང་བཅས་པའི་གནས་སྐབས་ན་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་དྲི་མ་མཐའ་དག་གིས་དབེན་པ་ན་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་གསུངས་པའི་ཕྱིར།

    གཞན་ཡང༌། རྒྱུན་མཐའི་བར་ཆད་མེད་ལམ་གྱི་ཆོས་ཉིད་ཆོས་ཅན། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཡིན་པར་ཐལ། རང་བཞིན་གནས་རིགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་དྲི་མ་མེད་ལ་དྲི་མ་མ་སྤངས་པའི་སྐབས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། བྱང་སེམས་ཀྱི་རྒྱུད་ཀྱི་ཆོས་ཉིད་གནས་གྱུར་མཐར་ཐུག་པའི་ཚེ་ངོ་བོ་ཉིད་སྐུར་འགྱུར་རུང་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན། ལམ་མ་ཞུགས་ཀྱི་རྒྱུད་ཀྱི་རང་བཞིན་གནས་རིགས་དང༌། ཉན་རང་གི་རྒྱུད་ཀྱི་དེ་དག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཡང་ཁ་ཅིག།།མཚན་ཉིད་དེ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན། རྒྱུན་མཐའ་པའི་ཆོས་ཉིད་ཆོས་ཅན། གནས་འགྱུར་མཐར་ཐུག་གི་ཚེ་ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་རིགས་པར་ཐལ། གནས་འགྱུར་མཐར་ཐུག་གི་དུས་སུ་ངོ་བོ་ཉིད་སྐུར་གྱུར་ཟིན་པའི་ཕྱིར། དེར་ཐལ། དེ་ཚེ་སངས་རྒྱས་ཟིན་པའི་ཕྱིར་ཏེ། དེ་སངས་རྒྱས་ཟིན་པའི་དུས་ཡོད་པའི་ཕྱིར། ཡང་ཁ་ཅིག།།ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཡན་ཆད་ཀྱི་བྱང་སེམས་རྒྱུད་ཀྱི་ཆོས་ཉིད་དེ། འདིར་བསྟན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན། འོ་ན། བྱང་སེམས་ཀྱི་དྲོད་ཡན་ཆད་ཀྱི་མཐོང་སྤང་བདེན་འཛིན་གྱི་ཆོས་ཉིད་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་ཁ་ཅིག་ན་རེ། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཟེར་ན། འོ་ན། རང་བཞིན་གནས་རིགས་ཡིན་ན་སེམས་གཅིག་གི་ཆོས་ཉིད་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱ་རུང་གི་གང་ཟག་དང༌། ཕུང་པོ་དང༌། སེམས་བྱུང་གི་ཆོས་ཉིད་ཀྱང་རང་བཞིན་གནས་རིགས་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱ་རུང་གི་དེ་དག་སངས་རྒྱས་པ་ན་འབྲས་བུ་ཆོས་སྐུ་ཡིན་པའི་ཕྱིར།

    གཉིས་པ་རང་ལུགས་ལ། ངོ་བོ་དང༌། དབྱེ་བ་དང༌། སྒྲ་བཤད་དང༌། རིགས་ནས་འཁྲིད་ཚུལ་བཞི། དང་པོ་ལ། བྱེ་མདོ་སེམས་ཙམ་པའི་ལུགས་རྣམ་གྲངས་སུ་འགོད་པ་དང༌། རང་གི་ལུགས་སོ། །389དང་པོ་ནི། བྱེ་སྨྲས་མ་ཆགས་པའི་ཤེས་པ་ཆོག་ཤེས་འཕགས་པའི་རིགས་སུ་འདོད་དེ། མཛོད་ལས། མ་ཆགས་འཕགས་རིགས། ཞེས་སོ། །མདོ་སྡེ་བས་ཟག་མེད་ཡེ་ཤེས་འབྱུང་རུང་གི་སེམས་ཀྱི་ནུས་པའམ་ས་བོན་ལ་རིགས་སུ་འདོད་དེ། རྒྱལ་སྲས་མ་ལས། མདོ་སྡེ་པ་དག་གིས་རིགས་ཞེས་བྱ་བ་འདི་ནི་སེམས་ཀྱི་ས་བོན་གྱི་ནུས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དབྱེ་ན་དགྲ་བཅོམ་དགུའི་རིགས་དགུ་ཡོད། སེམས་ཙམ་པས་ཀུན་གཞི་མ་བཞག་ན་ཐོག་མེད་ནས་བརྒྱུད་དེ་འོངས་པའི་ནང་གི་སྐྱེ་མཆེད་དྲུག་གི་སྟེང་གི་ཟག་པ་མེད་པའི་ཡེ་ཤེས་སྐྱེ་རུང་དྲི་མ་དང་བྲལ་རུང་གི་ས་བོན་ཐོས་སོགས་ཀྱིས་གསོས་མ་བཏབ་པ་རང་བཞིན་གནས་རིགས་ཁོ་ན་དང༌། ཐོས་སོགས་ཀྱིས་གསོས་བཏབ་པའི་ནུས་པ་དེ་རྒྱས་འགྱུར་གྱི་རིགས་དང༌། ཀུན་གཞི་བཞག་ན་དེའི་སྟེང་གི་དེ་འདྲའི་རིགས་གཉིས་འཇོག་པའི་ཕྱིར། རང་བཞིན་གནས་རིགས་ཁྱད་པར་བཞི་ལྡན་ཡིན་ཏེ། གྲུབ་དུས་ཀྱི་དང༌། རྒྱུན་གྱི་དང༌། ཐོབ་ཚུལ་གྱི་དང༌། གདགས་གཞིའི་ཁྱད་པར་བཞི་དང་ལྡན་པའི་ཕྱིར། དང་པོ་ཡོད་དེ། ཁྱོད་ཀྱི་རིགས་འདྲ་སྔ་མ་ཐོག་མ་མེད་པ་ནས་ཡོད་པའི་ཕྱིར། བྱང་ས་ལས། ཐོག་མ་མེད་པའི་དུས་ཅན། ཞེས་གསུངས་པའི་ཕྱིར། སེམས་ཙམ་པའི་ལུགས་ལ་དང་པོ་ཉིད་ནས་རིགས་ངེས་པའི་དང་པོ་ལ་དེ་འདྲ་གཅིག་དགོས་སོ། །གཉིས་པ་ཡོད་དེ། ཁྱོད་ཀྱི་རིགས་འདྲ་གྲུབ་པ་ནས་རྒྱུན་ཆད་མ་མྱོང་བའི་ཕྱིར་ཏེ། བྱང་ས་ལས། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ལ། ཞེས་དང༌། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ། ཞེས་གསུངས་པའི་ཕྱིར། གསུམ་པ་ཡོད་དེ། ལམ་སྒོམ་པ་སོགས་ཀྱི་རྩོལ་བར་མ་ལྟོས་པར་ཆོས་ཉིད་ཀྱིས་ནུས་པ་དེ་ཐོབ་པའི་ཕྱིར་ཏེ། བྱང་ས་ལས། ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ ཞེས་དང༌། མདོ་ལས་ཀྱང༌། ཆོས་ཉིད་ཀྱིས་ཐོབ། ཅེས་གསུངས་པའི་ཕྱིར། བཞི་པ་ཡོད་དེ། གདགས་གཞི་སྐྱེ་མཆེད་དྲུག་གི་ཁྱད་པར་གདགས་གཞིར་བྱས་ནས་གནས་འགྱུར་ཁྱད་པར་འབྱུང་བའི་ནུས་པ་གཅིག་རིགས་སུ་འཇོག་པའི་ཕྱིར་ཏེ། བྱང་ས་ལས། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་དང༌། མདོ་ལས། སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར། ཀུན་གཞིའམ་ནང་གི་སྐྱེ་མཆེད་དྲུག་གནས་འགྱུར་རུང་གི་ནུས་པ་རིགས་ཡིན་ཏེ། ཀུན་གཞི་གནས་གྱུར་ཆོས་སྐུ་དང༌། ཉོན་ཡིད་གནས་གྱུར་ལོངས་སྐུ་དང༌། སྒོ་ལྔའི་རྣམ་ཤེས་གནས་གྱུར་སྤྲུལ་སྐུར་བཙུན་པས་བཞེད་པའི་ཕྱིར། གཞན་ཡང༌། རིགས་སུ་འདོད་པ་དེ་ལྟར་ཡིན་ཏེ། ཀུན་གཞི་གནས་གྱུར་མེ་ལོང་ཡེ་ཤེས་དང༌། ཆོས་དབྱིངས་ཡེ་ཤེས་ཆོས་སྐུ་དང༌། ཉོན་ཡིད་གནས་གྱུར་མཉམ་ཉིད་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་གནས་གྱུར་སོར་རྟོགས་ཡེ་ཤེས་གཉིས་ལོངས་སྐུ། དབང་ཤེས་ལྔ་གནས་གྱུར་བྱ་གྲུབ་ཡེ་ཤེས་དང་སྤྲུལ་སྐུར་བཞེད། སྐྱེ་མཆེད་དྲུག་ཁོ་ནས་དབང་དུ་བྱས་390ནས་ཡིད་ཤེས་གནས་གྱུར་སྤྲུལ་སྐུ་དང༌། དབང་ཤེས་ལྔ་གནས་གྱུར་ལོངས་སྐུར་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། ཙནྡྲ་གོ་མིས། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་ཉིད་གྱུར་པ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཉིད་ལས། ཉོན་མོངས་ཅན་ཡིད་གནས་གྱུར་པ། །ནས། ཡིད་ཀྱི་རྣམ་ཤེས་དེ་ཉིད་དེ། །དེ་དག་ལོངས་སྤྱོད་རྫོགས་སྐུར་འདོད། །ཅེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་ཉིད་ལས། དབང་པོ་ལྔ་ཡི་རྣམ་ཤེས་གང༌། །ནས། སངས་རྒྱས་རྣམས་ཀྱི་སྤྲུལ་སྐུ་དེ། །སྤྲུལ་པ་391ཀུན་གྱི་རྒྱུ་ཡིན་པར། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། དེ་ཉིད་ལས། ཁ་ཅིག་ཡིད་ནི་ཁོ་ན་ལ། །སྤྲུལ་པའི་སྐུ་ཉིད་དུ་ནི་རྟོགས། །དབང་པོ་ལྔ་ཡི་རྣམ་ཤེས་གང༌། །དེ་ཡི་ལོངས་སྤྱོད་རྫོགས་སྐུར་རོ། །ཞེས་གསུངས་པའི་ཕྱིར། འདི་གསེར་འོད་དང་ཆ་འདྲའོ། །མདོ་སྡེ་རྒྱན་གྱི་དེ་ཡང་ཅི་རིགས་ཡོད་དེ། གསེར་ཕྲེང་དང་ལེ་བརྒྱད་མར་བཤད་དོ། །དེ་ལྟར་མ་གོ་བར་སྔ་ཕྱི་མང་པོས་མུན་སྤྲུལ་བྱས་སོ། །392རང་བཞིན་གྱི་རིགས་དེ་ལ་དབྱེ་ན་ཐོས་སོགས་ཀྱི་གསོས་མ་བཏབ་པའི་རང་བཞིན་གནས་རིགས་ཙམ་དང༌། ཐོས་སོགས་ཀྱིས་གསོས་བཏབ་པའི་རྒྱས་འགྱུར་དང་རང་བཞིན་གནས་རིགས་གཉིས་ཀ་ཡིན་པ་གཉིས་ཡོད་དེ། གསེར་ཕྲེང་ལས། དེ་ནི་ལྡོག་པ་འགལ་བ་ཡིན་གྱི་རྫས་འགལ་བ་ནི་མིན་ནོ དེས་ན་རྫས་ལ་བསམ་ན་ལམ་དུ་ཞུགས་ནས་གཉིས་ཀ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རིགས་དྲུག་ནི་གོ་སླ།

(389) པར་ཐེངས་གཉིས་པ། དང་པོ་ལ། དང་པོ་བྱེ་སྨྲས།

(390) པར་ཐེངས་གཉིས་པ། ན།

(391) པར་ཐེངས་གཉིས་པ། རྣམས་ཀྱི།

(392) པར་ཐེངས་གཉིས་པ། རིགས་ཅན།

    གཉིས་པ་དབུ་མ་པའི་ལུགས་ལ། རང་གི་ཐོབ་བྱའི་ངོ་བོ་ཉིད་སྐུར་འགྱུར་རུང་གི་ཆོས་ཉིད་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་དང་པོ་སྟེ། །ཞེས་གསུངས་པའི་ཕྱིར། དེ་རིགས་སུ་འགྱུར་ཚུལ་ཡོད་དེ། དེ་འཛིན་སྟངས་སུ་དམིགས་ཏེ་བསྒོམས་པས་འཕགས་པའི་ཆོས་དང་དྲི་མ་དང་བྲལ་བའི་ཆོས་སྐུར་འགྱུར་བར་དཔེ་དུ་མས་བཤད་པ་དེའི་ཕྱིར། རྒྱུད་བླ་མ་ལས། ཡང་དག་མཐའ་ནི་འདུ་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཅེས་གསུངས་པའི་393ཕྱིར། དབྱེ་ན་ལམ་ལ་ཞུགས་མ་ཞུགས་གཉིས་དང༌། ཞུགས་པ་ལ་ཐེག་པ་གསུམ་གྱི་རིགས་གསུམ་ཡོད་དེ། རྩ་བར། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་སོ། །ཐོས་སོགས་ཀྱིས་གསོས་བཏབ་པའི་རང་གི་ཐོབ་བྱའི་སངས་རྒྱས་སུ་འགྱུར་རུང་གི་དངོས་པོ་དེ། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་གསུངས་པའི་ཕྱིར། དབྱེ་ན། ཡེ་ཤེས་ཆོས་སྐུར་འགྱུར་རུང་གི་སེམས་ཀྱི་ནུས་པ་དང༌། གཟུགས་སྐུར་འགྱུར་རུང་གི་སེམས་ཀྱི་ནུས་པ་གཉིས་ཡོད་དེ། རྒྱུད་བླ་མ་ལས། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི། ཞེས་དང༌། གསེར་ཕྲེང་ལས། གཉིས་པ་ནི། དེ་ལ་སྤྱིར་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་སྐྱེ་རུང་ཞིང་སྒྲིབ་པ་སྤང་དུ་རུང་བའི་རྒྱུ་ཙམ་ཞིག་རིགས་སུ་འཇོག་པ་དབུ་སེམས་གཉིས་ཀ་བཞེད་པ་མཐུན། ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ཀྱང༌། སེམས་ཅན་རྣམས་ཀྱི་སེམས་ཀྱི་སྟེང་ན་དྲི་མ་འབྲལ་རུང་ཞེས་སོགས་གསུངས་པའི་ཕྱིར། དབྱེ་ན་གནས་སྐབས་ཀྱི་རིགས་གསུམ་དང་མ་ངེས་པ་དང་གནས་སྐབས་རིགས་ཆད་དུ་དུས་འཁོར་ཊཱིཀ་ཆེན་ལྟར་འཐད་ཀྱང༌། གཏན་ནས་རིགས་ཆད་མེད་པར་རྣམ་བཤད་དང་དུས་འཁོར་ཊཱིཀ་ཆེན་གཉིས་ཀར་བཤད་པའི་ཕྱིར་ཏེ། ཐོགས་འགྲེལ་ལས་ཀྱང༌། རང་བཞིན་གྱི་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མིན་ཏེ། ཞེས་གསུངས་པའི་394ཕྱིར། སྒྲ་བཤད་དུ་མ་ཡོད་དེ། ཡོན་ཏན་སྒྲོལ་བས་ན་རིགས་དང༌། སས་བསྡུས་པ་སྐྱོབ་པས་ན་རིགས་དང༌། ཕྱོགས་ན་གནས་པ་སྐྱོབ་པས་ན་རིགས་ཞེས་བརྗོད་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་སྐད་དོད་གོ་ཏྲའི་གོ་གུ་ཎ་དང༌། ཏྲ་ཏཱར་བྱས་པའི་ཕྱིར་ཏེ། ཉི་སྣང་ལས། ཡོན་ཏན་སྒྲོལ་བའི་དོན་གྱིས་ན་རིགས་ཏེ། ཞེས་སོ། །གཉིས་པ་གྲུབ་སྟེ། ཀླུ་སྒྲུབ་ཀྱིས། དག་ཕྱོགས་ས་དང་འོད་ཟེར་དང༌། །ཕྱུག་དང་མིག་དང་རྡོ་རྗེ་དང༌། །མཐོ་རི་ཆུ་དང་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་གདགས། །ཞེས་གསུངས་པ་ལྟར། གོ་སྒྲ་ས་ལ་བྱས་ནས་སས་བསྡུས་པ་སྐྱོབ་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། ཉི་སྣང་ལས། དེ་བས་ན་སས་བསྡུས་པ་རྣམས་སྐྱོབ་པར་བྱེད་པས་ན་རིགས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། །ཉི་སྣང་ལས། ཕྱོགས་ན་གནས་པའི་སྲོག་ཆགས་རྣམས་ལ་གོ་བ་ཞེས་གདགས་ཏེ། དེས་ན་གོ་བ་སྐྱོབ་པར་བྱེད་པའི་རིགས་ཡིན་ནོ ཞེས་གསུངས་པའི་ཕྱིར། ཁ་ཅིག་ཀུ་ལ་འདིར་བཤད་པ་ནོར་རོ། །བཞི་པ་རིགས་ནས་འཁྲིད་ཚུལ་ཡོད་དེ། ཐོག་མར་ཉན་ས་ལྟར་ཐེག་པ་གསུམ་གྱི་སྡེ་སྣོད་བཤད་པས། གང་ལ་མོས་པ་དང་དབང་པོ་རྟོགས་པར་བྱས་ཏེ། དེ་ནས་རིགས་སད་པའི་ཐབས་བསགས་སྦྱང་དང་བློ་སྦྱོང་དགོས་པའི་ཕྱིར་ཏེ། རྣམ་བཤད་ལས། རིགས་བསགས་སྦྱང་གི་ཁྱད་པར་དུ་བྱས་པ་ཡིན་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཚོགས་ཆེན་པོ་བསགས་པ་དང་བློ་སྦྱངས་པ་མ་ཡིན་ན་སྐྲག་ནས་ཤེར་ཕྱིན་སྤོང་བ་སོགས་ཀྱིས་ཉམས་པའི་ཕྱིར་ཏེ། རྩ་བར། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་དང། ཐོས་པ་ཙམ་ལའང་སངས་རྒྱས་ལ་བརྟེན་ནས་བསོད་ནམས་བྱེད་དགོས་པ་གང་ཞིག །ཤེར་ཕྱིན་ཉན་པ་དང་བསམ་པའི་སྣོད་རུང་ལའང་བསྐལ་པ་དུ་མར་སངས་རྒྱས་དུ་མ་དང་དགེ་བའི་བཤེས་གཉེན་ལ་བཀུར་སྟི་བྱས་པའི་རིགས་ཁྱད་པར་ཅན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་བར། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་དང༌། འགྲེལ་བ་ལས། འདས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །ཞེས་དང༌། ཉི་སྣང་ལས། མང་པོ་ལ་བསྙེན་བཀུར་བྱས་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་ལྡན་པ་ནི་ལེན་པ་ལ་སོགས་པའི་སྣོད། ཅེས་གསུངས་པའི་ཕྱིར། རིགས་སད་ན་ལམ་བརྟན་པ་དང༌། ངན་འགྲོར་མི་ལྟུང་བ་སོགས་ཀྱིས་ཐོག་མར་རིགས་སད་དགོས་ཏེ། སད་པའི་ཐབས་ཐེག་ཆེན་གྱི་རྟོགས་པ་སྐྱེ་བའི་ཆེད་དུ་ཚོགས་རྒྱ་ཆེན་པོ་སོགས་ལ་སྨོན་པ་དང༌། ལམ་སྐྱེ་བའི་གེགས་སྦྱོང་བའི་སྟོང་ཉིད་བསྒོམ་པ་395སོགས་གཟུངས་ཀྱི་སྒོ་སྒྲུབ་པ་དང་ཡན་ལག་བདུན་པའི་བསགས་སྦྱང་བྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། ཐེག་པ་ཆེན་པོའི་རྟོགས་པ་སྐྱེ་བའི་ཆེད་དུ་ཚོགས་རྒྱ་ཆེན་པོ་གསོག་ཏུ་འཇུག་པ། ཞེས་གསུངས་པའི་ཕྱིར་དང། མདོ་སྡེ་རྒྱན་ལས་ཀྱང༌། སངས་རྒྱས་ཆོས་རྣམས་རྫོགས་བྱ་དང༌། །སེམས་ཅན་རྣམ་ཡོངས་སྨིན་པ་དང༌། །མྱུར་ཐོབ་བྱ་བ་འགྲུབ་པ་དང༌། །ལམ་རྒྱུན་མི་གཅོད་ལ་མཁས་པ། །བྱང་ཆུབ་སེམས་དཔའ་ས་ཀུན་ལ། །ཐབས་ནི་མཚུངས་པ་མེད་པ་སྟེ། །ཞེས་དང༌། དེའི་འགྲེལ་པ་ལས། བྱང་སེམས་རྣམས་ཀྱིས་ས་ཐམས་ཅད་ལ་ཐབས་རྣམ་པ་ལྔ་པོ་འདི་ལ་མཁས་པ་ནི། དེ་ལས་གཞན་པ་དག་དང་མཚུངས་པ་མེད་དེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་བཤད་ལས། ལམ་སྐྱེ་བའི་གེགས་ཀྱི་ཉེས་པ་སྒོ་དུ་མ་ནས་ལེགས་པར་སྦྱངས་ན། ཞེས་པ་ནས། ཐེག་པ་ཆེན་པོའི་རིགས་ལ་གནས་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། རྒྱན་གྱི་འགྲེལ་པ་ལས་ཀྱང༌། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པས་སྡིག་པ་ཐམས་ཅད་སོ་སོར་བཤགས་སོ། །ཞེས་བྱ་བ་ནས། བདག་གིས་ཡེ་ཤེས་རྫོགས་པའི་བྱང་ཆུབ་པར་གྱུར་ཅིག་ཅེས་པའི་བར་དེ་སོ་སོར་བཤགས་པ་དང༌། རྗེས་ཡི་རངས་པ་དང༌། གསོལ་བ་དང༌། ཡོངས་སུ་བསྔོ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་སེམས་བསྐྱེད་དང་སྨོན་ལམ་ནི་ཕྱིར་མི་ལྡོག་པའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། བཟང་དང་སྨོན་ལམ་སྟོབས་ཅན་དང༌། །འདུན་བརྟན་ཁྱད་པར་འགྲོ་བ་ནི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་གསུངས་པའི་ཕྱིར་དང། བཟང་བ་སྟེ་དགེ་བ་སྟོབས་ཅན་དང་སྨོན་ལམ་སྟོབས་ཅན་གྱིས་ནི་རང་བཞིན་འདུན་པ་གོང་འཕེལ་དང༌། ལམ་སོགས་གོང་འཕེལ་གྱི་ཁྱད་པར་དུ་འགྲོ་བའི་ཕྱིར་ཏེ། རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་དང༌། འགྲེལ་བར། སྨོན་ལམ་ནི་སེམས་ཁོ་ནས་མོད་ལ་འབྲས་བུར་འགྱུར་བའི་ཕྱིར་དང༌། མ་འོངས་པ་ན་འདོད་པའི་དོན་འགྲུབ་པའི་ཕྱིར། ནས། སྨོན་ལམ་གང་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་རྣམ་པར་བརྩེ་བ་དེའི་ལུས་བགྲང་བར་སླ་བ་མ་ཡིན་ནོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་སྒོ་ནས་དོན་གཉིས་སྒྲུབ་པའི་ཕྱིར་ཏེ། རྒྱན་ལས། སྣ་ཚོགས་ཆེ་དང་བྱང་ཆུབ་བར། །ཞེས་དང༌། དེའི་འགྲེལ་བར། སྣ་ཚོགས་པ་ནི་མོས་པ་སྤྱོད་པའི་ས་ལ་འདི་ལྟ་འདི་ལྟར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཆེན་པོ་ནི་ས་ལ་ཞུགས་པའི་སྨོན་ལམ་ཆེན་པོ་བཅུའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་རིགས་སད་པ་ལ་ཐེག་ཆེན་ལ་ལམ་རིམ་ལྟར་སྐྱེས་བུ་གསུམ་གྱི་བློ་སྦྱོང་བ་དང་སེམས་བསྐྱེད་པ་སྡོམ་པ་འཛིན་པ་སོགས་ཡིན་ཏེ། རྣམ་བཤད་ལས། ལམ་གང་དང་གང་ལ་འཇུག་ཀྱང་ཐོག་མར་དེ་དང་དེའི་རིགས་སད་པར་བྱེད་པའི་ཐབས་རྣམས་བསྟན་དགོས་པས། །ཞེས་གསུངས་པའི་ཕྱིར།

(393) པར་ཐེངས་གཉིས་པ། ཕྱིར། གཉིས་པ་ནི།

(394) པར་ཐེངས་གཉིས་པ། ཕྱིར། གསུམ་པ་སྒྲ་བཤད་ནི།

(395) པར་ཐེངས་གཉིས་པ། སོགས་ཀྱི་སྒོ་ནས།

    རྩོད་སྤོང་ལ་ཁོ་ན་རེ། ཉན་ཐོས་ཀྱི་སེམས་བདེན་སྟོང་ཆོས་ཅན། བདེ་གཤེགས་སྙིང་པོ་ཡིན་པར་ཐལ། རང་བཞིན་གནས་རིགས་ཡིན་པའི་ཕྱིར། མ་གྲུབ་ན། 396ཉན་ཐོས་ཆོས་ཅན། ཁྱོད་ཀྱི་སེམས་བདེན་སྟོང་རང་བཞིན་གནས་རིགས་ཡིན་པར་ཐལ། 397ཁྱོད་སེམས་ཅན་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་རིགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉན་ཐོས་ཀྱི་རིགས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་བརྟེན་པའི་སྒོ་ནས་གནས་སྐབས་ཉན་ཐོས་ཀྱི་རིགས་ཡིན་ཀྱང་ཚེ་དེ་ལ་ཐེག་ཆེན་ལམ་དུ་ཞུགས་ན་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གཅིག་གི་སེམས་བདེན་སྟོང་ལ་རིམ་པས་རིགས་ཆད་དང༌། ཉན་ཐོས་ཀྱི་དང༌། ཐེག་ཆེན་གྱི་རིགས་སུ་བརྟེན་པའི་སྒོ་ནས་འཇོག་པའི་ཕྱིར། དཔེར་ན་རྫ་བུམ་གཅིག་བཅུད་གསུམ་གྱིས་རིམ་བཞིན་སྦྲང་རྩིའི་བུམ་པ་དང་ལི་ཁ་རའི་བུམ་པ་དང་འོ་མའི་བུམ་པར་འཇོག་པ་བཞིན་ཡིན་པའི་ཕྱིར་ཏེ། འགྲེལ་བ་ལས། དཔེར་ན་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་ལ་སོགས་པ་བརྟེན་པ་སྦྲང་རྩི་དང་ལི་ཁ་ར་ལ་སོགས་པའི་སྣོད་ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ་བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བ་ཐ་དད་པ་ཉིད་དོ། །ཞེས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

(396) པར་ཐེངས་གཉིས་པ། དེ་ཆོས་ཅན། ཁྱོད་བདེན་སྟོང།

(397) པར་ཐེངས་གཉིས་པ། ཁྱོད་འཚང་རྒྱ་ངེས་ཀྱི་སེམས་ཡིན།

                                                                                                                      རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།