ཀུན་མཁྱེན་ཕར་ཕྱིན་ལས་ཕྱི་ནང་གི་ཡོངས་འཛིན་གཉིས་བསྟན་པ།

    སྤེལ་དུས།  2017-12-15 19:37:39         ཀློག་ཐེངས།  

340863660901511406.jpg

    གསུམ་པ་ཡོངས་འཛིན་ནི། རྩ་བར། སེམས་མི་འགོང་པ་ཉིད་ལ་སོགས། །ནས། ཡོངས་འཛིན་ཡིན། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། བྱང་ཆེན་ཐེག་པ་ལ་གསར་དུ་ཞུགས་པ་ཤེར་ཕྱིན་ལ་སྤྱོད་པ། ཞེས་སོགས་ཀྱིས་ཕྱི་ནང་གི་ཡོངས་འཛིན་གཉིས་བསྟན་པ་དེ་འཆད་པར་འདི་བྱུང༌། གཉིས་པ་ནི། བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་ཆོས་ཅན། གཉིས་ཡོད་དེ། ཕྱིའི་དགེ་བའི་བཤེས་གཉེན་དང༌། ནང་གི་ཐབས་ཤེས་ཚང་བའི་ཐབས་མཁས་ཀྱི་ཡོངས་འཛིན་གཉིས་ཡོད་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་ཀྱི་ཆ་ཡོངས་སུ་རྫོགས་པར་སྟོན་པའི་དགེ་བཤེས་དེ། དེའི་ཕྱིའི་ཡོངས་འཛིན་གྱི་མཚན་ཉིད་ཟེར་ན། བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་དུ་གྱུར་པའི་བྱེ་སྨྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཡོད་པའི་ཕྱིར། དེར་ཐལ། དེའི་ཡོངས་འཛིན་དུ་གྱུར་པའི་སེམས་ཙམ་པ་ཡོད་པའི་ཕྱིར། དེར་ཐལ། ཇོ་བོའི་ཡོངས་འཛིན་གསེར་གླིང་པ་དང༌། ཤན་ཏི་པ་གཉིས་ཡོད་པའི་ཕྱིར། ཁྱབ་སྟེ། སྔ་མ་སེམས་ཙམ་རྣམ་བདེན་པ་དང་ཕྱི་མ་རྣམ་རྫུན་པ་ཡིན་པའི་ཕྱིར། འདོད་ན། དེ་ལ་སེམས་བསྐྱེད་ཉི་ཤུ་དང༌། སྟོང་ཉིད་བཅོ་བརྒྱད་སོགས་སྟོན་ནུས་པར་ཐལ། འདོད་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། ཇོ་བོའི་བླ་མ་ཤཱི་ལ་རཀྵི་ཏ་ཕལ་ཆེན་སྡེ་པ་ཡིན་ཟེར་ན། དེ་ཆོས་ཅན། བྱེ་བྲག་སྨྲ་བ་ཡིན་པར་ཐལ། ཕལ་ཆེན་སྡེ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་སྦྱོར་ལམ་བཟོད་པ་ཐོབ་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ལམ་རིམ་ལས། ཕལ་ཆེན་སྡེ་པའི་གནས་བརྟན་ཆེན་པོ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ཞིག་ལ་མཁན་པོ་མཛད་ནས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །སྦྱོར་ལམ་གྱི་དེ་ཁོ་ན་ཉིད་ལ་ཕྱོགས་གཅིག་ཏུ་ཞུགས་པ་སྦྱོར་ལམ་རྩེ་མོ་ལ་བྱེད་ཟེར། ཁ་ཅིག་ན་རེ། ཐེག་ཆེན་ཁོ་ནའི་སྦྱོར་ལམ་བཟོད་པར་བྱེད་ཟེར་ན། དང་པོ་མི་འཐད་པར་ཐལ། དེ་སྦྱོར་ལམ་བཟོད་པའི་མིང་དོན་ཡིན་པར་བཤད་ཟིན་པའི་ཕྱིར། གཉིས་པ་ཡང་མི་འཐད་པར་ཐལ། ཉན་ཐོས་སྦྱོར་ལམ་བཟོད་པའི་དུས་ཀྱང་འཛིན་པ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་ཡོད་པའི་ཕྱིར། དེར་ཐལ། དེ་སྦྱོར་ལམ་བཟོད་པའི་མིང་ཡིན་པའི་ཕྱིར་ཏེ། ཉན་ས་ལས། དམིགས་པ་མེད་པ་ལྟ་བུར་སྣང་མོད་ཀྱི། དེ་དམིགས་པ་མེད་པ་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

    རང་ལུགས་ལ། བྱང་སེམས་སྦྱོར་ལམ་པ་ལ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དེ། དེའི་ཕྱིའི་ཡོངས་འཛིན་གྱི་མཚན་ཉིད། བྱང་སེམས་སྦྱོར་ལམ་པ་སྲིད་ཞིའི་མཐར་ལྟུང་བ་འགོག་པའི་བྱང་སེམས་སྦྱོར་ལམ་པའི་མངོན་རྟོག་དེ། དེའི་ནང་གི་ཡོངས་འཛིན་གྱི་མཚན་ཉིད། བྱང་སེམས་སྦྱོར་ལམ་པ་ལ་ཐེག་ཆེན་གྱི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དེ། དེའི་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། དེ་ལ་ཐབས་ཤེས་ཀྱི་ཆ་རྫོགས་པར་སྟོན་པའི་དགེ་བའི་བཤེས་གཉེན་དེ། དེའི་ཐེག་ཆེན་ཡོངས་རྫོགས་སྟོན་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡིན་ནོ། །

རྩོད་སྤོང་ལ་ཁོ་ན་རེ། བྱང་སེམས་སྦྱོར་ལམ་པའི་ཐབས་ཤེས་ཁྱད་པར་ཅན་གཉིས་ཆོས་ཅན། བྱང་སེམས་སྦྱོར་ལམ་པ་སྲིད་པའི་མཐར་ལྟུང་བ་འགོག་བྱེད་ཡིན་པར་ཐལ། དེ་སྲིད་ཞིའི་མཐར་ལྟུང་བ་འགོག་བྱེད་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་སྟོང་ཉིད་ཀྱི་ལྟ་བས་ཟིན་པའི་སྙིང་རྗེ་ཆེན་པོ་དེ་སྲིད་མཐའ་འགོག་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་སྙིང་རྗེས་ཟིན་པའི་སྟོང་ཉིད་རྟོགས་པའི་ལྟ་བ་དེ་ཞི་མཐའ་འགོག་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལག་རྗེས་སོ་སོར་བསྟན་པ་དང༌། ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ཞི་མཐའ་མི་ཁེགས། ཤེས་རབ་དང་བྲལ་བའི་ཐབས་ཀྱིས་ཀྱང་སྲིད་མཐའ་མི་ཁེགས་པའི་དོན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཤིང་རྟ་ཆེན་པོ་ཀཱ་མ་ལ་ཤཱི་ལའི་སྒོམ་རིམ་ལས། བྱང་ཆུབ་སེམས་དཔས་ཤེས་རབ་ཙམ་བསྟེན་ན་ནི་ཉན་ཐོས་ཀྱི་འདོད་པའི་མྱ་ངན་ལས་འདས་པར་ལྟུང་བས་འཆིང་བ་བཞིན་དུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པས་གྲོལ་བར་མི་འགྱུར་རོ། །དེ་ལྟ་བས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་382བ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཤེས་བྱེད་ཀྱང་དུ་མས་གྲུབ་བོ། །གཉིས་པ་གྲུབ་སྟེ། སྒོམ་རིམ་ལས། ཐབས་ཙམ་འབའ་ཞིག་བསྟེན་ན་ཡང་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་ས་ལས་མི་འདའ་བས་ཤིན་ཏུ་བཅིངས་པ་ཁོ་ནར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་མི་ནུས་ཏེ། སྟོང་ཉིད་ཀྱི་ལྟ་བས་ཟིན་པའི་སྙིང་རྗེས་ཀྱང་སྲིད་ཞི་གཉིས་ཀའི་མཐའ་འགོག །སེམས་བསྐྱེད་དང་སྙིང་རྗེ་ཆེན་པོས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བས་ཀྱང་ཞི་མཐའ་འགོག་པའི་ཕྱིར། དང་པོ་གྲུབ་སྟེ། དྲི་མ་མེད་པར་གྲགས་པའི་མདོ་ལས། ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་དེ་ལས། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཞེས་གསུངས་པའི་ཕྱིར།

(382) པར་ཐེངས་གཉིས་པ། བའོ། །

 

སྨྲས་པ།

གང་གིས་ཟིན་ན་ཉོན་མོངས་དག་གིས་ཀྱང༌། །

བྱང་ཆུབ་སྒྲུབ་པའི་ཐབས་མཁས་ཤེར་ཕྱིན་འདི། །

རྨད་བྱུང་ཐབས་ཤེས་ཡོངས་རྫོགས་383བསྟེན་བྱེད་པ། །

                      (383)པར་ཐེངས་གཉིས་པ། བརྟེན།

བྱིས་པའི་དུས་ནས་ཁམས་གསུམ་བླ་མར་གྱུར། །

ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                          རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།