ཀུན་མཁྱེན་ཕར་ཕྱིན་ལས་གཟུང་འཛིན་རྟོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-15 19:34:49     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 313413458707608858.jpg

    གཉིས་པ་རྟོག་པའི་ཁྱད་ཆོས་ནི། རྩ་བར། གཞི་དང་དེ་ཡི་གཉེན་པོ་ཡིས། །ནས། ཕུང་སོགས་370རྟེན་ལས་དེ་བཞིན་ནོ། །ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་བར་པ་ལས། ཇི་ལྟར་ཁྱོད་ཉོན་མོངས་པ་མེད་པ་ལ། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་371འགྱུར་བ་རིག་པར་བགྱིའོ། །ཞེས་པའི་སྐབས་སུ་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་དགུ་ཚན་བཞིར་བཤད་པ་དེ་སྟོན་པར་འདི་བྱུང༌། གཉིས་པ་ནི། ཤེས་སྒྲིབ་གཟུང་རྟོག་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་གཉིས་ཡོད་པའི་ཕྱིར། དེ་རེ་རེ་ལ་ཆོས་ཅན། དགུ་དགུ་ཡོད་དེ། དམིགས་ཡུལ་གྱི་སྒོ་ནས་དགུ་རེ་ཡོད་པའི་ཕྱིར། ཤེས་སྒྲིབ་འཛིན་རྟོག་ཆོས་ཅན། གཉིས་ཡོད་དེ། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས་ཡོད་པའི་ཕྱིར། དེ་གཉིས་ལ་དགུ་དགུ་ཡོད་དེ། ཡུལ་གྱི་སྒོ་ནས་ཡོད་པའི་ཕྱིར། མཐའ་དཔྱད་པ་གསུམ་ལས། དང་པོ་ལ། རྟོག་པ་སྤྱིའི་རྣམ་བཞག་ལ་དཔྱད་པ། དགག་སྒྲུབ་ཀྱི་རྟོག་པ་ལ་དཔྱད་པ། གཟུང་འཛིན་རྟོག་པ་ལ་དཔྱད་པ། འཛིན་རྟོག་ལ་དཔྱད་པ། མུ་བརྩི་ཚུལ་ལ་དཔྱད་པ་ལྔ། དང་པོ་ནི། རྟོག་པ་ལ་སྒྲས་བརྗོད་ཀྱིས་རྩིང་རྟོག་དང༌། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པ་དང༌། གཉིས་སྣང་གི་འཁྲུལ་རྟོག་གསུམ་ལས་གང་ཡིན་ཞེ་ན། ཕྱིས་བྱུང་ཊཱིཀ་བྱེད་ཁ་ཅིག་ན་རེ། སྔ་མ་གཉིས་མིན་ཕྱི་མ་ཡིན་ཟེར། སྔོན་གྱི་མཁས་པ་རྣམས་ཞེན་རིག་གི་རྟོག་པར་འདོད། སྔ་མ་མི་འཐད་པར་ཐལ། རྟོག་པའི་བརྡ་མ་གོ་བའི་ཕྱིར་ཏེ། དེ་ལ་དབང་ཤེས་ཀྱང་ཡོད་པའི་ཕྱིར། གཉིས་པ་ལ་ཁ་ཅིག་ན་རེ། འདིའི་རྟོག་པ་དགག་རྟོག་ཁོ་ན་ཟེར། ལ་ལ་ན་རེ། སྒྲུབ་རྟོག་ཁོ་ན་ཟེར། དང་པོ་ལ་གཟུགས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན། དགག་རྟོག་ཡིན་པར་ཐལ། འདིའི་གཟུང་རྟོག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་དམིགས་ཡུལ་དང་འཛིན་སྟངས་གང་ལའང་དགག་པའི་ཆོས་མེད་པའི་རྟོག་པ་ཡིན་པའི་ཕྱིར་དང༌། སྐབས་འདིར་སྒྲུབ་རྟོག་ཆེས་མང་བའི་ཕྱིར་ཏེ། རྣམ་བཤད་ལས། གཟུང་འཛིན་གྱི་རྣམ་པར་རྟོག་པའི་གཙོ་བོ་ཀུན་འདི་དང་སྐབས་འོག་མ་གཉིས་སུ་བསྟན་དགོས་ཏེ། ཞེས་གསུངས་པའི་ཕྱིར། ཕྱི་མ་ལ་སྟོང་ཉིད་བཅུ་དྲུག་བདེན་པར་འཛིན་པའི་དེ་ཆོས་ཅན། སྒྲུབ་རྟོག་ཡིན་པར་ཐལ། འདིར་བསྟན་རྟོག་པ་ཡིན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པའི་གཙོ་བོ་དག་བསྡུས་ནས་འདི་དང་ལྔ་པར་བསྟན་པའི་ཕྱིར། མ་གྲུབ་ན། དེ་སྤང་བྱ་དེ་དང་དེའི་གཉེན་པོ་མི་ཤེས་པར་ཐལ། སྐབས་གང་དུའང་མ་བཤད་པ་དེའི་ཕྱིར། རྩ་བར་འདོད་ན། རང་གི་དམིགས་ཡུལ་གྱི་རྣམ་པ་འཆར་བ་དགག་བྱ་གཞན་བཀག་པ་ལ་མི་ལྟོས་པར་ཐལ། སྒྲུབ་རྟོག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དམིགས་ཡུལ་མེད་དགག་ཡིན་པའི་ཕྱིར། ཁྱབ་སྟེ། དགག་པ་རྣམས་དགག་བྱ་བཀག་པའི་རྣམ་པ་མ་ཤར་བར་372དངོས་འཛིན་མི་ཐུབ་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས། གཟུང་འཛིན་བདེན་སྟོང་བདེན་པར་ཞེན་པ་ཡང་དགག་རྟོག་ཏུ་བྱེད་དགོས་ཤིང༌། ཞེས་གསུངས་པའི་ཕྱིར།

(370) པར་ཐེངས་གཉིས་པ། བརྟེན།

(371) པར་ཐེངས་གཉིས་པ། འགྱུར་བ་ཡིན་པར་རིག

(372) པར་ཐེངས་གཉིས་པ། དངོས་སུ་འཛིན།

    ང་ཁ་ཅིག་ན་རེ། གཟུང་བ་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པ། ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད་དང༌། འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པ། ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད་ཟེར་ན། ཤེས་སྒྲིབ་གཟུང་རྟོག་དང་ཤེས་སྒྲིབ་འཛིན་རྟོག་གི་གཞི་མཐུན་མེད་པར་ཐལ། མཚན་ཉིད་དེ་འདྲའི་གཞི་མཐུན་མེད་པའི་ཕྱིར། དེར་ཐལ། རྟོག་པ་གཅིག་གིས་འཛིན་སྟངས་མི་འདྲ་བ་གཉིས་ཅིག་ཅར་དུ་མི་འཛིན་པའི་ཕྱིར། འདོན་མི་ནུས་ཏེ། མུ་བཞི་ཡོད་པའི་ཕྱིར་ཏེ། ཉི་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ། འཛིན་པའི་རྣམ་པར་རྟོག་པ་མིན་པ་ཞེས་བྱ་བ་མུ་བཞི་སྟེ། ཞེས་དང༌། རྒྱན་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་མིན་པ་ཞེས་བྱ་བའི་མུ་བཞི་སྟེ། ཞེས་དང༌། གསུམ་པ་ནི། དེ་ཉིད་ཀྱི་སྐད་ཅིག་མ་གཞན་དུའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། བདེན་སྟོང་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་ཆོས་ཅན། ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཡིན་པར་ཐལ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། སངས་རྒྱས་ཡེ་ཤེས་ཀྱིས། དེ་ལ་གཟུང་བར་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། ཞེས་དང༌། འཛིན་པར་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། ཞེས་གསུངས་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། དེ་མཚོན་ཙམ་ཡིན་གྱི་གཟུང་རྟོག་གི་འཛིན་སྟངས་ལ་དེས་མ་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ལས། གཟུང་བར་རྟོག་པ་དང་འཛིན་པར་རྟོག་པ་ཞེས་བཤད་པ་ནི། ཕྱོགས་ཙམ་མཚོན་པར་བྱེད་པ་ཡིན་གྱི་སྤང་བྱ་རྟོག་པ་ཐམས་ཅད་འཛིན་སྟངས་དེ་དང་འདྲ་བར་ཟད་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཉན་ཐོས་ཀྱི་ལམ་འབྲས་ལ་ལྡོག་བྱར་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན། དེར་ཐལ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་འཇུག་པ་གཟུང་རྟོག་དགུ་དང༌། ཤེས་སྒྲིབ་ལྡོག་པ་གཟུང་རྟོག་དགུ་ཡོད་པའི་ཕྱིར་ཏེ། རྩ་བར། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལྡོག་པ་གཟུང་རྟོག་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སྤང་བྱ་རྟོག་པ་ཐམས་ཅད་འཛིན་སྟངས་དེ་དང་འདྲ་བར་ཟད་པ་མིན་ཏེ། ཉན་ཐོས་ཀྱི་ལམ་འབྲས་ལ་ལྡོག་བྱར་བདེན་པར་ཞེན་པ་ཡང་འདིར་བསྟན་པའི་སྤང་བྱ་རྟོག་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། གཟུང་བ་ལ་དམིགས་ནས་བདེན་པར་འཛིན་པའི་རྟོག་པ་དེ་ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད། འཛིན་པ་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད་ཟེར། ཕུང་པོ་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན། གཟུང་བ་ལ་དམིགས་ནས་བདེན་པར་གཟུང་བར་ཐལ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར། དེར་ཐལ། རང་གི་དམིགས་ཡུལ་གཟུང་བ་བདེན་འཛིན་གྱི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། ཕུང་པོ་བདེན་འཛིན་དང་ཕུང་པོ་བདེན་མེད་བདེན་གྲུབ་ཏུ་འཛིན་པ་གཉིས་ཀ་ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཕུང་པོ་བདེན་པར་འཛིན་པ་དང༌། དེའི་ཞེན་ཡུལ་བཀག་པའི་བཀག་པ་བདེན་པར་འཛིན་པ་གཉིས་ཀ་སྤང་བྱ་རྣམ་རྟོག་ཏུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་གཉིས་རིམ་བཞིན་སྒྲུབ་རྟོག་དང་དགག་རྟོག་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། དེས་མཚོན་ནས་དགག་སྒྲུབ་ཀྱི་རྣམ་པ་ཅན་གཉིས་ཀ་ཡོད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེས་གཟུང་བ་ལ་དམིགས་ནས་བདེན་པར་བཟུང་བར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། ཕུང་པོ་འཛིན་པའི་རྟོག་པས་ཀྱང་གཟུང་བ་བཟུང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་དངོས་མིང་ཐ་དད་ཀྱི་སོ་སོར་གོ་བྱ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དེ་ཕྱིར་ཁྱད་པར་གང་གི་ཆོས། །གང་གི་གོ་བར་གྱུར་པ་དེ། །དེ་ལས་གཞན་གྱིས་ནུས་མ་ཡིན དེས་ན་ཐ་དད་རྣམ་པར་གནས། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཕུང་པོ་ཚད་མས་ངེས་ནས་གཟུང་བ་ཚད་མས་ངེས་དགོས་ཀྱི་གང་ཟག་མེད་པར་ཐལ། ཕུང་པོ་ཚད་མས་ངེས་ན་གཟུང་བ་ཚད་མས་ངེས་པས་ཁྱབ་པའི་ཕྱིར། དེར་ཐལ། ཕུང་པོ་ལ་དམིགས་པ་དང་བཟུང་ན། གཟུང་བ་ལ་དམིགས་པ་དང་བཟུང་བས་ཁྱབ་པའི་ཕྱིར་ཏེ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་དེའི་མཚན་གཞི་མ་ཡིན་པར་ཐལ། ཕུང་པོ་ངེས་ནས་དེས་དེ་མཚོན་པ་373སྐབས་བབ་པའི་གང་ཟག་མེད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་གཉིས་དམིགས་ཡུལ་གྱི་སྒོ་ནས་འཇོག་ཟེར། ལ་ལ་ན་རེ། བཟུང་ཚུལ་ལམ་ཞེན་ཚུལ་ཁོ་ནའི་སྒོ་ནས་འཇོག་ཟེར་ན། དང་པོ་ལ། འོ་ན། ཤེས་སྒྲིབ་གཟུང་རྟོག་གཉིས་ཀྱི་དམིགས་ཡུལ་ལ་ཕུང་པོ་ལྔ་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་མི་པར་འཐད་པར་ཐལ། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་གཉིས་དམིགས་ཡུལ་ཁོ་ནའི་སྒོ་ནས་འཇོག་པའི་ཕྱིར། ཁྱབ་སྟེ། སྐྱེ་མཆེད་བཅུ་གཉིས་ཀྱི་གཟུགས་སོགས་ཡུལ་དྲུག་གཟུང་བ་དང༌། མིག་སོགས་ཡུལ་ཅན་དྲུག་འཛིན་པ་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། དང་པོ་ལྟར་ན་ཡུལ་དྲུག་གཟུང་བ་དང་དབང་པོ་དྲུག་འཛིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཟུང་འཛིན་ལ་མཁས་པའི་ཚད་ཀྱང་དེའི་སྟེང་ནས་བཤད་པའི་ཕྱིར་ཏེ། ཆོས་ཡང་དག་པར་སྡུད་པ་ལས། ཇི་ལྟར་ན་གཟུང་བ་དང་འཛིན་པ་ལ་མཁས་པ་ལགས། ཞེས་པའི་ལན་གྱི་གྲུབ་དོན་གྱི་མདོ་དེ་ལས། དེ་ལ་འཛིན་པ་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་རྣམས་སོ། །གཟུང་བ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཏེ་གཟུང་བ་དང་འཛིན་པའི་ཆོས་འདི་དག་རྣམ་པ་དང་ཚུལ་ཐམས་ཅད་ཀྱིས་ཤེས་པ་དང༌། ཁོང་དུ་ཆུད་པ་དང་སྟོན་ནུས་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྩ་བར། རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །ཞེས་དང༌། འགྲེལ་པ་ལས། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་མ་རིག་པ་དང་གཟུགས་ལ་སོགས་པའི་ཕུང་པོ་དང༌། ཞེས་374སོགས་གསུངས་པ་མི་འཐད་པར་ཐལ། དེ་དག་ལ་དམིགས་པའི་ཤེས་སྒྲིབ་གཟུང་རྟོག་མེད་པའི་ཕྱིར། གཞན་ཡང༌། ཉི་སྣང་ལས། དེ་ཡང་རྣམ་པར་བྱང་བའི་ཆར་གཏོགས་པའི་ཕུང་པོ་དང༌། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་དབྱེ་བས་རྣམ་པ་དགུར་འགྱུར་རོ། །ཞེས་གསུངས་པ་མི་འཐད་པར་ཐལ། ཕུང་སོགས་ལ་དམིགས་པའི་ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་དགུ་མེད་པའི་ཕྱིར། དེར་ཐལ། ཕུང་པོ་ཕྱི་མ་བཞི་དང་ཡུལ་ཅན་སྐྱེ་མཆེད་དྲུག་དང་ཡུལ་ཅན་ཁམས་དྲུག་ལ་དམིགས་པའི་གཟུང་རྟོག་མེད་པའི་ཕྱིར། དེར་ཐལ། འཛིན་པ་ལ་དམིགས་པའི་གཟུང་རྟོག་མེད་པའི་ཕྱིར། དེར་ཐལ། དེ་གཉིས་དམིགས་པ་ཁོ་ནས་འཇོག་པའི་ཕྱིར་ཏེ། གསེར་ཕྲེང་ལས། དེ་དག་གིས་ནི་ལེགས་པར་མ་རྟོགས་ཏེ། ནས། རྟོག་པ་བཞི་པའི་ཡུལ་དུ་གཟུགས་ཅན་བཤད་པ་རྣམས་དོར་དགོས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ལུགས་གཉིས་པ་གཟུང་ཚུལ་ལམ་ཞེན་ཚུལ་ཁོ་ནས་ཤེས་སྒྲིབ་གཟུང་རྟོག་དང་འཛིན་རྟོག་འཇོག་པ་མི་འཐད་པར་ཐལ། གཟུང་ཚུལ་གྱི་སྒོ་ནས་གཟུང་བར་བདེན་པར་ཞེན་པས་ཤེས་སྒྲིབ་གཟུང་རྟོག་དང༌། འཛིན་པར་བདེན་པར་ཞེན་པས་ཤེས་སྒྲིབ་འཛིན་རྟོག་ཏུ་བཞག་པ་གཅིག་ཀྱང་ཡོད། འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་ཡུལ་གཟུང་བ་ཁོ་ན་དང༌། འཛིན་པ་ཁོ་ན་དང༌། གཟུང་འཛིན་གཉིས་ཀ་ཡིན་པ་གསུམ་ཡོད་པས་གཟུང་འཛིན་རྟོག་པ་ལ་མུ་གསུམ་བྱས་པའི་ཕྱིར། དང་པོ་གྲུབ་སྟེ། ཡུལ་ཤེས་པ་དང༌། ཕྱིན་དྲུག་སོགས་ལམ་ཡིན་ཀྱང་འཇུག་བྱའམ་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བློ་ཤེས་སྒྲིབ་གཟུང་རྟོག་ཡིན་ཡང་དེ་དག་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བློ་ཤེས་སྒྲིབ་འཛིན་རྟོག་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། དེས་ན་ལོངས་སྤྱད་བྱར་བདེན་པར་ཞེན་པ་དང་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པ་ནི་གཟུང་བར་རྟོག་པ་དང་འཛིན་པར་རྟོག་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ལྟར་དམིགས་ཡུལ་གྱི་མ་བཞག་ན་རྟོག་པ་མུ་གསུམ་པ་གཅིག་མི་རུང་བའི་ཕྱིར་ཏེ། གསེར་ཕྲེང་ལས། དེས་ན་འདིར་ནི་གཟུང་འཛིན་གྱི་རྟོག་པ་བཤད་པའི་ཞར་ལ་སྤྱི་སྐད་ལ་གྲགས་ཚོད་ཀྱི་གཟུང་འཛིན་བཤད་ནས་དེ་ལ་མུ་བརྩིས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྡོ་རྗེའི་ཚིག་ཏུ་སྣང་ངོ༌། །

(373) པར་ཐེངས་གཉིས་པ། སྐབས་སུ་བབ།

(374) པར་ཐེངས་གཉིས་པ། སོགས་མི་འཐད།

    ཡང་ཁ་ཅིག །ཀུན་ནས་ཉོན་མོངས་པའི་ཆོས་ལ་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བདེན་འཛིན་ཉོན་མོངས་གཟུང་རྟོག་གི་མཚན་ཉིད་དང༌། རྣམ་བྱང་གི་ཆོས་ལ་དེ་ལྟར་འཛིན་པ་རྣམ་བྱང་གཟུང་རྟོག་གི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། ཉོན་མོངས་ཕྱོགས་ཀྱི་ཆོས་ལ་ཉོན་མོངས་པའི་ཆོས་མི་དགོས། རྣམ་བྱང་ལ་དེ་ལྟར་ཡིན་པའི་ཕྱིར། འཛིན་རྟོག་ལ་ཁ་ཅིག་ན་རེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ། རྩ་བར། རྫས་དང་བཏགས་པའི་རྟེན་ཅན་གྱི། །ཞེས་པའི་དངོས་བསྟན་གྱི་རྫས་འཛིན་རྟོག་པ་ཡིན་ཟེར་ན། དེ་ཆོས་ཅན། 375ཤེས་སྒྲིབ་འཛིན་རྟོག་ཡིན་པར་ཐལ། དེའི་དངོས་བསྟན་གྱི་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཉོན་སྒྲིབ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། དང་པོ་ལ་དམིགས་པའི་འཛིན་པ་ཉོན་སྒྲིབ་ཡིན་པས་ཤེས་སྒྲིབ་འཛིན་རྟོག་ཏུ་མི་འཐད་ལ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཕུང་པོའི་ཚོགས་པ་ལ་སྐྱེས་བུར་བཏགས་པ་འཛིན་པའི་རྟོག་པ་དེ། རྩ་བར། བཏགས་པའི་རྟེན་ཅན་གྱི། །ཞེས་པའི་དངོས་བསྟན་གྱི་ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཡིན་ཟེར་ན། དེ་ཆོས་ཅན། སྤང་བྱ་རྟོག་པ་ཡིན་པར་ཐལ། ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་མི་རིགས་པར་ཐལ། ཁྱོད་ཀྱི་ཞེན་ཡུལ་གྱི་འཛིན་སྟངས་ཚད་མས་གྲུབ་པའི་ཕྱིར་ཏེ། རྣམ་བཤད་ལས། ཕྱི་མའི་འཛིན་པ་ཚད་མས་གྲུབ་པའི་དོན་འཛིན་པ་ཡིན་པས་སྤང་བྱ་རྟོག་པར་མི་འཐད། ཅེས་གསུངས་པའི་ཕྱིར། ཡང་ཁ་ཅིག །གང་ཟག་དོན་བྱེད་ནུས་པར་འཛིན་པའི་རྟོག་པ་དེ་ཤེས་སྒྲིབ་རྫས་འཛིན་དང༌། གང་ཟག་དོན་བྱེད་མི་ནུས་པར་འཛིན་པའི་རྟོག་པ་དེ་ཤེས་སྒྲིབ་བཏགས་འཛིན་རྟོག་པ་སྟེ། རྩ་བར། རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས་པའི་རྟོག་པ་གཉིས་ཡིན་ཟེར་ན། དང་པོ་དེ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་མེད་པར་ཐལ། ཤེས་སྒྲིབ་འཛིན་རྟོག་ཡིན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཞེན་ཡུལ་བཀག་ན་སྐྱེས་བུ་དོན་376བྱེད་ནུས་པ་ལ་སྐུར་འདེབས་སུ་འགྱུར་བའི་ཕྱིར་ཏེ། རྣམ་བཤད་ལས། དེ་བཀག་ན་སྐུར་འདེབས་སུ་འགྱུར་བའི་ཕྱིར་རོ། །ཞེས་སོ། །གང་ཟག་དོན་བྱེད་མི་ནུས་པར་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་དོན་དམ་དཔྱོད་པའི་རིགས་པས་འགོག་དགོས་པར་ཐལ། ཁྱོད་ཤེས་སྒྲིབ་འཛིན་རྟོག་ཡིན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཁྱོད་ཀྱི་ཞེན་ཡུལ་གང་ཟག་དོན་བྱེད་ནུས་པར་འཛིན་པའི་ཐ་སྙད་པའི་ཚད་མས་ཁེགས་པའི་ཕྱིར། དེར་ཐལ། དེ་དེ་དང་གང་ཟག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་སོང་བའི་ཚད་མ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཕྱི་མའི་འཛིན་པ་ཐ་སྙད་པའི་ཚད་མས་ཀྱང་ཁེགས་པས་གནས་ལུགས་ཀྱི་དོན་ལ་དམིགས་པས་དགག་མི་དགོས། ཞེས་སོ། །

(375) པར་ཐེངས་གཉིས་པ། ཤེས་སྒྲིབ་རྫས་འཛིན་རྟོག་པ།

(376) པར་ཐེངས་གཉིས་པ། བྱེད་པ།

    ཡང་ཁ་ཅིག །གང་ཟག་བདེན་གྲུབ་རྫས་ཡོད་དང༌། དེར་འཛིན་པའི་རྟོག་པ་རྫས་འཛིན་རྟོག་པ་དང༌། གང་ཟག་བདེན་སྟོང་སྒྱུ་མ་ལྟ་བུ་བཏགས་ཡོད་དང༌། དེ་འཛིན་པའི་རྟོག་པ་ཤེས་སྒྲིབ་བཏགས་འཛིན་རྟོག་པ་ཟེར་ན། འོ་ན། འདིར་བསྟན་ཤེས་སྒྲིབ་བཏགས་འཛིན་རྟོག་པ་ལྷན་སྐྱེས་མེད་པར་ཐལ། གང་ཟག་བདེན་སྟོང་སྒྱུ་མ་ལྟ་བུ་སྟོང་ཉིད་མ་རྟོགས་བར་དུ་མི་འབྱུང་བའི་ཕྱིར། འདོད་ན། མཐོང་སྤང་ཤེས་སྒྲིབ་རྟོག་པ་བཞི་དང་སྒོམ་སྤང་ཤེས་སྒྲིབ་རྟོག་པ་བཞི་མི་འཐད་པར་ཐལ། རྣམ་བཤད་ལས། འདིར་བསྟན་སྐྱེས་བུ་བཏགས་འཛིན་རྟོག་པ་ལ་ལྷན་སྐྱེས་མི་སྲིད་པར་377འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྩ་བར་འགལ་ལོ། །ཡང་ཁ་ཅིག་ན་རེ། ཤེས་སྒྲིབ་རྫས་འཛིན་སོ་སྐྱེ་ལ་ཡོད། འཕགས་པར་མེད། ཤེས་སྒྲིབ་བཏགས་འཛིན་རྟོག་པ་འཕགས་པར་ཡོད་སོ་སྐྱེ་ལ་མེད་དེ། རྩ་བར། སོ་སོ་སྐྱེ་བོ་འཕགས་དབྱེ་བས སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཤེས་སྒྲིབ་རྫས་འཛིན་གྱི་དམིགས་ཡུལ་སྐྱེས་བུ་རང་རྐྱ་ཐུབ་པའི་རྫས་འཛིན་གྱི་རྟོག་པའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་མེད་པས་རྫས་འཛིན་སོ་སྐྱེའི་རྟེན་ཅན་ཞེས་བཤད། དེ་མེད་པ་མངོན་སུམ་དུ་རྟོགས་པ་འཕགས་པ་ལ་ཡོད་པས་བཏགས་འཛིན་འཕགས་པའི་རྟེན་ཅན་ཞེས་བཤད། སོ་སྐྱེ་དང་འཕགས་པ་འོག་མ་གཉིས་ལ་ཤེས་སྒྲིབ་འཛིན་རྟོག་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། ཆོས་ཐམས་ཅད་378བདག་མེད་པ་ཡིན་ནོ། །ཞེས་སོ་སོ་སྐྱེ་བོས་ཀྱང་རྟོགས་པ་མིན་ནམ། ནས། དེ་དག་གི་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ་འདིར་ནི་དེ་ཁོ་ན་ཡིད་ལ་བྱེད་པ་བརྗོད་པར་379འདོད་པས་སྙིང་པོ་མེད་དོ། །ཞེས་གསུངས་པའི་ཕྱིར་དང། དེ་བཞིན་དུ། རྣམ་བཤད་ལས། ཕྱི་མའི་ཞེན་ཡུལ་མྱོང་སྟོབས་ཀྱིས་ཁེགས་པ་སོ་སོ་སྐྱེ་བོ་ལ་མེད། ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྒོལ་བས་དེ་མི་འཐད་པའི་སྒྲུབ་བྱེད་དུ་380འཕགས་པར་ངས་ཅེ་སྤྱང་སྐད་ཐོས་ཞེས་གསུངས་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། སྒྱུ་མ་ལྟ་བུའི་བཏགས་ཡོད་ཀྱི་ཚིག་381ཡིན་གྱི་སོ་སྐྱེ་ལྟར་མ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། དེའི་ཚིག་ནི་ཐ་སྙད་པ་ཡིན་གྱི་དོན་དམ་པ་མིན་པ་དེས་ན་སྙིང་པོ་མེད་དོ། །ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་ལས། འཕགས་པ་ལ་ཡོད་པས། ཞེས་སོ། །གསུམ་པ་གྲུབ་སྟེ། གཉིས་ཀའི་རྒྱུད་ཀྱི་ལྷན་སྐྱེས་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། སྤྱིར་གཉིས་ཀའང་གཉིས་ཀའི་རྟེན་ཅན་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།

(377) པར་ཐེངས་གཉིས་པ། འགྱུར་བའི་ཕྱིར་རོ། །

(378) པར་ཐེངས་གཉིས་པ། བདག་མེད་ཡིན་ནོ། །ཞེས་ཆོས་དེ་ལྟ་བུ་རྣམས་སོ་སོ་སྐྱེ་བོས་ཀྱང་རྟོགས་པ་མ་ཡིན་ནམ།

(379) པར་ཐེངས་གཉིས་པ། འདོད་པ་ཡིན་པས།

(380) པར་ཐེངས་གཉིས་པ། འཕགས་པར་ཡང་ནང་བར་གྱི་ཚེ།

(381) པར་ཐེངས་གཉིས་པ། ཡིན་པས།

    རང་ལུགས་ལ། རང་གི་དམིགས་ཡུལ་གཟུང་བ་ལ་དམིགས་ནས་ལོངས་སྤྱད་བྱའི་རིགས་སུ་བདེན་པར་གཟུང་བའི་ཆ་ནས་བཞག་པའི་བདེན་འཛིན་དེ། ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད། ཡུལ་ཅན་གྱི་ཡུལ་དང་གཟུང་བ་དང་ལོངས་སྤྱད་བྱ་འདྲ་བས་རིགས་གནས་སྨོས་པས་ལྡོག་འཛིན་སྡུད་ཅིང༌། ཆ་བཞག་གི་ཕྱི་རོལ་དོན་འཛིན་གྱི་རྟོག་པ་ཡང་བསྡུའོ། །དབྱེ་ན། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་གཉིས། དང་པོ་ནི། རང་གི་དམིགས་ཡུལ་ཀུན་ཉོན་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱའི་རིགས་སུ་བདེན་པར་འཛིན་པའི་ཆ་ནས་བཞག་པའི་བདེན་འཛིན་དེ། དང་པོའི་མཚན་ཉིད། ཡུལ་གྱི་སྒོ་ནས་དགུ་ཡོད། རང་གི་དམིགས་ཡུལ་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱའི་རིགས་སུ་བདེན་པར་འཛིན་པའི་ཆ་ནས་བཞག་པའི་བདེན་འཛིན་དེ། གཉིས་པའི་མཚན་ཉིད། དམིགས་ཡུལགྱི་སྒོ་ནས་དགུ་ཡོད། རང་གི་དམིགས་ཡུལ་འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་ཆ་ནས་བཞག་པའི་བདེན་འཛིན་དེ། ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད། དབྱེ་ན། ཤེས་སྒྲིབ་རྫས་འཛིན་རྟོག་པ་དང༌། ཤེས་སྒྲིབ་བཏགས་འཛིན་རྟོག་པ་གཉིས། རང་གི་དམིགས་ཡུལ་རྫས་འཛིན་ལ་དམིགས་ནས་སྔར་ལྟར་འཛིན་པའི་བདེན་འཛིན་དེ། དང་པོའི་མཚན་ཉིད། དམིགས་ཡུལ་རྫས་འཛིན་ལ་སྐྱེས་བུ་དང༌། དབང་པོ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་དང༌། བདེན་འཛིན་སོགས་འཇོག་སྟེ། རྫས་གྲུབ་དུ་འཛིན་པ་ཐམས་ཅད་དོ། །དབྱེ་ན་དགུ་ཡོད། རང་གི་དམིགས་ཡུལ་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་ཆ་ནས་བཞག་པའི་བདེན་འཛིན་དེ་ཤེས་སྒྲིབ་བཏགས་འཛིན་རྟོག་པའི་མཚན་ཉིད། དམིགས་ཡུལ་བཏགས་འཛིན་ནི། བདག་མེད་གསུམ་གང་རུང་རྟོགས་པའི་གང་ཟག་དང༌། དེ་འདྲའི་བློ་དང་དེ་གསུམ་གྱི་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐྱེས་བུའམ་གང་ཟག་དང༌། དེ་དག་གིས་ཁྱད་པར་དུ་བྱས་པའི་གང་ཟག་དེ་དག་འཛིན་པའི་རྟོག་པ་དང་མངོན་སུམ་རྣམས་ཡིན། དེས་ན་འདིའི་གཟུང་འཛིན་གྱི་རྟོག་པ་གཉིས་དམིགས་ཡུལ་ཁོ་ན་དང༌། གཟུང་ཚུལ་ཁོ་ནས་མི་འཇོག་ལ། དམིགས་པའི་སྒོ་ནས་ཀྱང་གཟུང་རྟོག་དང་འཛིན་རྟོག་ལ་མུ་བཞིར་བཤད་དེ་དམིགས་ཡུལ་གཟུང་བ་ཁོ་ན་ལ་ལོངས་སྤྱད་བྱར་བདེན་པར་འཛིན་པའི་རྟོག་པ་དེ། གཟུང་རྟོག་ཡིན་ལ་འཛིན་རྟོག་མ་ཡིན་པའི་མུ། ཤེས་པ་སྐད་ཅིག་མ་ལ་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རྟོག་པ་དེ། འཛིན་རྟོག་ཡིན་ལ་གཟུང་རྟོག་མིན་པའི་མུ། རྒྱུན་དང་བཅས་པའི་ཤེས་པ་ལོངས་སྤྱད་བྱར་བདེན་པར་འཛིན་པའི་རྟོག་པ་དེ། གཉིས་ཀ་ཡིན་པའི་མུ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་དེ། གཉིས་ཀ་མིན་པའི་མུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་དམིགས་པ་དང་འཛིན་ཚུལ་གཉིས་ཀའི་སྒོ་ནས་ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་མ་ཡིན་པ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི། གཟུགས་ལ་སོགས་པའི་ཡུལ་དྲུག་གོ །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡུལ་བཤད་པས་ཡུལ་ཅན་གོ་བའི་ཕྱིར་ཏེ། རྒྱན་སྣང་ལས། དེ་ལ་མུ་དང་པོ་ནི་ཡུལ་དྲུག་ཏུ་སྣང་བའི་རྣམ་པ་ཅན་གྱི་རྣམ་པར་རིག་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སོ་སོ་སྐྱེ་བོའི་མངོན་སུམ་ལ་མི་སྣང་བས་གཟུང་བར་མ་བཞག་ཅིང་འཛིན་པའི་ཚུལ་གྱིས་ཀྱང་འཛིན་རྟོག་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། གཉིས་པ་ནི་སྐད་ཅིག་མ་གཅིག་དང་ལྡན་པའི་རྣམ་པར་རིག་པའོ། །ཞེས་གསུངས་པའི་ཕྱིར། འདིས་ཀྱང་ཡུལ་ལས་མ་བཤད་ཀྱང་གོ་བའི་ཕྱིར་ཏེ། རྒྱན་སྣང་ལས། གཉིས་པ་ནི་སྐད་ཅིག་མ་གཅིག་པའི་འཛིན་པའི་རྣམ་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱུན་དང་ལྡན་པའི་ཤེས་པ་སོ་སྐྱེའི་མངོན་སུམ་ལ་སྣང་བས་གཟུང་བ་དང་ཤེས་པ་ཡིན་པས་འཛིན་པ་ཡང་ཡིན་པའི་ཕྱིར། ཉི་སྣང་ལས། གསུམ་པ་ནི་སྐད་ཅིག་མ་གཞན་གྱི་དེ་ཉིད་དོ། །ཞེས་དང༌། རྒྱན་སྣང་ལས། གསུམ་པ་ནི་དེ་ཉིད་ཀྱི་སྐད་ཅིག་མ་གཞན་དུའོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ཉི་སྣང་དང་རྒྱན་སྣང་གཉིས་ལས། བཞི་པ་ནི་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར།

    གསུམ་པ་རྩོད་སྤོང་ལ། ཁོ་ན་རེ། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་ཆོས་ཅན། གཟུང་རྟོག་གི་མཚན་ཉིད་དེར་ཐལ། ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར། དེར་ཐལ༌། རྩ་བར། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌ ཞེས་གསུངས་པའི་ཕྱིར། འདོད་ན། ལོངས་སྤྱད་བྱར་བདེན་པར་འཛིན་པའི་ཆ་ནས་བཞག་པའི་བདེན་འཛིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བདེན་འཛིན་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། བདེན་འཛིན་རགས་པ་ཡིན་པའི་ཕྱིར། གཞན་ཡང༌། ཕུང་པོ་བདེན་འཛིན་ལ་ལོངས་སྤྱད་བྱར་བདེན་པར་འཛིན་པའི་རྟོག་པ་ཆོས་ཅན། ཀུན་ཉོན་གཟུང་རྟོག་གི་མཚན་ཉིད་དེར་ཐལ། ཤེས་སྒྲིབ་ཀུན་ཉོན་གཟུང་རྟོག་ཡིན་པའི་ཕྱིར། འདོད་ན། ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དམིགས་པར་ཐལ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་ལ་དམིགས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཉོན་མོངས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སྟེ། ཤེས་སྒྲིབ་ཡིན་པའི་ཕྱིར། དེས་རྣམ་བྱང་ཕྱོགས་དང༌། རྣམ་བྱང་གི་ཆོས་ཀྱང་འདྲའོ། །ཡང་ཁ་ཅིག་ན་རེ། འཕགས་པའི་ལུགས་ལ་ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་ན་རྣམ་བྱང་གཟུང་རྟོག་ཡིན་དགོས་པར་ཐལ། ཉི་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་གཉིས་པའང་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མདོ་ལས་གཟུང་རྟོག་སྤྱིར་བསྟན་པའི་རྟོག་པ་ཡིན་ན་རྣམ་བྱང་གཟུང་རྟོག་ཡིན་དགོས་པའི་ཕྱིར། མདོ་ལས། ཁྱོད་ཉོན་མོངས་པ་མེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལྟར། ཞེས་པ་ནས། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱི་སློབ་པ་ཡིན་ནོ། །ཞེས་པའི་དངོས་བསྟན་གྱི་རྟོག་པ་ལ་དེ་ལྟར་དགོས་པ་གང་ཞིག །དེའི་དངོས་བསྟན་གྱི་ཤེས་སྒྲིབ་གཟུང་རྟོག་ལ་རྣམ་བྱང་གཟུང་རྟོག་གིས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། རྣམ་པར་རྟོག་པའི་མཚན་ཉིད་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་རབ་འབྱོར་ཇི་ལྟར་ངས་ཁྱོད། ཅེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ། འཕགས་པས་དེ་རྗེས་སུ་ཉོན་མོངས་གཟུང་རྟོག་དགུ་བཤད་པའི་ཕྱིར་དང། སློབ་དཔོན་གྱིས་ཀྱང་དེ་རྟོག་པ་སྤྱི་ལ་སྦྱར་བའི་ཕྱིར་ཏེ། ལེ་བརྒྱད་མ་ལས། རྣམ་པར་རྟོག་པ་དང་ལྡན་པ་སྤྱིའི་དབང་དུ་བྱས་ནས་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། མདོ་ལས། བཀའ་བསྩལ་པ། ཤཱ་རིའི་བུ་བྱང་ཆེན་དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི། ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

                                                                                                                             རྩོམ་སྒྲིག་པ། མང་ར་བ།

 

                   གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།