ཀུན་མཁྱེན་ཕར་ཕྱིན་ལས་སྦྱོར་ལམ།

གསུམ་པ་གདམས་ངག་གི་དོན་སྟོང་ཉིད་ལ་སྒོམ་བྱུང་སྐྱེས་པའི་ཐོག་མ་སྦྱོར་ལམ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ་ནི་རྩ་བར། དམིགས་པ་དང་ནི་རྣམ་པ་དང། །ནས། བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་བྱུང། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ༌། དང་པོ་ནི། མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང། ཞེས་སོགས་ཀྱིས་སྦྱོར་ལམ་གྱི་དམིགས་རྣམ་སོགས་བཤད་པ་དེ་འཆད་པར་འདི་བྱུང། བྱང་སེམས་ཀྱི་སྦྱོར་ལམ་དྲོད་སོགས་བཞི་ཆོས་ཅན། ཉན་རང་གི་སྦྱོར་ལམ་ལས་ཁྱད་ཆོས་ལྔ་དང། ངོ་བོ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བ་དང་དྲུག་གིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེའི་དམིགས་པའི་ཁྱད་པར། རྣམ་པའི་ཁྱད་པར། རྒྱུའི་ཁྱད་པར། ཡོངས་འཛིན་གྱི་ཁྱད་པར། གཟུངས་འཛིན་གྱི་རྣམ་རྟོག་བཞི་སྤང་བྱར་ལྡན་པའི་ཁྱད་པར་ལྔས་འཕགས་པ་གང་ཞིག ངོ་བོ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བའི་ཁྱད་པར་བྱས་ནས་སློབ་དཔོན་འཕགས་པ་ལྟར་དྲུག་གིས་335ཁྱད་འཕགས་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་སྣང་ལས། ཇི་སྐད་དུ་བཤད་པའི་རྣམ་པར་རྟོགས་པ་དང་ལྡན་པ་ལ་བརྟེན་པ། ནས། ཁྱད་པར་རྣམ་པ་ལྔའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། དམིགས་པའི་ཁྱད་པར་དང། རྣམ་པའི་ཁྱད་པར་དང། རྒྱུའི་ཁྱད་པར་དང། ཡོངས་སུ་འཛིན་པའི་ཁྱད་པར་རོ། །ཞེས་པ་ནས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ལ་རྣམ་པར་རྟོག་པ་གང་རྣམ་པར་བཞག་པར་བྱ་བ་དང། འདི་དག་གི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་ཡང་སོ་སོར་བརྗོད་དགོས་སོ། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས་ཀྱང། འགྲེལ་བ་འདིར་ཡང་དོན་གྱིས་ཆེ་འབྲིང་གི་ཁྱད་པར་ཡང་ཁྱད་ཆོས་སུ་བསྟན་ཞིང། སློབ་དཔོན་འཕགས་པའི་འགྲེལ་པས་གསལ་བར་གསུངས་པས། ཞེས་སོ། །
(335) པར་ཐེངས་གཉིས་པ། ཀྱང་འཕགས།
མཐའ་དཔྱད་པ་ལ་གསུམ། དང་པོ་ལ་ཁ་ཅིག་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་བཟོད་མཆོག་གཉིས་ངན་སོང་གསུམ་སྒྲ་མི་སྙན་ཟ་མ་མ་ནིང་དྲུག་གི་ལུས་རྟེན་ལ་གསར་སྐྱེ་མེད་པ་ལྟར་ཁམས་གོང་གི་ལུས་རྟེན་ལ་སྐྱེ་མི་སྲིད་པའི་ཕྱིར་ཟེར་ན། མི་འཐད་པར་ཐལ། འདོད་གཟུགས་ཀྱི་ལྷའི་ལུས་རྟེན་ལ་དེ་སྐྱེ་བ་ཡོད་པར་སངས་རྒྱས་དང་ཤིང་རྟ་ཆེན་པོས་བཤད་པའི་ཕྱིར། དེར་ཐལ། ལྷའི་བུ་བློ་གྲོས་རབ་གནོན་གྱིས་ཞུས་པའི་མདོ་ལས། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་བྱེ་བ་ཕྲག་བརྒྱས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་བོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྷའི་བུ་བྱེ་བ་ཕྲག་བརྒྱ་ཡན་ཆད་ཀྱིས་རྟེན་འདོད་གཟུགས་ཀྱི་ལྷ་བསྟན་ཅིང། ཆོས་ཀྱི་མིག་མཐོང་ལམ་དང། རྡུལ་མེད་པས་མཐོང་ལམ་བར་ཆད་མེད་ལམ་དང་དྲི་མ་དང་བྲལ་བས་མཐོང་ལམ་རྣམ་གྲོལ་ལམ་བསྟན་པར་ཤིང་རྟ་ཆེན་པོས་བཞེད་པའི་ཕྱིར། ཀུན་བཏུས་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །ཞེས་གང་གསུངས་པ་དེ་ནི། མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་ལ་བཟོད་པ་རྣམས་ཀྱིས་ནི་རྡུལ་མེད་པའོ། །ཆོས་ཤེས་པ་རྣམས་ཀྱིས་ནི་དྲི་མ་དང་བྲལ་བའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། གཟུགས་ཀྱི་ལུས་རྟེན་ལ་མཐོང་ལམ་གསར་སྐྱེ་ཡོད་པར་ཐལ། དེ་ལ་སྦྱོར་ལམ་བཟོད་མཆོག་གཉིས་གསར་སྐྱེ་ཡོད་པའི་ཕྱིར། ཁྱབ་སྟེ། མཛོད་ལས། དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་མེད་པའི་ཕྱིར་ཏེ། བསྡུ་བ་ལས། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པས་ཀྱང་དང་པོ་བདེན་པ་མངོན་པར་རྟོགས་པར་མི་འགྱུར་ཏེ། ཞེས་དང། རྣམ་བཤད་ལས། ཆོས་མཆོག་དངོས་སུ་སྐྱེས་པའི་རྟེན་མིན་ཡང་དྲོད་དང་རྩེ་མོ་གཟུགས་ཁམས་པ་འགའ་ཞིག་ལ་ཡང་སྐྱེ་བར་མངོན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྐྱེ་སླ་བའི་དབང་དུ་བྱས་ནས་དེ་ལྟར་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བདེན་བཞིའི་མི་རྟག་སོགས་བཅུ་དྲུག་རྟོགས་པ་ལས་ལྷག་པའི་བདེན་བཞིའི་ཁྱད་ཆོས་གཞན་རྟོགས་པར་ཐལ། དེ་དག་བདེན་མེད་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། མཛོད་ལས། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཉོན་མོངས་ཙམ་སྤོང་ན་བཅུ་དྲུག་ཙམ་གྱིས་དེ་ལྟར་ཆོག་ཀྱང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བདེན་བཞི་ལ་རྣམ་པའི་དབྱེ་བ་བརྒྱ་བདུན་ཅུ་སོགས་སུ་ཕྱེ་ནས་བསྒོམ་དགོས་པས་མི་འགལ་བའི་ཕྱིར་ཏེ། ཉི་སྣང་ལས། དེ་ཐམས་ཅད་གཅིག་ཏུ་བསྡུས་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་འགྱུར་རོ། །དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་གང་གསུངས་པ་དེ་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་གྱི་གཉེན་པོའི་རྣམ་པ་ལ་དགོངས་པ་ཡིན་པས་ན་དེ་དང་འདི་ལ་འགལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར།
ཡང་ཁ་ཅིག་ན་རེ། ཐེག་དམན་སྦྱོར་ལམ་ལ་སྟོང་ཉིད་རྟོགས་པ་མེད་པར་ཐལ། ཐེག་ཆེན་གྱི་དེ་དེ་ལས་རྣམ་པའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར་ན་མ་ཁྱབ་སྟེ། ཐེག་དམན་གྱི་སྦྱོར་ལམ་གྱིས་བདེན་བཞིའི་རྣམ་པ་བཅུ་དྲུག་སོགས་བསྡུས་པའི་སྒོ་ནས་ཤེས། ཐེག་ཆེན་གྱི་དེའི་རྣམ་པའི་དབྱེ་བ་མཐའ་ཡས་པའི་སྒོ་ནས་སྟོང་ཉིད་བསྒོམ་པའི་ཤེས་རབ་སྒོམ་པར་བྱེད་པའི་ཕྱིར། ཁྱབ་ཅིང་རྟགས་གྲུབ་སྟེ། དེ་འདྲའི་ཤེས་རབ་ཉན་རང་ལ་མེད། ཐབས་སྙིང་རྗེ་དང་སེམས་བསྐྱེད་སོགས་ཀྱང་མེད་པས་སྲིད་ཞིའི་མཐར་ལྟུང་བའི་ཕྱིར་ཏེ། མདོ་སྡུད་པར། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང། །ཞེས་དང། རྩ་བར། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །ཞེས་སོ། །ཡང་ཁ་ཅིག་ན་རེ། ཐེག་དམན་གྱི་སྦྱོར་ལམ་གྱིས་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་རྒྱུ་མི་བྱེད། ཐེག་ཆེན་སྦྱོར་ལམ་གྱིས་བྱེད་པ་དེ་རྒྱུས་ཁྱད་པར་འཕགས་ཟེར། ཡང་ཁ་ཅིག །སྔ་མས་ཉེ་རྒྱུ་མི་བྱེད་ཕྱི་མས་ཉེ་རྒྱུ་བྱེད་པས་འཕགས་ཟེར་ན། དེ་གཉིས་ཀ་མི་འཐད་པར་ཐལ། འདིའི་སྦྱོར་ལམ་ལ་ཐེག་ཆེན་གྱི་ལམ་འབྲས་རྣམ་རྫོགས་ཀྱི་སྐབས་ལྟར་རྫོགས་པར་ཐོས་བསམ་དང་སྒོམ་པ་ཡོད། ཐེག་དམན་གྱི་སྦྱོར་ལམ་ལ་དེ་མེད་པའི་སྒོ་ནས་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པ། ཞེས་དང། རྣམ་བཤད་ལས། ཐེག་པ་ཆེན་པོའི་ཆོས་མ་ལུས་པ་རྫོགས་པ་ལ་སོགས་པས་དད་སོགས་ཡུལ་ལྔ་ལ་མཁས་པའི། ཞེས་གསུངས་པའི་ཕྱིར། དེ་ལྟར་མ་བཤད་པར་བདག་མེད་གསུམ་རྟོགས་པའི་འཕགས་པར་བྱེད་པ་བླུན་གཏམ་ཡིན་ཏེ། སྦྱོར་ལམ་བཞི་ཀ་རྒྱུས་འཕགས་ཚུལ་མདོ་ལས་ཕྱོགས་གཅིག་ཏུ་བཤད་པའི་ཕྱིར་ཏེ། ཉི་སྣང་དུ་མདོ་དྲངས་པ་ལས། ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་བསླབ་པར་བྱ་བའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐེག་པ་གསུམ་རྒྱ་ཆེར། ཞེས་གསུངས་པ་དེ་རྒྱུའི་ཁྱད་པར་འཕགས་ཆོས་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །ཞེས་336བྱ་བས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་དྲོད་ཐེག་པ་གསུམ་ག་རྟོགས་པའི་རྒྱུ་ཡིན་337པ་གསུངས་པ་ཡིན་ནོ། །ཞེས་དང། ལེ་བརྒྱད་མ་ལས། རབ་འབྱོར་ཉན་ཐོས་ཀྱི་ས་ལ། ཞེས་པ་ནས། གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་རྣམས་རྒྱ་ཆེར་བསྟན་ཏོ། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱི་ཁྱད་པར་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། ཐམས་ཅད་ཀྱི་རྒྱུ་ཞེས་པའི་དོན་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཡོངས་འཛིན་གྱི་ཁྱད་པར་དེ་གཉིས་ལ་ཐེག་ཆེན་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་བཤེས་གཉེན་ཡོད་པ་དང་མེད་པས་ཟེར། ལ་ལས། སྟོན་པ་མཆོག་སྤྲུལ་ཡོད་མེད་ཀྱིས་ཟེར། ལ་ལས་འཕགས་སེང་གི་ལུགས་གཉིས་སྐད་ཟེར་རོ། །དེ་དག་མི་འཐད་པར་ཐལ། ཐེག་ཆེན་སྦྱོར་ལམ་ལ་སྲིད་ཞིའི་མཐའ་འགོག་པའི་ཕྱི་ནང་གི་ཡོངས་འཛིན་གཉིས་ཚང་ལ་ཐེག་དམན་གྱི་སྦྱོར་ལམ་ལ་དེ་མ་ཚང་བས་ཁྱད་པར་འཕགས་པའི་ཕྱིར། དེར་ཐལ། དེ་ལྟར་མདོ་ལས་གསུངས་ཞིང་འཕགས་སེང་གཉིས་ཀས་བཞེད་པའི་ཕྱིར་ཏེ། ཉི་སྣང་ལས། ཡོངས་སུ་འཛིན་པའི་ཁྱད་པར་ནི་ཐབས་མཁས་པ་དང་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡུམ་བར་བ་ལས། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཐབས་མཁས་གང་ལགས། ཞེས་པའི་ལན་དུ། ཡུམ་བར་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་338དང་ལྡན་པའི་སེམས་ཀྱིས་གཟུགས་མི་རྟག་ཅེས་བྱ་བར་སོ་སོར་རྟོགས་ཀྱང་མི་དམིགས་སོ། །ནས། ཐབས་ལ་མཁས་པར་རིག་པར། ཞེས་པ་ནས། ཀུན་ཏུ་སྐྲག་པར་མི་འགྱུར་རོ། །ཞེས་པས་ཡོངས་འཛིན་དང་པོ་ཐབས་མཁས་བསྟན། བྱང་ཆེན་མི་སྐྲག་པའི་དགེ་བའི་བཤེས་གཉེན་གང་ལགས། ཞེས་དྲིས་པའི་ལན་དུ། ཡུམ་བར་བ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་339ལ་གཟུགས་མི་རྟག་ཅེས་བྱ་བར་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བར་མི་འཇུག་པ་དང། ཞེས་པ་ནས། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱ་སྟེ། ཞེས་པས་ཕྱིའི་ཡོངས་འཛིན་དགེ་བའི་བཤེས་གཉེན་བསྟན་པའི་ཕྱིར། དེ་སྐད་དུ། ལེ་བརྒྱད་མ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཞེས་པ་ནས། ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་རོ། །ཞེས་340བྱ་བ་ནི་ཡོངས་སུ་འཛིན་པ་དང་པོ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་ཡིན་ནོ། །ཞེས་དང། ཡང་ལེ་བརྒྱད་མ་ལས། རབ་འབྱོར་གྱིས་གསོལ་བ། ནས། དེ་ལྟར་ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །ཞེས་341བྱ་བ་ནི། ཡོངས་སུ་འཛིན་པ་གཉིས་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉན་ཐོས་ནི་དེ་ལྟ་བུའི་ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱིས་མ་ཟིན་པས་དེ་དང་བྲལ་བ་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། ཡོངས་སུ་འཛིན་པ་དང་བྲལ་བ་དང། ཞེས་སོ། །
(336) པར་ཐེངས་གཉིས་པ། གསུངས་པས།
ཡང་ཁ་ཅིག་ན་རེ། ཐེག་ཆེན་སྦྱོར་ལམ་དེ་རྣམ་རྟོག་བཞི་དང་ལྡན་ཚུལ་དྲོད་ཀྱིས་ཉོན་མོངས་གཟུང་བ་བདེན་མེད་དུ་རྟོགས་གཞན་མ་རྟོགས། དེ་བཞིན་དུ་རྩེ་མོས་རྣམ་བྱང་གཟུང་བ་བདེན་མེད་དུ་རྟོགས། བཟོད་པས་རྫས་འཛིན་བདེན་མེད་དུ་རྟོགས། ཆོས་མཆོག་གིས་རྟོགས་པ་བཞི་པ་ལ་འཛིན་སྟངས་འགལ་བའི་སྒོ་ནས་གནོད་པ་དེ་དེའི་དོན་ཡིན་ཟེར་ན། ཤིན་ཏུ་མི་འཐད་པར་ཐལ། ཐེག་ཆེན་སྦྱོར་ལམ་དྲོད་ཀྱིས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པ་ནས། ཆོས་མཆོག་གིས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པར་འདྲ་བའི་ཕྱིར་ཏེ། རྣམ་བཤད་ལས། ཡང་གཟུང་འཛིན་གྱི་ཆོས་བཞི་བདེན་མེད་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་འབྱེད་ན་ཡང་མི་རིགས་ཏེ། ཞེས་སོ། །ཡང་ཁ་ཅིག །སྦྱོར་ལམ་དང་འདིའི་མཐོང་སྤང་གཟུང་འཛིན་གྱི་རྟོགས་པ་མངོན་གྱུར་གཉིས་རྒྱུ་དང་ངོ་བོ་གཅིག་པ་དེ་རྣམ་རྟོག་བཞི་ལྡན་པའི་དོན་ཟེར་ན། འོ་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཐ་མའི་ཡེ་ཤེས་དེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལ་ཉེར་ལེན་གྱི་སྒོ་ནས་ཕན་འདོགས་བྱེད་ཡིན་པར་ཐལ། དེ་དེའི་ཉེར་ལེན་ཡིན་པའི་ཕྱིར་ཏེ། དེའི་ཉེར་ལེན་གཅིག་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ལ་ཉེར་ལེན་གྱི་སྒོ་ནས་ཕན་འདོགས་བྱེད་མ་ཡིན་པར་ཐལ། འཛིན་སྟངས་ཀྱི་སྒོ་ནས་ཁྱོད་དེའི་གནོད་བྱ་དང། དེ་ཁྱོད་ལ་གནོད་བྱེད་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མཐོང་སྤང་ཤེས་སྒྲིབ་བཏགས་འཛིན་རྟོག་པ་དང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མཐོང་སྤང་ཤེས་སྒྲིབ་བཏགས་འཛིན་རྟོག་པ་དང་རྒྱུའི་སྒོ་ནས་གཅིག་ཏུ་སྐྱེས་ངོ་བོའི་སྒོ་ནས་གཅིག་ཏུ་སྐྱེས་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ལྡན་ཚུལ་བུད། ཁྱབ་སྟེ། ལྷན་ཅིག་མི་གནས་འགལ་ལ་ངོ་བོ་གཅིག་ཏུ་བྱེད་པ་བླུན་པོ་ཁྱོད་མིན་པ་ཕྱི་ནང་སུ་ཡང་མི་སྲིད་པའི་ཕྱིར་ཏེ། རྣམ་བཤད་ལས། དེ་དང་གཟུང་འཛིན་བདེན་ཞེན་གཉིས་ལྷན་ཅིག་མི་གནས་འགལ། ཞེས་དང། ངོ་བོ་གཅིག་ཏུ་སྐྱེད་པའི་རྒྱུ་ནི་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། ལྡན་ཚུལ་དེ་དག་གཏན་མི་རུང་བར་ཐལ། འདིའི་སྦྱོར་ལམ་བཞི་དང་མཐོང་སྤང་གཟུང་འཛིན་གྱི་རྟོག་པ་མངོན་གྱུར་བཞི་རིམ་བཞིན་ཉམས་སྨད་བྱེད་ཀྱི་སྤོང་གཉེན་དུ་སྦྱོར་བའི་ཕྱིར། དེར་ཐལ། མཐོང་སྤང་ཉོན་མོངས་གཟུང་རྟོག་མངོན་གྱུར་པ་ཉམས་སྨད་མ་ཐུབ་བར་དུ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཐོབ་དཀའ་བས། མཐོང་སྤང་ཉོན་མོངས་གཟུང་རྟོག་མངོན་གྱུར་པ་དྲོད་ལ་ཉོན་མོངས་བྱེད་དམ་སྒྲིབ་བྱེད་ཡིན། དེ་བཞིན་དུ་མཐོང་སྤང་རྣམ་བྱང་གཟུང་རྟོག་མངོན་གྱུར་པ་རྩེ་མོ་ལ་དང། མཐོང་སྤང་རྫས་འཛིན་མངོན་གྱུར་པ་བཟོད་པ་ལ་དང། མཐོང་སྤང་བཏགས་འཛིན་རྟོག་པ་མངོན་གྱུར་པ་ཆོས་མཆོག་ལ་ཉོན་མོངས་བྱེད་དམ་སྒྲིབ་བྱེད་ཡིན་པས་དེ་ཐོབ་པས་རྟོག་པ་342བཞི་པ་ཉམས་སྨད་བྱེད་ཀྱི་གཉེན་པོ་ཐོབ་པ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། དེས་ན་ངེས་འབྱེད་རྣམ་རྟོག་དང་ལྡན་པའི་དོན་གོང་དུ་དྲངས་པ་ལྟར་ཀུན་ནས་ཉོན་མོངས་བྱེད་དུ་ལྡན་པར་གསུངས་པས་སྤང་བྱར་ལྡན་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། ཁྱད་པར་དང་པོ་གཉིས་གྲུབ་སྟེ། དེ་འདྲའི་རྣམ་རྟོག་བཞི་རགས་རིམ་ནས་སྦྱར་ན་མཐོང་སྤང་གཟུང་རྟོག་གཉིས་ཀྱང་དྲོད་རྩེས་རིམ་བཞིན་ཉམས་སྨད་པའི་ཕྱིར་ཏེ། རྣམ་བཤད་ལས། རྣམ་རྟོག་བཞི་པོ་སྤང་དཀའ་སླའི་གནད་ཀྱིས་དྲོད་ཀྱི་སྐབས་སུ་སྤང་བྱ་ལ་གཟུང་བྱར་བདེན་འཛིན་ཉམས་སྨད་པ་ཙམ་དུ་གཉེན་པོའི་ཕྱོགས་ལ་གཟུང་བྱར་བདེན་འཛིན་ཉམས་པ་མེད་པས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཕགས་པའི་དགོངས་པ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་བ་ཡིན། ཞེས་གསུངས་པའི་ཕྱིར།
(342) པར་ཐེངས་གཉིས་པ། བཞི་ཉམས་སྨད།
དང་པོ་ཐོས་བསམ་དུས་སུ་ཡང་ཆོས་ཀྱི་བདག་མེད་རྒྱས་པར་དཔྱད་པ་དང། སྤང་བྱར་བདེན་འཛིན་རགས་པ་ལ་གོམས་པ་ཆེ་བས་སྤང་སླ་གཉེན་པོ་འཆར་དཀའ་བ་ལྟར་བདེན་འཛིན་ཡང་ངོས་ཟིན་དཀའ་བས་དེ་ལས་ཕྲ་བའི་ཕྱིར་རོ། །དེས་ན་ཁྱད་པར་ཕྱི་མ་གཉིས་ཀྱང་གྲུབ་སྟེ། རྒྱུ་མཚན་དེ་འདྲ་དང་གཟུང་འཛིན་འཆར་དཀའ་སླའི་དབང་གིས་བཤད་པ་ལྟར་གྲུབ་པའི་ཕྱིར་ཏེ། རྣམ་བཤད་ལས། ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པར་ཁྱད་པར་མེད་ཀྱང། གོམས་པ་ཡུན་རིང་ཐུང་གི་དབང་དང། ཡོན་ཏན་གོང་དུ་འཕེལ་བའི་གནས་སྐབས་དེ་བཞིར་རྣམ་པར་རྟོག་པ་མངོན་གྱུར་བཞི་རིམ་གྱིས་ཤས་ཆུང་དུ་འགྱུར་བས་མངོན་གྱུར་སྤང་བྱར་ཚུལ་དེས་ལྡན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉི་སྣང་ལས། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། དྲོད་ཀྱི་དུས་སུ་343ཉོན་མོངས་ང་རྒྱལ་སོགས་རགས་པ་དེ་ལྟར་སྤངས་པ་ཉན་སར་ཡང་བཤད་པའི་ཕྱིར་ཏེ། ཉན་ས་ལས། དེས་ཤེས་རབ་དེ་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས། ཞེས་པ་ནས། བར་དུ་གཅོད་པར་344བྱེད་པའི། ངའོ་སྙམ་པའི་ང་རྒྱལ་རགས་པ་གང་ཡིན་པ་དེ་ཀུན་ཏུ་སྤྱོད་པའི་སྒོ་ནས་སྤོང་བར་འགྱུར་ཞིང། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཐེག་པ་གསུམ་གྱི་སྦྱོར་ལམ་བཞི་ལ་ཆུང་འབྲིང་ཆེ་གསུམ་ཡོད་མེད་ཀྱིས་འཕགས་ཟེར། ལ་ལ་ཐེག་ཆེན་གྱི་ལམ་ཚང་བའི་ཆུང་འབྲིང་ཆེ་བའི་དབྱེ་བ་ཡོད་མེད་ལ་བྱེད་ཟེར་ན། དེ་རྣམས་མི་འཐད་པར་ཐལ། ཉན་ཐོས་རང་དོན་ལྷུར་ལེན་པས་མྱུར་ན་སྲིད་པ་གསུམ་ཙམ་ཡིན་པས་སྦྱོར་ལམ་དྲོད་སྟན་གཅིག་ཡང་ཡོད། ཐེག་ཆེན་གྱི་རིགས་དང་དབང་པོ་ཇི་ཙམ་ཆེ་ལ་རྣོ་བ་བཞིན་ལམ་མ་ཞུགས་ནས་ཀྱང་རང་དོན་དོར་གཞན་དོན་ལྷུར་ལེན་བྱེད་པས་ཚོགས་སྦྱོར་གཉིས་ཀྱི་ཡུན་ལ་བསྐལ་ཆེན་གྲངས་མེད་གཅིག་དགོས་པས་གདུལ་བྱའི་དབང་གིས་དྲོད་སོགས་རེ་རེའི་ཡུན་ལའང་བསྐལ་ཆེན་སྟོང་ཕྲག་དུ་མ་དགོས་པའི་ཕྱིར། ཁྱབ་སྟེ། དེ་དག་ཐམས་ཅད་ཀྱི་དུས་སུ་ཡང་དོན་གཉིས་ཀྱི་རྒྱུ་ཚོགས་ཡོངས་རྫོགས་སུ་ལམ་ལ་གོམས་པར་བྱས་པའི་རྒྱུད་གཅིག་གིའང་དྲོད་ཆུང་འབྲིང་དང་ཆེན་པོ་གསུམ་ལའང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་དེའི་སྒོ་ནས་ཐེག་དམན་གྱི་དེ་ལས་ཁྱད་པར་དུ་འཕགས་པའིི་ཕྱིར། དེའི་རྒྱུ་མཚན་གྱིས་གོང་ནས་གོང་དུ་དང་གོམས་པ་ཞེས་བསྔགས་པའི་ཕྱིར་ཏེ། རྣམ་བཤད་ལས། ཆུང་འབྲིང་ཁྱད་ཆོས་སུ་འགྱུར་བའི་རྒྱུ་མཚན་ནི་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་གོང་ནས་གོང་དུ་འཕེལ་ཞིང་གོམས་པར་བྱེད་པ་ནི་ཁྱད་ཆོས་བླ་ན་མེད་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བླ་ན་མེད་ཚུལ་བྱང་སེམས་ཀྱིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་མྱོང་བ་རྙེད་པས་སོ་སྐྱེའི་དུས་ནས་གཞན་དོན་དུ་བསྐལ་ཆེན་བྱེ་བ་དུ་མར་ཡང་དཀའ་བ་བློ་འདས་སྤྱོད་པར་འཇུག་ལ། ཉན་རང་སོ་སྐྱེ་དང་འཕགས་པ་འོག་མས་རང་དོན་དུའང་ཡུན་དེ་ཙམ་སྙིང་སྟོབས་ཀྱིས་མི་ཕོད་ལ་བསམ་པ་ཙམ་ཡང་མི་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་ལས། ཇི་ལྟར་སྙིང་རྗེའི་བདག་ཉིད་གཞན་གྱི་དོན་གྱི་ཕྱིར། །བདག་ལ་སྡུག་བསྔལ་མི་བཟད་གདུང་བ་རབ་བྱེད་པ། །དེ་ལྟར་འཇིག་རྟེན་གདུང་བའི་ལས་ཀྱིས་གཞན་དགྲ་ལ། །ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་མ་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྩ་བར། ཆེད་དུ་བྱ་བ་ལོག་པ་དང། །ཞེས་པ་དང། འགྲེལ་པ་ལས། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཆེན་པོ་ཉིད་ལ་སོགས་པ་ལ་མི་འཇུག་པ་ཉིད་ཀྱིས་ཆེད་དུ་བྱ་བ་ལོག་པ་དང། ཞེས་དང། སྤྱོད་འཇུག་ལས། སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་འང་མ་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་གསུངས་པའི་ཕྱིར། ལྷག་བསམ་བརྟན་པས་མི་གཙང་བའི་དོང་དཔེར་བྱས་ནས་བཤད་དོ། །
ངོ་བོ་ལ་ཁ་ཅིག་ན་རེ། ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་མཐོང་ལམ་མ་སྐྱེས་གོང་གི་མཁྱེན་པ། སྦྱོར་ལམ་གྱི་མཚན་ཉིད་ཟེར་ན། དགྲ་བཅོམ་སྔོན་སོང་གི་བྱང་སེམས་སྦྱོར་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མཐོང་ལམ་སྔོན་ཐོབ་ཟིན་པའི་ཕྱིར་ཏེ། དགྲ་བཅོམ་པའི་ལམ་ཡིན་པའི་ཕྱིར། ཡང་ཁ་ཅིག །ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་ཀྱི་འཇིག་རྟེན་པའི་དོན་མངོན་རྟོགས་དེ། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་ན། དགྲ་བཅོམ་སྔོན་སོང་གི་ཐེག་ཆེན་སྦྱོར་ལམ་ཆོས་ཅན། འཇིག་རྟེན་གྱི་དོན་མངོན་རྟོགས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། འདས་ལམ་ཡིན་པའི་ཕྱིར། ཡང་ཁ་ཅིག །སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཟེར་བ་དང། རློམས་པ་ཁ་ཅིག་ན་རེ།.....རོང་ཊཱིཀ་པ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང་བདེན་པ་མངོན་རྟོགས་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་མཁྱེན་པ་དེ། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་གང་ཞིག །གཟུང་བ་རང་བཞིན་མེད་པའི་དོན་ལ་གསལ་སྣང་དང་པོར་ཐོབ་པ། ཐེག་ཆེན་སྦྱོར་ལམ་དྲོད་ཀྱི་མཚན་ཉིད། གཉིས་པ་གང་ཞིག །དེའི་དོན་ལ་གསལ་སྣང་འཕེལ་བ་དེ། དེའི་རྩེ་མོའི་མཚན་ཉིད། གསུམ་པ་གང་ཞིག །འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་དང་པོར་ཐོབ་པ་དེ། དེའི་བཟོད་པའི་མཚན་ཉིད། དེ་བཞི་པ་གང་ཞིག །དེའི་དོན་ལ་གསལ་སྣང་འཕེལ་བ་དེ། དེའི་ཆོས་མཆོག་གི་མཚན་ཉིད་ཟེར་ན། དང་པོ་གཉིས་ལ། འོ་ན། ཐེག་ཆེན་སྦྱོར་ལམ་པའི་བསམ་བྱུང་གི་བྱམས་སྙིང་རྗེ་དང་གོང་མའི་སྦྱིན་སོགས་ལ་ཐོས་བྱུང་གིས་སྨོན་པའི་སྦྱིན་སོགས་དྲུག་ཆོས་ཅན། སྒོམ་བྱུང་གཙོ་བོར་གྱུར་པའི་དེ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་ལམ་ཡིན་པའི་ཕྱིར། དེར་ཐལ། ཚོགས་ལམ་དུ་གྱུར་པའི་དེ་དག་ཡོད། དེ་བཞིན་དུ་སྦྱོར་ལམ་ལ་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། ཚོགས་ཀྱི་ལམ་གང་ཞེ་ན། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང། དབང་པོའི་སྒོ་སྡོམ་པ་དང། ཟས་ཀྱི་ཚོད་རིག་པ་དང། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང། ཡང་རྒྱུར་གྱུར་པའི་དགེ་བ་གཞན་དག་དང། ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་དག་ཀྱང་རུང་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུད་ཀྱི་ཐར་ལམ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀུན་བཏུས་ལས། ཚོགས་ཀྱི་ལམ་གང་ཡིན་པ་སྦྱོར་བའི་ལམ་ཡང་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། སྦྱོར་ལམ་ན་ཚོགས་ལམ་ལས་བརྒྱ་འགྱུར་གྱི་ཐོས་བསམ་ཡོད་པའི་ཕྱིར་ཏེ། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཡང་བཤད་པའི་ཕྱིར། ཆོས་མཆོག་ཆུང་ངུའི་རྩ་བར། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་དང། གསེར་ཕྲེང་ལས། རྣམ་པར་རོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ཏིང་ངེ་འཛིན་བརྒྱ་ལྷག་དང་བཅས་པ་དང། ཞེས་དང། མདོ་ལས་ཀྱང། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་འགྱུར་བ་སྟེ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཤེས་རབ་གསུམ་འགལ་བའི་ཕྱིར།
གཞན་ཡང། བྱང་སེམས་ཀྱི་སྦྱོར་ལམ་དྲོད་སོགས་345བཞི་གང་རུང་ཡིན་ན་སྟོང་ཉིད་རྟོགས་པའི་ལམ་ཡིན་དགོས་པར་ཐལ། དྲོད་སོགས་ཀྱི་མཚན་ཉིད་འཐད་པའི་ཕྱིར། འདོད་ན། དེ་བཞིའི་སེམས་བསྐྱེད་བཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སློབ་པའི་རྒྱུད་ཀྱི་ཐབས་ཀྱི་ཆ་ཡིན་པའི་ཕྱིར། ཁྱབ་སྟེ། དགོངས་འགྲེལ་ལས། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ། །ཞེས་གསུངས་པའི་ཕྱིར། རོང་ཊཱིཀ་པ་དང། ཡང་ཁ་ཅིག་ན་རེ། ཐེག་ཆེན་རིགས་ངེས་ཀྱི་སྟོང་ཉིད་རྟོགས་པའི་སྦྱོར་ལམ་དྲོད་སོགས་བཞི་དོན་དམ་པར་རང་བཞིན་མེད་པའི་དོན་ལ་གསལ་སྣང་ཅན་གྱི་བློ་ཡིན་ཟེར་ན། དེ་བཞི་ཆོས་ཅན། ཆོས་ཉིད་ལ་གསལ་སྣང་ཅན་གྱི་བློ་མ་ཡིན་པར་ཐལ། ཆོས་ཉིད་མི་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཉིད་ཀྱི་དོན་སྤྱི་ཆོས་ཉིད་དུ་སྣང་བའི་བློ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཉིད་ལ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་བློ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཉིད་ལ་རྟོག་པ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་གསུངས་པའི་ཕྱིར་དང། ཤེས་གང་ཞེས་པས་འཛིན་བྱེད་བསྟན་ཏེ། གང་ལ་ཞེས་པས་ཡུལ་བསྟན་ཅིང་ལྷག་མས་སྒྲ་སྤྱི་དོན་སྤྱི་འདྲེས་རུང་དུ་སྣང་ན་རྟོག་པར་འགྱུར་ཚུལ་བཤད་པའི་ཕྱིར། གཞན་ཡང། དེ་བཞི་ཆོས་ཅན། སྟོང་ཉིད་ལ་མངོན་སུམ་ཡིན་པར་ཐལ། དེ་ལ་རྟོག་མེད་ཀྱི་བློ་གང་ཞིག །དེ་ལ་རྟོག་མེད་ལོག་ཤེས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལ་གསལ་སྣང་ཅན་གྱི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། གཉིད་ལོག་པ་འམ་སད་པ་ན། །གསལ་བར་སྣང་བ་ཅན་བློ་གང། །དེ་ནི་རྟོག་མེད། ཅེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་ཀྱི་དོན་སྤྱི་ལ་སྟོང་ཉིད་དུ་སྣང་བའི་བློ་ཡིན་པའི་ཕྱིར། དེར་ཐལ། ཚུར་མཐོང་གི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། ཞི་འཚོས། ཚུ་རོལ་མཐོང་བ་ཐམས་ཅད་ཀྱི། །སེམས་ནི་དེ་ལ་ནོར་བའི་ཕྱིར། །ཡང་དག་དངོས་པོ་ཅུང་ཟད་ཀྱང། །མངོན་སུམ་དག་གིས་གྲུབ་པ་མེད། །ཅེས་གསུངས་པའི་ཕྱིར།
(345) པར་ཐེངས་གཉིས་པ། བཞི་པོ།
བྱས་པ་ལ་ཁོ་ན་རེ། དེ་ལ་སྟོང་ཉིད་གསལ་བར་སྣང་བར་ཐལ། རྒྱན་སྣང་ལས། ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་གསལ་བས། ཞེས་དང། ཡེ་ཤེས་ཀྱི་སྣང་བ་འབྲིང་ཙམ་དུ་གསལ་བར་གྱུར་པ་དེའི་ཚེ་ནི་རྩེ་མོའི་གནས་སྐབས་ཏེ། ཞེས་དང། ཤིན་ཏུ་གསལ་བར་ཤེས་པའི་སྣང་བ་སྐྱེས་པ་དེའི་ཚེ་བཟོད་པའི་གནས་སྐབས། ཞེས་དང། ཡེ་ཤེས་ཀྱི་སྣང་བ་རྫོགས་པར་གྱུར་པ་དེའི་ཚེ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྦྱོར་ལམ་བཞིའི་སྟོང་ཉིད་ལ་ཐོས་བསམ་དུས་ཀྱི་ཡུལ་ཡུལ་ཅན་རྒྱང་ཆད་རགས་པར་སྣང་བ་ལས་གཉིས་སྣང་ཆུང་དུ་སོང་བའི་ཆོས་ཉིད་ཀྱི་དོན་སྤྱི་ལ་གསལ་སྣང་ཆུང་ངུ་སོགས་སྐྱེ་བས་དེ་ལྟར་བཤད་པའི་ཕྱིར་ཏེ། རྣམ་བཤད་ལས། ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དམིགས་པའི་ཚེ་ཡུལ་གྱི་སྤྱི་ལེགས་པར་ཤར་ཡང། ཡུལ་ཡུལ་ཅན་གཉིས་གཉིས་སྣང་ཤིན་ཏུ་རགས་པ་དང་བཅས་ནས་འབྲེལ་བ་མེད་པ་ལྟ་བུར་སྣང་ལ། སྒོམ་བྱུང་གི་ཤེས་རབ་ཀྱི་346ཚེ་ནི། གཉིས་སྣང་ཡོད་ཀྱང་གཉིས་སྣང་རགས་པ་ལོག་ནས། ཞེས་གསུངས་པའི་ཕྱིར། ཡང་སྔོན་གྱི་ཁ་ཅིག་ན་རེ། སྦྱོར་ལམ་མཉམ་བཞག་གི་བློ་རྣལ་འབྱོར་མངོན་སུམ་ཡིན་གྱི། དེ་ན་རྟོག་པ་ཅི་ཡང་མེད་ཟེར། མཉམ་བཞག་དེ་ཆོས་ཅན། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པར་ཐལ། རྣལ་འབྱོར་མངོན་སུམ་གང་ཞིག་ཡུལ་དེ་བཞིན་ཉིད་ཡིན་པའི་ཕྱིར། འདོད་ན། 347མཐོང་སྤང་རྟོག་པའི་ས་བོན་དང་བྲལ་བར་ཐལ་བ་དང་རྟོག་བཅས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་བཏུས་ལས། ཤེས་བྱ་ལ་ལེགས་པར་མ་ཞུགས་པ་དང། ལེགས་པར་ཞུགས་པ་དང། སྒྲིབ་པ་དང་བཅས་པ་དང། སྒྲིབ་པ་མེད་པ་དང། རྣམ་པར་རྟོག་པ་དང་བཅས་པ་དང། རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ་འདི་ནི་བྱེ་བྲག་གོ །ཞེས་གསུངས་པའི་ཁྱད་པར་གསུམ་མི་འཐད་པར་ཐལ། སོ་སྐྱེ་ཡང་ཤེས་བྱ་ལ་ལེགས་པར་ཞུགས་པ་སོགས་ཡིན་པའི་ཕྱིར། གཞན་ཡང། དེ་མི་འཐད་པར་ཐལ། སོ་སྐྱེ་ལ་སྟོང་ཉིད་ལ་མ་འཁྲུལ་པའི་མངོན་སུམ་མེད་པའི་ཕྱིར་ཏེ། དགོངས་རྒྱན་ལས། དེ་ལ་གང་ཅིག་ཤོས་རྣམས་ཀྱི་མངོན་སུམ་དེ་ནི། དོན་དམ་པའི་དབང་དུ་བྱས་ནས་མ་འཁྲུལ་བར་མི་བརྗོད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། དེ་ཆོས་ཅན། སྟོང་ཉིད་མངོན་སུམ་དུ་མ་རྟོགས་པར་ཐལ། མཐོང་སྤང་སྒོམ་སྤང་གང་རུང་གི་བདེན་འཛིན་ཅུང་ཟད་ཀྱང་ཁ་མ་བྲི་བའི་ཕྱིར། ཁྱབ་སྟེ། དེ་འདྲའི་གཞི་མཐུན་བླུན་པོ་ཚིག་སྤྱི་བ་མ་ཡིན་པས་ཁས་ལེན་པ་བཞད་གད་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། མདོར་ན་གང་དག་ཚུར་མཐོང་གིས་ཆོས་ཉིད་མངོན་སུམ་གྱིས་རྟོགས་པ་ཡོད་པར་འདོད་ཅིང། ཞེས་དང། ཡང་དེ་ཉིད་ལས། བླུན་པོ་ཚིག་ཙམ་ཞིག་ལ། ནས། མཐོང་སྤང་དང་སྒོམ་སྤང་གི་བདག་ལྟ་ཅུང་ཟད་ཀྱང་ཁ་མ་བྲི་བར་བདག་མེད་མངོན་སུམ་གྱིས་རྟོགས་པར་འདོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
(346) པར་ཐེངས་གཉིས་པ། དམིགས་པའི་ཚེ་ནི། གཉིས་སྣང་ཡོད་ཀྱང་སྔ་མ་གཉིས་ལྟ་བུའི་གཉིས་སྣང།
(347) པར་ཐེངས་གཉིས་པ། མཐོང་སྤང་ས་བོན།
ཡང་ཁ་ཅིག་ན་རེ།.....འབྲེ། དེ་སྟོང་ཉིད་ལ་དྲན་པ་བཅད་ཤེས་ཟེར། དེ་ལ་བོད་ཀྱི་མཁས་པ་ན་རེ། སྟོང་ཉིད་ལ་ཡེ་ཤེས་ཀྱི་གསལ་སྣང་མེད་པར་ཐལ། དྲན་པ་བཅད་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲ་རྟོག་ཡིན་པས་གསལ་བར་སྣང་བ་འགལ་བའི་ཕྱིར། འདོད་མི་ནུས་ཏེ། དགོངས་རྒྱན་ལས། ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བར་སྐྱེ་བ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཚོགས་ལམ་དུ་རྣམ་གཡེང་ཤས་ཆེ་བ་སྦྱོར་ལམ་དུ་སྒོམ་བྱུང་གི་སྟོབས་ཀྱིས་དེ་ཤས་ཆུང་བ་ལ་དགོངས་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཚོགས་ལམ་དུ་རྣམ་གཡེང་ཤས་ཆེ་བ་སྦྱོར་ལམ་དུ་སྒོམ་བྱུང་གིས་འདྲིས་པར་བྱས་ཏེ། ཤས་ཆུང་བ་ལ་བཞེད་ན་རུང་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་གཡེང་དེའི་རྒྱུ་མཚན་གྱིས་གཉིས་སྣང་ཡོད་ལ། དེ་348ཆུང་ངུའི་གཉིས་སྣང་ཆུང་བ་སྒོམ་བྱུང་གིས་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། གཉིས་སྣང་ཡོད་ཀྱང་སྔ་མ་གཉིས་ལྟ་བུའི་གཉིས་སྣང་རགས་པ་ལོག་ནས། ཡུལ་དེ་ལ་ཟུག་པ་ལྟར་སྣང་ཞིང། ཆུ་ལ་ཆུ་བཞག་པའི་ཚུལ་དུ་འགྱུར་ལ་ཁད་པ་ལྟར་སྣང་བས། 349སྟོང་པ་ཉིད་ཀྱི་དོན་སྤྱི་ཤར་བ་ལ། ཆོས་ཉིད་གསལ་བར་སྣང་ཞེས་བྱའི། རྟོག་བྲལ་གྱི་གསལ་སྣང་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སྟོང་ཉིད་ལ་གསལ་སྣང་ཡོད་ཀྱང་མངོན་སུམ་མ་ཡིན་པར་ཐལ། དེ་དེ་ལ་གསལ་སྣང་ཅན་གྱི་མངོན་སུམ་ལྟར་སྣང་ཡིན་པའིི་ཕྱིར། དེར་ཐལ། མངོན་སུམ་ལྟར་སྣང་དྲུག་པོ་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་གསལ་སྣང་ཡོད་པས་མ་ཁྱབ་པའི་ཕྱིར། དེར་ཐལ། སྨིག་རྒྱུ་ཆུར་འཛིན་ལྟ་བུའི་འཁྲུལ་350ཅན་དང། བུམ་པའི་ཚོགས་སྤྱི་འཛིན་པའི་ཀུན་རྫོབ་ཤེས་པ་བརྡ་རྟོག་དང། རྟགས་འཛིན་རྟོག་པ་དང། རྗེས་དཔག་དང། འདས་པའི་དོན་དྲན་པའི་བཅད་ཤེས་དང། མ་འོངས་པའི་351དོན་འདོད་པའི་རྟོག་པ་དྲུག་གང་རུང་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང། །རྗེས་དཔག་རྗེས་སུ་དཔག་ལས་བྱུང། །དྲན་དང་མངོན་འདོད་ཅེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་352བཅས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དར་ཊཱིཀ་ལས། རྟོག་པ་མངོན་སུམ་ལྟར་སྣང་དྲུག་ཏུ་དབྱེ་བ་དང། ཞེས་གསུངས་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མངོན་སུམ་ཡིན་པར་ཐལ། ཆོས་ཉིད་ལ་གསལ་སྣང་ཅན་གྱི་བློ་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཆོས་ཉིད་ལ་ཡེ་ཤེས་ཀྱི་གསལ་སྣང་ཡོད་པར་འདོད་ན་དེ་ལ་མངོན་སུམ་དུ་ཐལ་བ་གང་གིས་བཟློག ཅེས་གསུངས་པའི་ཕྱིར། འདོད་ན། རྣལ་འབྱོར་མངོན་སུམ་ཡིན་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། སྦྱོར་ལམ་བཞིའི་གནས་སྐབས་སུ་ཡེ་ཤེས་ཀྱི་གསལ་སྣང་ཆུང་འབྲིང་ཆེན་པོ་དང་རྫོགས་པ་བཞི་ཐོབ་ཟེར་ན། དེ་མི་འཐད་པར་ཐལ། དེའི་སྐབས་སུ་ཡེ་ཤེས་རང་ཉིད་གསལ་བའི་ངོ་བོར་སྐྱེས་པ་ལ་ཡང་བྱེད་མི་རུང། ཡུལ་ཆོས་ཉིད་ལ་གསལ་སྣང་དུ་འདོད་པ་བཀག་ཟིན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་ཡེ་ཤེས་བཞི་ཀ་གསལ་བ་ཡིན་པའི་ཕྱིར། དེར་ཐལ། དེ་བཞི་ཀ་གསལ་ཞིང་རིག་པ་ཡིན་པའི་ཕྱིར་ཏེ། དེ་བཞི་བློ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཡེ་ཤེས་ཀྱི་གསལ་སྣང་ཡོད་མེད་ཀྱི་ཁྱད་པར་འབྱེད་པ་སྐད་བྱེད་པ་ནི་ཟེར་རྒྱུས་ཕོངས་པར་གསལ་ལོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྦྱོར་ལམ་གྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་རྗེས་དཔག་ཡིན་ཟེར་བ་འདི་ལྷག་མཐོང་རིམ་པ་བཞིས་བསྒོམ་པ་ལ་འཁྲུལ་ལོ། །འོ་ན། སྟོང་ཉིད་རྟོགས་པའི་སྦྱོར་ལམ་མཉམ་བཞག་གི་ཤེས་རབ་ཆོས་ཅན། ཐོས་བྱུང་དང་བསམ་བྱུང་གང་རུང་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། རྫས་སྤྱི་སོགས་ཆོད། འདོད་མི་ནུས་ཏེ། སྒོམ་བྱུང་ཡིན་པའི་ཕྱིར། དེར་ཐལ། ལྷག་མཐོང་ཡིན་པའི་ཕྱིར་ཏེ། དེའི་ཐད་ཀྱི་སྡུད་པ་ལས། དགེ་བའི་བཤེས་དང་ལྡན་ཅིང་ལྷག་མཐོང་ལྡན་གྱུར་པ། །རྒྱལ་བ་རྣམས་ཀྱི་ཡུམ་ཐོས་སྐྲག་པར་ཡོངས་མི་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འགྲེལ་པ་ལས་ཀྱང། སྒོམ་པ་ལས་བྱུང་བ་དང། ཞེས་དང། མཛོད་ལས་ཀྱང། སྒོམ་བྱུང་མི་ལྕོགས་མེད་པ་དང། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས་ཀྱང། ཤེས་རབ་གསུམ་གྱི་རྣམ་དབྱེ་མི་ཤེས་པ་ཁ་ཅིག་གཅིག་དུ་བྲལ་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཏུ་འདོད་དོ། །ཞེས་སོ། །
(348) པར་ཐེངས་གཉིས་པ། ཆུང་འབྲིང་གི་གཉིས།
ཡང་ཁ་ཅིག་ན་རེ། དམིགས་པ་དང་ནི། ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་སྦྱོར་ལམ་ཡིན་ན། སྟོང་ཉིད་རྟོགས་པའི་སྦྱོར་ལམ་ཡིན་པས་ཁྱབ་ཟེར་ན། འོ་ན། བདེན་བཞི་བདེན་མེད་དུ་སྒོམ་པའི་ཡེ་ཤེས་དེ་ལུས་ངག་ཡིད་གསུམ་དག་བྱེད་ཀྱི་རྒྱུར་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་བཟོད་འབྲིང་གི་ཡེ་ཤེས་ཆོས་ཅན། སྟོང་ཉིད་དངོས་སུ་རྟོགས་པའི་ཡེ་ཤེས་ཡིན་པར་ཐལ། དམིགས་པ་དང་ནི། ཞེས་སོགས་ཀྱི་སྐབས་སུ་དངོས་སུ་བསྟན་པའི་ཐེག་ཆེན་གྱི་སྦྱོར་ལམ་ཡིན་པའི་ཕྱིར། དེར་ཐལ། མདོར་བསྟན་གྱི། ཆུང་དང་འབྲིང་དང་ཆེན་པོ་353ཡི། །ཞེས་པས་མིང་ཙམ་བཤད་པའི་དབྱེ་བ་བཅུ་གཉིས་ཀྱི་གཅིག་ཡིན་པའི་ཕྱིར། དེར་ཐལ། རྒྱས་བཤད་ཀྱི། དམིགས་པ་མི་རྟག་ལ་སོགས་པ། །ནས། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་པའི་བར་གྱིས་གཙོ་བོར་དངོས་སུ་བསྟན་པའི་བཅུ་གཉིས་པོ་གང་རུང་གི་རྣམ་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བདེན་བཞི་བདེན་མེད་དུ་རྟོགས་པའི་ཡེ་ཤེས་དེ་ལུས་ངག་ཡིད་གསུམ་དག་བྱེད་ཀྱི་རྒྱུར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། བདེན་བཞི་ལ་རྒྱུའི་སྒོ་ནས་དམིགས་པའི་བཟོད་འབྲིང་གི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། ཁ་ཅིག་ཏུ་རྒྱུའི་སྒོ་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། བཟོད་པ་འབྲིང་གི་སྐབས་ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས་དམིགས་ཏེ། སྐྱེ་བ་དང་ངེས་འབྱུང་མེད་པ་རྟོགས་པ་འདི་ནི་ལུས་སོགས་དག་པ་ལྔའི་རྒྱུ་བྱེད་པ་ཡིན་ནོ་ཞེས་འཛིན་པའི་ཕྱིར་རོ། །ཞེས་དང། རྣམ་བཤད་ལས་ཀྱང། སྒོ་གསུམ་དང། མཚན་བཟང་པོ་དང། ཞིང་ལ་སོགས་པ་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་ཐོབ་པར་འགྱུར་བར་རྟོགས་པའི་བཟོད་པ་འབྲིང། ཞེས་གསུངས་པའི་ཕྱིར། གཞན་ཡང། གཟུགས་དོན་དམ་པར་སྣང་ཚུལ་དང་གནས་ཚུལ་མི་མཐུན་པར་རྟོགས་པའི་བཟོད་པ་ཆུང་ངུའི་ཡེ་ཤེས་ཆོས་ཅན། སྟོང་ཉིད་དངོས་སུ་རྟོགས་པའི་ཡེ་ཤེས་ཡིན་པར་ཐལ། མདོར་བསྟན་དངོས་བསྟན་གྱི་དེ་ཡིན་པའི་ཕྱིར། དེར་ཐལ། རྒྱས་བཤད་དངོས་བསྟན་གྱི་དེ་ཡིན་པའི་ཕྱིར། དེར་ཐལ། རྩ་བར། དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པའི་དངོས་བསྟན་གྱི་དེ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། དོན་དམ་པར་དངོས་པོ་མེད་པ་ཉིད་ཡིན་ཡང་བདེན་པར་ཞེན་པའི་སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། སྣང་གནས་གཉིས་ཀྱི་སྒོ་ནས་བདེན་པ་གཉིས་ཀྱི་ངོ་བོ་ཉིད་དུ་དམིགས་པའི་རྣམ་པ་ཅན་བཟོད་པ་ཆུང་ངུའི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། ཁ་ཅིག་ཏུ་ངོ་བོ་ཉིད་ཀྱི་སྒོ་ནས། ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས། བཟོད་པ་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་དམིགས་ཏེ། དོན་དམ་པར་ངོ་བོ་ཉིད་མེད་པ་འདི་ཉིད་ཀུན་རྫོབ་ཏུ་354ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
གཞན་ཡང། བདེན་བཞི་སོགས་བདེན་མེད་དང། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བསྒོམ་པ་ལས་འཕྲིན་ལས་ལྷུན་གྲུབ་འབྱུང་བར་རྟོགས་པའི་ཆོས་མཆོག་ཆུང་ངུའི་ཡེ་ཤེས་ཆོས་ཅན། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་པར་ཐལ། མདོར་བསྟན་གྱི་དེ་ཡིན་པའི་ཕྱིར། དེར་ཐལ། རྒྱས་བཤད་ཀྱི་དེ་ཡིན་པའི་ཕྱིར། རྩ་བར། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །ཅེས་གསུངས་པའི་ཕྱིར། ཏིང་འཛིན། ཞེས་པས་དམིགས་པ་དང། དེ་ཡི་བྱེད་པ་ཉིད། ཅེས་པས་རྣམ་པ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་པ་ལས། ཆུང་ངུའི་དམིགས་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ། གཞན་ལ་དམིགས་འབྱེད་ཚུལ་འདི་ལྟར་གྱིས། གཉིས་པ་གྲུབ་སྟེ། འགྲེལ་པ་ལས། རྣམ་པ་ནི། རང་གི་སྨོན་ལམ་དང། བསོད་ནམས་དང། ནས། ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་འདྲའི་ཏིང་ངེ་འཛིན་བསྒོམ་པ་ལས་འཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། འགྲེལ་པ་ལས། ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས། ཞེས་དང། གསེར་ཕྲེང་ལས། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་འདི་ནི་སེམས་ཅན་ལ་ཕན་པའི་འབྲས་བུ་དང་ལྡན་ནོ། །ཞེས་རྟོགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཞན་ཡང། མདོར་བསྟན་གྱི་འགྲེལ་པ་ལས། ཆོས་སུ་ལྟ་བའི་355གཉེན་པོ་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང། ཞེས་གསུངས་པའི་རྣམ་པར་ཞུགས་པའི་རྣམ་པ་ལ་དོན་དམ་པའི་རྣམ་པས་ཁྱབ་པར་ཐལ། མདོར་བསྟན་གྱི། རྣམ་པ་དང། ཞེས་པའི་རྣམ་པ་ལ་སྟོང་ཉིད་ཀྱིས་ཁྱབ་པའི་ཕྱིར་ཏེ། དེའི་དངོས་བསྟན་གྱི་ཡེ་ཤེས་ལ་སྟོང་ཉིད་རྟོགས་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་སྒྱུ་མའི་རྣམ་པ་སོགས་ཡོད་པའི་ཕྱིར་ཏེ། དེའི་གསེར་ཕྲེང་ལས། རྣམ་པའི་ཁྱད་པར་ནི་མངོན་པར་ཞེན་པ་མེད་པ་ལ་སོགས་པ་སྟེ། སྒྱུ་མ་ལྟ་བུའི་རྣམ་པར་ཞུགས་པའོ། །ཞེས་གསུངས་པའི་ཕྱིར། སྤྲོས་པས་ཆོག །
(355) པར་ཐེངས་གཉིས་པ། གཉེན་པོ་ཉིད་ཀྱིས། མངོན་པར།
རང་ལུགས་ལ། སྦྱོར་ལམ་གྱི་རྟེན་དང། བརྟེན་པ་སྦྱོར་ལམ་གཉིས། དང་པོ་ལ་ལུས་རྟེན་དང། སེམས་རྟེན་གཉིས། དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་འདོད་གཟུགས་ཀྱི་ལྷ་དག་གི་ལུས་རྟེན་ལ་གསར་དུ་སྐྱེ་རུང་སྟེ། དེ་སྐྱེ་བའི་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་ཚང་བའི་དེ་ལྔ་དུ་མ་ཡོད་པའི་ཕྱིར། ངན་སོང་གསུམ་དང། སྒྲ་མི་སྙན་དང། ཟ་མ་མ་ནིང་དང། མཚམས་མེད་བསགས་ལ་མ་སྦྱངས་པའི་ལུས་རྟེན་ལ་གསར་སྐྱེ་མེད་དེ། ངན་སོང་གསུམ་རྣམ་སྨིན་གྱི་སྒྲིབ་པ་དང། སྒྲ་མི་སྙན་འགྲོ་བའི་སྒྲིབ་པ་དང། ཟ་མ་མ་ནིང་ཉོན་མོངས་ཤས་ཆེ། ཕྱི་མ་ལས་སྒྲིབ་ཤས་ཆེན་པོ་དང་ལྡན་པའི་ཕྱིར་རོ། །གཉིས་པ་ནི། སྦྱོར་ལམ་གྱི་སེམས་རྟེན་ལ་བསམ་གཏན་ས་དྲུག་དང་འདོད་སེམས་ཡང་ཡོད་དེ། བསྒོམ་བྱུང་གི་སྦྱོར་ལམ་རྣམས་བསམ་གཏན་ས་དྲུག་གང་རུང་ལ་བརྟེན། ཐོས་བསམ་གྱིས་བསྡུས་པ་རྣམས་འདོད་སེམས་ལ་བརྟེན་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉེར་བསྡོགས་མི་ལྕོགས་མེད་པ་དང། དང་པོའི་དངོས་གཞི་རྟོག་བཅས་ཙམ་པོ་དང་རྟོག་མེད་ཁྱད་པར་ཅན་གཉིས་དང། ཕྱི་མ་གསུམ་གྱི་དངོས་གཞི་གསུམ་སྟེ་དྲུག་གང་རུང་ལ་བརྟེན་པའི་ཕྱིར་ཏེ། མཛོད་ལས། བསྒོམས་བྱུང་མི་ལྕོགས་མེད་པ་དང། །ཁྱད་པར་བསམ་གཏན་ས་པ་འོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་དག་མཉམ་པར་མ་བཞག་པའི་སས་བསྡུས་ཡིན་པའི་ཕྱིར། གཉིས་པ་ལ་མཚན་ཉིད་དང། དབྱེ་བ་དང། འཕོས་ཚད་དང། ཁྱད་པར་དང། སྒྲ་དོན་དང་ལྔ། དང་པོ་ནི། ཐེག་ཆེན་གྱི་དོན་མངོན་རྟོགས་དེ་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད། ཐེག་ཆེན་སྦྱོར་ལམ་དང། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང། ཐེག་ཆེན་གྱི་དོན་མངོན་རྟོགས་རྣམས་དོན་གཅིག །གཉིས་པ་ནི། དེ་ལ་ངོ་བོའི་སྒོ་ནས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་བཟོད་པ་ཆོས་མཆོག་བཞི་དང། རྒྱུད་ལ་སྐྱེ་རིམ་གྱིས་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་གསུམ་སྟེ་བཅུ་གཉིས་ཡོད། གསུམ་པ་འཕོས་ཚད་ཡོད་དེ། སྤྱིར་ཐེག་ཆེན་ཚོགས་ལམ་ན་བསམ་གཏན་བཞི་ཡང་ཡོད་པས་ཇི་སྙེད་པའི་ཞི་ལྷག་གི་བསྒོམས་བྱུང་ཡོད། སྟོང་ཉིད་ལའང་བསྒོམས་བྱུང་ཡོད་དེ། སྟོང་ཉིད་ལ་དམིགས་པའི་ཞི་གནས་ཡོད་པའི་ཕྱིར་ཏེ། སྟོང་ཉིད་ལ་དམིགས་པའི་ཞི་ལྷག་རིམ་ཅན་དུ་སྐྱེ་དགོས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱ་སྟེ། །ཐོག་མར་ཞི་གནས་བཙལ་བྱ། ཞེས་གསུངས་པའི་ཕྱིར། ཐེག་ཆེན་རིགས་ངེས་ཀྱི་དབང་དུ་བྱས། དེས་ན་ཐེག་ཆེན་ཚོགས་ལམ་ཆེན་པོ་པས་ཞི་གནས་ལ་བརྟེན་ནས་ཇི་ལྟ་བ་ལ་མཚན་ཉིད་སོ་སོར་རིག་པ་ཡིད་བྱེད་ཀྱིས་རེས་ཐོས་པ་དང། རེས་བསམ་བྱུང་གིས་དཔྱད་པའི་དཔྱད་སྟོབས་ཀྱིས་ཤིན་སྦྱངས་ཐོབ་པ་དང་མཉམ་དུ་སྟོང་ཉིད་ལ་ལྷག་མཐོང་དང། སྟོང་ཉིད་ལ་མོས་པ་ཡིད་བྱེད་དང། དེའི་ཞི་ལྷག་ཟུང་འབྲེལ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་སྒོམ་བྱུང་དང་ཐེག་ཆེན་གྱི་356དྲོད་ཐོབ་པ་དུས་མཉམ་ཡིན་ཏེ། རྣམ་བཤད་ལས། མི་སྡུག་པ་སྒོམ་པ་སོགས་ཀྱི་སྒོམ་བྱུང་ཡོད་ཀྱང་357སྟོང་ཉིད་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ནི་མེད་དེ། དེ་ཐོག་མར་ནམ་སྐྱེས་པ་ན་སྦྱོར་ལམ་དུ་འཕོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འཕོས་ཚད་དེ་འཐད་དེ། སྟོང་ཉིད་ལ་ལྷག་མཐོང་གིས་རི་བཞིན་དུ་བརྟན་ཅིང་ཆོས་ཉིད་དོན་སྤྱིའི་གསལ་སྣང་བཞིའི་དང་པོ་ཐོབ་དུས་དྲོད་དུ་འཇོག །དེ་བས་ཀྱང་ལྷག་མཐོང་གིས་ཆོས་ཉིད་ལ་དོན་སྤྱིའི་སྣང་བ་མཆེད་པའི་དུས་རྩེ་མོ་དང། དེ་བས་ཀྱང་ལྷག་མཐོང་གིས་358གཟུང་སྣང་འགག་ནས་ཆོས་ཉིད་ལ་དོན་སྤྱིའི་གསལ་སྣང་རབ་ཐོབ་ཅིང་འཛིན་པ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་གྱི་དུས་སྦྱོར་ལམ་བཟོད་པ་དང། དེ་བས་ཀྱང་ལྷག་མཐོང་གིས་ཆོས་ཉིད་ལ་དོན་སྤྱིའི་གསལ་སྣང་རྫོགས་པར་ཐོབ་ཅིང་འཛིན་པའི་སྣང་བ་ཟད་པ་ལྟར་རམ་ཆུ་ལ་ཆུ་བཞག་ལྟར་སྣང་དུས་ཆོས་མཆོག་ཐོབ་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་ལས། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་གསུངས་པའི་ཕྱིར། དེའི་འགྲེལ་པ་ལས། སེམས་མཉམ་པར་བཞག་པས་ཡིད་ཀྱི་བརྗོད་པ་མ་གཏོགས་པ་དོན་ཐམས་ཅད་མི་མཐོང་གི །ཞེས་དང། 359དྲོ་བར་གྱུར་པའི་སྐབས་ཡིན་ཏེ། ཞེས་དང། མདོ་ལས། སྣང་བ་ཞེས་བྱ་བ་འདི་ནི་ཆོས་ལ་ངེས་པར་རྟོགས་པའི་བཟོད་པའི་ཚིག་བླ་དྭགས་སོ། །ཞེས་གསུངས་པ་ནི་སྣང་བ་འདི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ནི་ཆོས་ཀྱི་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཏེ། རྒྱན་ལས། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཞེས་དང། གསེར་ཕྲེང་ལས། སྣང་བ་མཆེད་པའི་ཏིང་ངེ་འཛིན་360ཏོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་ནི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཏེ། རྒྱན་ལས། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །ཞེས་དང། གསེར་ཕྲེང་ལས། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་361ཏོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། དེ་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་པའི་ཕྱིར་ཏེ། རྒྱན་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་དང། གསེར་ཕྲེང་ལས། འདི་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་སྟོང་ཉིད་རྟོགས་པའི་སྦྱོར་ལམ་བཞི་ཡང་རྟོག་པ་བཅད་ཤེས་ཡིན་ཏེ། དེ་བཞི་སྟོང་ཉིད་ལ་དོན་སྤྱིའི་ཚུལ་གྱིས་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། བྱ་བ་གྲུབ་ཅན་ལས་ལ་ནི། །གང་ཞིག་རང་གི་ལས་མི་བྱེད། །ཅེས་གསུངས་པའི་ཕྱིར། དེས་སྦྱོར་ལམ་བཞིའི་མཚན་ཉིད་ཀྱང་རྟོགས་སླ་སྟེ། ཆོས་ཉིད་ལ་དོན་སྤྱིའི་གསལ་བར་སྣང་བའི་ཏིང་ངེ་362འཛིན་གྱི་དུས་ཀྱི་ཆ་ནས་བཞག་པའི་ཐེག་ཆེན་གྱི་དོན་མངོན་363རྟོགས་དེ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་མཚན་ཉིད། དེ་བཞིན་དུ་སྣང་བ་མཆེད་པའི་དུས་དང། དེ་ཁོ་ན་ཉིད་ཕྱོགས་གཅིག་པའི་དུས་དང། དེ་མ་ཐག་པའི་ཏིང་ངེ་འཛིན་དུས་ཀྱི་ཐེག་ཆེན་གྱི་དོན་མངོན་རྟོགས་རྣམས་རིམ་བཞིན་འཇོག་པའི་ཕྱིར་དང། དེ་རེ་རེ་ལ་ཐོས་བསམ་སྒོམ་གསུམ་དང་མངོན་ཤེས་སོགས་རྟོག་བཅས་དང་རྟོག་མེད་ཀྱི་ཏིང་ངེ་འཛིན་ཀྱང་བདེ་བླག་ཏུ་འགྲུབ་སླ་བའི་ཕྱིར། ལྔ་པ་སྒྲ་དོན་ཡང་ཡོད་དེ། བུད་ཤིང་དང་ཕྲད་པའི་མེ་བཞིན་ཁྱད་པར་འགྲོ་བར་བྱེད་པས་སྦྱོར་བ་དང། མཐོང་ལམ་ཤིན་ཏུ་ཉེ་བར་བསྐྱེད་པས་སྦྱོར་ལམ་དང། ངེས་འབྱེད་ནི་མཐོང་ལམ་དང་དེའི་ཆའམ་ཕྱོགས་གཅིག་ཐོབ་པ་དང་མཐུན་པས་སམ་ཕན་འདོགས་པས་ན་ངེས་འབྱེད་ཆ་མཐུན་ཞེས་མཛོད་འགྲེལ་ལས་བཤད་པའི་ཕྱིར།
(356) པར་ཐེངས་གཉིས་པ། སྦྱོར་ལམ་དྲོད་ཐོབ་པ་དུས་མཉམ་ཡིན་པའི་ཕྱིར།
གསུམ་པ་364རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་དུས་མཐོང་སྤང་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་ཉམས་སྨད་པར་ཐལ། སྦྱོར་ལམ་བཞི་དང་རྣམ་རྟོག་བཞི་སྤང་བྱར་ལྡན་ཚུལ་འཐད་པའི་ཕྱིར། འདོད་ན། དེ་དུས་ཤེས་སྒྲིབ་མཐོང་སྤང་ཉོན་མོངས་གཟུང་རྟོག །མངོན་གྱུར་པ་སྤངས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མཐོང་སྤང་ཤེས་སྒྲིབ་གཟུང་རྟོག་མངོན་གྱུར་གཉིས་བཟོད་པའི་དུས་སྤངས་པའི་ཕྱིར། རྒྱན་ལས། དེ་ཚེ་དེ་ཡི་བཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །ཞེས་དང། དེའི་འགྲེལ་པ་ལས། དེའི་ཚེ་ན་འདི་ཡི་གཟུང་བའི་རྣམ་པར་གཡེང་བ་སྤངས་ལ་འཛིན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་སོ། །ཞེས་གསུངས་པའི་ཕྱིར། གསེར་ཕྲེང་ལས་ཀྱང་དེ་ཁོ་ན་གསུངས་སོ། །ཀུན་བཏུས་སུ་མདོ་དྲངས་པ་ལས། དེ་ལྟར་ནང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སྦྱོར་ལམ་བཟོད་པས་མཐོང་སྤང་ཤེས་སྒྲིབ་རྫས་འཛིན་ཉམས་སྨད་པར་ཐལ། རྣམ་རྟོག་བཞི་སྤང་བྱར་ལྡན་ཚུལ་365འཐད་པའི་ཕྱིར། འདོད་ན། དེའི་ཚེ་མངོན་366གྱུར་པ་ཡང་སྤངས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། མངོན་གྱུར་དུ་ལན་དུ་མར་མི་སྐྱེ་ཡང་མངོན་གྱུར་པ་སྐྱེ་སྲིད་པས་མ་སྤངས་པའི་ཕྱིར། འདོད་མི་ནུས་ཏེ། ཤེས་སྒྲིབ་མཐོང་སྤང་རྫས་འཛིན་མངོན་གྱུར་པ་གཉིས་ཆོས་མཆོག་གི་ཚེ་སྤོང་བའི་ཕྱིར་ཏེ། རྒྱན་ལས། འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང། །ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས། གཟུང་བའི་གཡེང་བ་སྤངས་པའི་དེ་མ་ཐག་ཏུ་འཛིན་པའི་གཡེང་བ་སྤོང་བ་དང། འཛིན་པའི་གཡེང་བ་སྤངས་པའི་དེ་མ་ཐག་ཏུ་ས་དང་པོར་འཇུག་པས་སོ། །ཞེས་གསུངས་པའི་ཕྱིར་དང། ཀུན་བཏུས་སུ་མདོ་དྲངས་པ་ལས། དེ་ཡི་འོག་ཏུ་367འཛིན་མེད་པར། ཞེས་གསུངས་པའི་ཕྱིར་དང། རྒྱན་སྣང་ལས། གང་གི་ཚེ་དོན་ལ་འཛིན་པར་བྱེད་པའི་རྣམ་པར་གཡེང་བར་སྣང་བ་མེད་པའི་ཡེ་ཤེས་ཀྱི་སྣང་བ་རྫོགས་པར་གྱུར་པ་368དེའི་ཚེ་ཆོས་ཀྱི་མཆོག་གི་གནས་སྐབས་ཏེ། ཞེས་གསུངས་པའི་ཕྱིར།
(364) པར་ཐེངས་གཉིས་པ། རྩོད་པ་སྤོང་བ།
ཡང་ཁོ་ན་རེ། དྲོད་ཆུང་ངུའི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན། ཞེས་པ་སྦྱོར་ལམ་ལྷག་མ་རྣམས་ཀྱི་དམིགས་རྣམ་སྟོན་པ་ཆོས་བརྗོད་ཁོ་ནས་བརྗོད་པ་མི་འཐད་པར་ཐལ། དམིགས་པ་ཆོས་ཅན་དང་རྣམ་པ་ཆོས་ཅན་གྱི་སྟེང་དུ་ཆོས་བརྗོད་ཀྱིས་བརྗོད་དགོས་པའི་ཕྱིར། ཞེས་པའི་རྩོད་ཚུལ་ནི། འགྲེལ་པ་ལས། དམིགས་པ། ནས། ཆོས་369བརྗོད་ཐམས་ཅད་དུ་བརྗོད་པ་ནི། ཞེས་སོ། །ལན་ལ་སྣ་ཚོགས་སྨྲས་ཏེ། ཁ་ཅིག་ན་རེ། ཆོས་བརྗོད་ཀྱི་སྒྲ་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་འགལ་བར་ཐལ། གཞི་གཅིག་ལ་ཁྱད་གཞི་དེ་ཁྱད་ཆོས་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྒྲ་མི་རྟག་ཅེས་པའི་སྒྲ་ཆོས་ཅན། ཆོས་བརྗོད་ཀྱི་སྒྲ་མ་ཡིན་པར་ཐལ། ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་དེ་མི་རྟག་པའི་ཁྱད་ཆོས་ཅན་དུ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་སྒྲའི་ཁྱད་ཆོས་སུ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། བྱས་པ་བྱས་ཞེས་པའི་སྒྲ་དེ་གཞི་གཅིག་ལ་ལྟོས་པའི་ཆོས་ཅན་དང་ཆོས་བརྗོད་གཉིས་ཀའི་སྒྲ་ཡིན་ཟེར་ན། བྱས་པ་བརྗོད་ན་བྱས་བརྗོད་དང་བྱས་བརྗོད་ཡིན་ན་བྱས་པ་བརྗོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་བརྗོད་ཡིན་ན་ངོ་བོ་བརྗོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སེལ་འཇུག་གི་སྒྲ་མ་ཡིན་པར་ཐལ་ལོ། །ཡང་ཁ་ཅིག །གཞི་གཅིག་ལ་ལྟོས་ནས་ཆོས་བརྗོད་དང་ཆོས་ཅན་བརྗོད་པ་གཉིས་འགལ་ཟེར་ན། བྱས་པ་བྱས་པ་ཡིན་ཞེས་པའི་སྒྲ་བྱས་པ་ལ་ལྟོས་ནས་གཉིས་ཀ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པ་ཁྱད་གཞི་དང་བྱས་པ་ཁྱད་ཆོས་གཉིས་ཀར་བརྗོད་པའི་སྒྲ་ཡིན་པའི་ཕྱིར་ཏེ། བྱས་པ་བྱས་པ་ཡིན་པར་བརྗོད་པའི་སྒྲ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། སྒྲ་བྱས་པ་ཡིན་ཞེས་པའི་སྒྲ་ཆོས་ཅན། བྱས་པ་ལ་ལྟོས་ཏེ་ཁྱད་པར་གཞན་སྤོང་གི་སྒྲ་ཡིན་པར་ཐལ། བྱས་པ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ལ་ལྟོས་ཏེ་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་གཅིག་པུ་བརྗོད་ཚེ་དེ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། པཎ་ཆེན་ཆོས་མཆོག་གིས་ཆོས་དེ་གཞན་དང་འབྲེལ་རུང་དུ་བརྗོད་མ་བརྗོད་ཀྱི་ཁྱད་པར་གཞན་སྤོང་མི་སྤོང་གི་དོན་དུ་བཤད་པའི་ཕྱིར་དང། རྣམ་འགྲེལ་ལས་ཀྱང། ལ་ལར་སོར་མོའི་ལྡན་པ་ཞེས། །ཐ་དད་ཆོས་བཞིན་བརྗོད་པར་བྱེད། །དོན་གཅིག་བརྗོད་ཀྱང་ཐམས་ཅད་ནི། །འཕེན་ཕྱིར་སོར་མོ་ལྡན་གྱུར་ཞེས། །ཆོས་ཅན་བརྗོད་པ་གྲགས་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁྱད་པར་སྤོང་མི་སྤོང་བློ་ངོར་མ་གཏོགས་དོན་འདྲ་བའི་ཕྱིར་ཏེ། རྣམ་འགྲེལ་ལས། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱི། །བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས། །རྣམ་དབྱེ་ཐ་དད་འབྱེད་པ་ཡིས། །ཐ་དད་དོན་བཞིན་སྒྲུབ་པར་བྱེད། །ཅེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཁྱད་པར་གཞན་སྤོང་གི་སྒྲ་ཡིན་པའི་ཕྱིར། དེར་ཐལ། སྒྲ་བྱས་པ་ཞེས་པས། ཀ་བུམ་སོགས་དངོས་པོ་གཞན་གྱི་བྱས་པ་ཡིན་པ་བཅད་དེ་སྒྲའི་བྱས་པ་སྟོན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཁྱད་པར་གཞན་ནི་སྤོང་བ་དང། །མི་སྤོང་བ་དག་དེ་གཉིས་ཀྱི། །བརྡ་ཡི་བྱེ་བྲག་རྟོགས་པ་པོའི། །འདོད་པའི་རྗེས་སུ་བྱེད་པའི་གཞི། །ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་འདི་ཉིད་དེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་གྱི་ངོས་ནས་ཁྱད་པར་འབྱེད་མི་ཐུབ་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དེ་ཕྱིར་དེ་དག་བརྗོད་བྱ་ལ། །ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། སྤྲོས་པས་ཆོག །
(369) པར་ཐེངས་གཉིས་པ། བརྗོད་པས།
སྨྲས་པ།
ཐུབ་བསྟན་ཆུ་བོའི་འབྱུང་གནས་ཕར་ཕྱིན་གྱིས། །
མ་དྲོས་མཚོ་ཆེན་འཆང་པའི་གངས་རི་ལ། །
འཕགས་སེང་བདེ་འབྱུང་རྣམ་འཕྲུལ་རྨད་བྱུང་གིས། །
མཁས་དབང་བྱེ་བས་དུས་ཀུན་རོལ་བ་རྨད། །
ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
