ཀུན་མཁྱེན་ཕར་ཕྱིན་ལས་མངོན་ཤེས་དྲུག

གཉིས་པ་སྒྲུབ་པ་མྱུར་དུ་རྫོགས་པའི་རྒྱུ་མངོན་ཤེས་དྲུག་ལ་འདོམས་པ་ནི། རྩ་བར། མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང། ཞེས་དང། འགྲེལ་པ་ལས། རྫུ་འཕྲུལ་དང། ལྷའི་རྣ་བ་དང། གཞན་གྱི་སེམས་ཤེས་པ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་མིག་དང། ཟག་པ་ཟད་པ་ཤེས་པའི་མངོན་པར་ཤེས་པ། ནས། མངོན་ཤེས་དྲུག་ལ་འདོམས་པ་དང། ཞེས་བྱུང། འཕྲོས་སྤྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་བར་བ་ལས། ཡུམ་འདི་ལ་སྤྱོད་པའི་བྱང་ཆེན་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་འཐོབ་སྟེ། ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །321ཞེས་པ་ནས། དགེ་སློང་སུམ་བརྒྱས་ཆོས་གོས་གྱོན་པ་ཕུལ་ནས་སེམས་བསྐྱེད་པས། བསྐལ་བ་དྲུག་ཅུ་རྩ་གཅིག་གི་རྗེས་སུ་བསྐལ་པ་སྐར་མ་ལྟ་བུ་ལ་རྫོགས་པའི་སངས་རྒྱས་དཔལ་ཆེན་པོ་ཞེས་བྱ་བར་ལུང་བསྟན་པའི་བར་གྱི་མདོ་ལས། མངོན་ཤེས་དྲུག་བཤད་པའི་དོན་སྟོན་པར་རྩ་འགྲེལ་འདི་བྱུང། ཡུམ་གྱི་མདོ་དེ་ཆོས་ཅན། མངོན་ཤེས་དྲུག་ལ་འདོམས་ཚུལ་ཡོད་དེ་ཐ་སྙད་དུ་མངོན་ཤེས་དྲུག་གི་མཐུ་ནུས་བསྐྱེད་པ་དང། དོན་དམ་པར་གདོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱ་ཞེས་འདོམས་པའི་ཕྱིར། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ། སེམས་རྟེན་དང། བརྟེན་པ་མངོན་ཤེས་ཀྱི་ངོ་བོ་གཉིས། དང་པོ་ལ་ཁ་ཅིག་ན་རེ། མངོན་ཤེས་ལྔ་པོ་གང་རུང་གི་སེམས་རྟེན་ལ་བསམ་གཏན་གྱི་དངོས་གཞིས་ཁྱབ། ཟག་ཟད་མངོན་ཤེས་ཀྱི་སེམས་རྟེན་ལ་རབ་མཐའི་བསམ་གཏན་གྱི་དངོས་གཞིས་ཁྱབ་ཟེར་ན། དེ་གཉིས་ཀ་མི་འཐད་པར་ཐལ། སྐྱེ་དཀའ་ཡང་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་མངོན་ཤེས་ལྔ་སྐྱེད་པ་ཡོད་པའི་ཕྱིར་ཏེ། མཛོད་ལས། བསམ་གཏན་དག་གིས་ལམ་རྣམས་སླ། །ས་གཞན་དག་གིས་དཀའ་བ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྐྱེ་དཀའ་ལ་མྱུར་བ་དང་བུལ་བ་གཉིས་བཤད་པའི་ཕྱིར། གཉིས་པ་ངོ་བོ་ལ་ཁ་ཅིག་ན་རེ། རང་གི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྤྲུལ་སྒྱུར་སྣ་ཚོགས་བྱེད་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དེ། ལྷའི་རྣ་བའི་དེ་དང། དེ་འདྲ་བའི་གཟུགས་ཐམས་ཅད་མངོན་སུམ་དུ་རྟོགས་པ་སོགས་ཟེར་ན། མངོན་ཤེས་སུ་གྱུར་པའི་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཁྱོད་དང་མཚུངས་ལྡན་གྱི་ཤེས་རབ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཤེས་རབ་ཡིན་པའི་ཕྱིར། མ་ཁྱབ་ན། རྫས་མཚུངས་མ་ཡིན་པར་ཐལ་ལོ། །དེ་བཞིན་དུ། དེ་དང་མཚུངས་ལྡན་གྱི་གཙོ་སེམས་དང། སེམས་པ་སོགས་འཕེན་ནོ། །གཞན་ཡང། ཕྱི་རོལ་པའི་རྒྱུད་ཀྱི་རྣ་བའི་མངོན་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། ལོངས་སྐུའི་གསུང་ཡང་ཐོས་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་དེ་དང་བྲལ་བ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད་ཟེར་ན། ཕྱི་རོལ་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེ་ཡོད་པའི་ཕྱིར། གསེར་ཕྲེང་ལས། མངོན་ཤེས་དང་པོ་ལྔ་ཕྱི་རོལ་པ་དང་ཐུན་མོང་བ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཞན་གྱི་སེམས་འདོད་ཆགས་དང་བྲལ་བ་མངོན་སུམ་དུ་རྟོགས་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། འགོག་བདེན་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འཇིག་རྟེན་པའི་མངོན་ཤེས་དང་ཉན་རང་གི་མངོན་ཤེས་ཀྱིས་བདག་དང་མཚུངས་པ་དང་བདག་ལས་དམའ་བ་རྣམས་ཀྱི་སེམས་སོགས་ཤེས་ཙམ་ཡིན་པའི་ཕྱིར་ཏེ། འབུམ་གྱི་གནོད་འཇོམས་ལས། འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མངོན་པར་ཤེས་པ་ནི་བདག་དང་མཚུངས་པ་དང་བདག་བས་དམའ་བ་རྣམས་ཀྱི་སེམས་ལ་སོགས་པ་ཤེས་པ་ཙམ་དུ་ཟད་ཀྱི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཇིག་རྟེན་པ་དང་ཐེག་དམན་གྱི་དེ་དེ་ལྟར་ཡིན་ཀྱང་བྱང་སེམས་མཐོན་པོ་དག་ས་པ་རྣམས་ཀྱི་མངོན་ཤེས་ཀྱིས་གོང་མ་རྣམས་ཀྱི་མཐུ་ལ་སོགས་པ་ཤེས་པའི་ཕྱིར་ཏེ། འབུམ་གྱི་གནོད་འཇོམས་ལས། བྱང་ཆུབ་སེམས་དཔའ་ཡོངས་སུ་དག་པ་རྣམས་ཀྱི་མངོན་པར་ཤེས་པས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་གོང་མ་རྣམས་ཀྱི་མཐུ་ལ་སོགས་པ་ཤེས་པ་ལ་ཐོགས་པ་མེད་དེ། ཞེས་གསུངས་པའི་ཕྱིར།
(321) པར་ཐེངས་གཉིས་པ། ཞེས་གསུངས་པ།
ཡང་ཁ་ཅིག་ན་རེ། ལྷའི་མིག་གི་མངོན་ཤེས་ཡིན་ན་ཚེ་322འདིར་སྒོམ་སྟོབས་ཀྱིས་ཐོབ་པས་ཁྱབ། ལྷའི་སྤྱན་ཡིན་ན་སྐྱེ་བ་སྔ་མའི་ཟག་བཅས་ཀྱི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིན་པས་ཁྱབ་སྟེ། དེ་དེའི་མངོན་ཤེས་དང་སྤྱན་གྱི་ཁྱད་པར་ཡིན་པའིི་ཕྱིར། དེར་ཐལ། འགྲེལ་པ་ལས། རྣམ་པར་སྨིན་པ་ལས་བྱུང་བའི་323ལྷའི་མིག་དང། ཞེས་དང། མངོན་པར་འདུ་བྱེད་པ་ལས་བྱུང་བའི་ལྷའི་སྤྱན་དང། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་ན། ལོངས་སྐུའི་རྒྱུད་ཀྱི་ལྷའི་མིག་གི་མངོན་ཤེས་ཆོས་ཅན། ཚེ་འདིར་བསམ་གཏན་སྒོམ་སྟོབས་ཀྱིས་ཐོབ་པར་ཐལ། ལྷའི་མིག་གི་མངོན་ཤེས་ཡིན་པའི་ཕྱིར། འདོད་ན། ལོངས་སྐུ་ཆོས་ཅན། ཚེ་འདིར་བསམ་གཏན་བསྒོམ་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང། སངས་འཕགས་ཀྱི་རྒྱུད་ཀྱི་ལྷའི་སྤྱན་ཆོས་ཅན། སྐྱེ་བ་སྔ་མའི་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་ཡིན་པར་ཐལ། ལྷའི་སྤྱན་ཡིན་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་དགེ་བ་ཟག་བཅས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་ཐལ་ལོ། །འདོད་པའི་ཕྱིར། ཡང་ཁ་ཅིག །ལུང་དེའི་དོན་ལྷའི་སྤྱན་གྱི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ཡིན་ན་དགེ་བ་ཟག་བཅས་ཀྱི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་དང། ལྷའི་མིག་གི་མངོན་ཤེས་ཀྱི་བདག་324རྐྱེན་ལྷའི་མིག་ཡིན་ན་ཚེ་འདིར་བསམ་གཏན་སྒོམ་སྟོབས་ཀྱིས་ཐོབ་པས་ཁྱབ་པ་དེ་དེ་གཉིས་ཀྱི་ཁྱད་པར་ཡིན་ཟེར་ནའང། སྔ་མ་ལྟར་སྐྱོན་འཕེན་ལ་དག་སའི་བྱང་འཕགས་ཀྱི་མངོན་ཤེས་ཀྱང་ཚེ་འདིར་བསྒོམ་པ་ཡིན་པའི་སྐྱོན་འཕེན་ནོ། །ཡང་ཁ་ཅིག་ན་རེ། ལྷའི་སྤྱན་ཡིན་ན་དགེ་བ་ཟག་བཅས་ཀྱི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་དབང་པོ་གཟུགས་ཅན་པ་ཡོད་པས་ཁྱབ་པ་དང། ལྷའི་མིག་གི་མངོན་ཤེས་ལ་ཚེ་འདིར་བསམ་གཏན་སྒོམ་སྟོབས་ཀྱིས་ཐོབ་པའི་བསམ་གཏན་གྱི་སས་བསྡུས་ཀྱི་གཟུགས་ཅན་དྭངས་པ་ཞིག་ཡོད་པས་ཁྱབ་པ་དེ་གཉིས་ཀྱི་ཁྱད་པར་དང་ལུང་དོན་ཡིན་ཟེར་ནའང། སངས་འཕགས་ཀྱི་རྒྱུད་ཀྱི་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་གྱི་འབྲས་བུ་དང། བསམ་གཏན་གྱི་སས་བསྡུས་ཀྱི་གཟུགས་ཅན་དྭངས་པ་གཉིས་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་ཁམས་གསུམ་གྱི་སས་བསྡུས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་ལས་ཉོན་གྱི་བག་ཆགས་ཀུན་སྤངས་པའི་ཕྱིར་དང། ཁམས་གསུམ་ལས་འདས་པའི་ཕྱིར། དང་པོ་གྲུབ་སྟེ། གཟུངས་རྒྱལ་གྱི་མདོ་ལས། དེ་བཞིན་གཤེགས་པ་ལ་ལས་ཀྱི་བག་ཆགས་མེད། ཉོན་མོངས་པའི་བག་ཆགས་མེད། སྤྱོད་ལམ་འཁྲུལ་པའི་བག་ཆགས་མེད། ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཇུག་འགྲེལ་ལས། བཅོམ་ལྡན་འདས་ནི་ཁམས་གསུམ་ལས་འདས་སུ་ཟིན་ཀྱང་སྤྲུལ་པའི་སྐུ་རྣམས་ཀྱིས་ཡབ་དང་ཡུམ་དང་སྲས་ལ་སོགས་པ་འབྲེལ་པར་སྟོན་ཅིང། ཞེས་གསུངས་པའི་ཕྱིར།
(322) པར་ཐེངས་གཉིས་པ། འདིར་བསམ་གཏན་སྒོམ་སྟོབས།
རང་ལུགས་ལ། མངོན་ཤེས་ཀྱི་རྟེན་དང། བརྟེན་པའི་ངོ་བོ་དང། བརྟེན་པ་མངོན་ཤེས་བཤད་པ་གསུམ། དང་པོ་ནི། དེའི་སེམས་རྟེན་ཡོད་དེ། སྐྱེ་སླ་བའི་དབང་དུ་བྱས་ན་བསམ་གཏན་གྱི་དངོས་གཞི་དང། རྟེན་ཙམ་གྱི་དབང་དུ་བྱས་ན་325དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་ལས། ཕྱི་རོལ་པའམ། ཉན་ཐོས་སམ། ཞེས་སོ། །གཉིས་པ་གྲུབ་སྟེ། མཛོད་ལས། བསམ་གཏན་དག་གིས་ལམ་རྣམས་སླ། །ས་གཞན་དག་གིས་དཀའ་བ་ཡིན། །ཞེས་སོ། །གཉིས་པ་སེམས་རྟེན་བྱེད་ཚུལ་ཡོད་དེ། དངོས་གཞིའམ་ཉེར་བསྡོགས་གང་ལ་བརྟེན་པ་དེའི་ངོ་བོར་འཕོས་པ་ལ་བྱེད་པའི་ཕྱིར་ཏེ། གཟུགས་མེད་བཞི་ལ་དེ་མི་རུང་བའི་ཕྱིར།
(325) པར་ཐེངས་གཉིས་པ། བསམ་གཏན་གྱི་ཉེར།
326གཉིས་པ་ལ་མཚན་ཉིད་དང། དབྱེ་བ་དང། ཁྱད་པར་དང། ས་མཚམས་དང། བྱེད་ལས་ལྔ། དང་པོ་ནི། རང་གི་སེམས་རྟེན་བསམ་གཏན་གྱི་སྙོམས་འཇུག་ལ་བརྟེན་ནས་ཐ་མལ་བའི་དབང་པོའི་ཡུལ་ལས་འདས་པའི་རང་ཡུལ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་ཏིང་ངེ་འཛིན་སོགས་ཀྱིས་བསྡུས་པའི་ཡིད་ཤེས་དེ། མངོན་ཤེས་ཀྱི་མཚན་ཉིད་ཡིན་ཏེ། མངོན་ཤེས་མངོན་སུམ་བཞི་ལས་ཡིད་མངོན་ཡིན་པའི་ཕྱིར། གཉིས་པ་ནི། དབྱེ་ན་རྫུ་འཕྲུལ་གྱི་དེ། ལྷའི་རྣ་བའི་དེ། གཞན་སེམས་ཤེས་པའི་དེ། སྔོན་གནས་རྗེས་དྲན་གྱི་དེ། ལྷའི་མིག་གི་དེ། ཟག་ཟད་ཀྱི་མངོན་ཤེས་དང་དྲུག་ཡོད། 327རང་གི་སེམས་རྟེན་བསམ་གཏན་གྱི་སྙོམས་འཇུག་ལ་བརྟེན་ནས་སྤྲུལ་སྒྱུར་དུ་མ་ནུས་པའི་ཆ་ནས་བཞག་པའི་ཞི་ལྷག་ཟུང་འབྲེལ་ལམ་ཏིང་ངེ་འཛིན་ཤེས་རབ་ཟུང་འབྲེལ་གྱི་ཤེས་པ་དེ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད། དབྱེ་ན་ས་གཡོ་བ་དང། ནམ་མཁའ་ལ་328སྤྱོད་པའི་བཞི་དང། སྟོད་ནས་ཆུ་སྨད་ནས་མེ་སོགས་རྫུ་འཕྲུལ་ཡ་མ་ཟུང་བརྒྱད་སོགས་ཀྱི་མངོན་ཤེས་ཡོད་དེ། མདོ་ལས། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་ཏེ། ཞེས་སོ། །སྤྱིར་རྫུ་འཕྲུལ་ལ་སྒྲས་བརྗོད་ཀྱིས་དུ་མ་ཡོད་དེ། སྒོམ་བྱུང་གི་དེ། སྐྱེས་ཐོབ་ཀྱི་དེ། སྔགས་ཀྱི་དེ། སྨན་གྱི་དེ། ལས་ཀྱི་རྫུ་འཕྲུལ་དང་ལྔ་ཡོད་པའི་ཕྱིར། མཛོད་ལས། རྫུ་འཕྲུལ་གསང་སྔགས་སྨན་དག་དང། །ལས་ལས་སྐྱེས་དང་རྣམ་པ་ལྔ། །ཞེས་གསུངས་པའི་ཕྱིར། དང་པོ་ནི། ཕྱི་ནང་གི་བསམ་གཟུགས་ཐོབ་པའི་རྫུ་འཕྲུལ་གྱི་མངོན་ཤེས་ལྟ་བུ། གཉིས་པ་ནི། ལྷ་རྣམས་ཀྱི་རྫུ་འཕྲུལ་ལྟ་བུ་དང། གསུམ་པ་ནི། འགྲོ་ལྡིང་བའི་སྔགས་ཀྱིས་ནམ་མཁར་འགྲོ་བ་ལྟ་བུ། བཞི་པ་ནི། སྨན་འགའ་ཞིག་བཅིངས་པས་ནམ་མཁར་འགྲོ་བ་ལྟ་བུ། ལྔ་པ་ནི། བར་དོ་བ་དང། ང་ལས་ནུ་ནམ་མཁའ་ལ་འགྲོ་བ་ལྟ་བུ་ཡིན་ནོ། །གཉིས་པ་ནི། རང་གི་སེམས་རྟེན་བསམ་གཏན་གྱི་སྙོམས་འཇུག་ལ་བརྟེན་ཅིང་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དྭངས་པའི་རྣ་དབང་གིས་བདག་རྐྱེན་བྱས་པའི་རང་ཡུལ་གྱི་སྒྲ་ཕྲ་རགས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་ཞི་ལྷག་ཟུང་འབྲེལ་གྱི་ཤེས་པ་དེ། ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ལྷའི་རྣ་བ་མཉམ་བཞག་གི་སས་བསྡུས་ཡིན་པའི་ཕྱིར་ཏེ། མདོ་ལས། ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མི་ལས་འདས་329པས་ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མི་ལས་འདས་ཞེས་པས་མཉམ་པར་བཞག་པའི་སས་བསྡུས་པར་བཤད་པའི་ཕྱིར་ཏེ། གསེར་ཕྲེང་ལས། མི་ལས་འདས་པ་ནི་གཟུགས་ཀྱི་བསམ་གཏན་གྱིས་སྒྲུབ་པ། ཞེས་དང། རྣམ་བཤད་ལས་ཀྱང། མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དྭངས་པ་བདག་རྐྱེན་དུ་ཡོད་པའི། ཞེས་གསུངས་པའི་ཕྱིར། གསུམ་པ་ནི། རང་གི་སེམས་རྟེན་དེ་འདྲ་ལ་བརྟེན་ནས་རང་ཡུལ་གྱི་སེམས་ཅན་ཕ་རོལ་གྱི་སེམས་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་ཞི་ལྷག་ཟུང་འབྲེལ་གྱི་ཤེས་པ་དེ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད། བཞི་པ་ནི། སེམས་རྟེན་དང་ངོ་བོ་དེ་ལྟ་བུས་རང་ཡུལ་རང་གཞན་གྱི་སྔོན་གནས་དྲན་པའི་ཆ་ནས་བཞག་པའི་ཤེས་པ་དེ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་མཚན་ཉིད། དབྱེ་ན་སྐྱེ་བ་གཅིག་དྲན་པ་ནས། བརྒྱ་དྲན་པ་སོགས་དང། སེམས་གཅིག་དྲན་པ་ནས། བརྒྱ་དྲན་པ་སོགས་དང། ཉི་མ་གཅིག་དྲན་པ་ནས། བརྒྱ་དྲན་པ་དང། དེ་བཞིན་དུ་ཟླ་བ་ལོ་བསྐལ་པ་གཅིག་དྲན་པ་ནས་བརྒྱ་དྲན་པ་སོགས་ཡོད་པར་མདོ་དང་གསེར་ཕྲེང་ལས་སོ། །ལྔ་པ་ནི། རང་གི་སེམས་རྟེན་བསམ་གཏན་གྱི་སྙོམས་འཇུག་དང་བདག་རྐྱེན་སྒོམ་བྱུང་ལྷའི་མིག་དབང་ལ་བརྟེན་ནས་རང་ཡུལ་ཕྱོགས་བཅུའི་བསྐལ་མ་བསྐལ་གྱི་གཟུགས་མངོན་སུམ་དུ་མཐོང་བའི་ཆ་ནས་བཞག་པའི་ཞི་ལྷག་ཟུང་འབྲེལ་གྱི་ཤེས་པ་དེ། ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད། འདིའི་ལྷའི་མིག་ནི་སྒོམ་བྱུང་དང། ལྷའི་སྤྱན་330ནི་བདག་རྐྱེན་གྱི་བྱང་སེམས་རྒྱུད་ཀྱི་དེ་སྔོན་གྱི་དགེ་བའི་རྣམ་སྨིན་ཡིན་ཏེ། ཉི་སྣང་ལས། མིག་འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། སྤྱན་ལྔས་བསྡུས་པའི་ལྷའི་སྤྱན་གང་ཡིན་པ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ལ། མངོན་པར་ཤེས་པས་བསྡུས་པ་འདི་ནི་བསམ་གཏན་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་ནོ། །ཞེས་སོ། །དྲུག་པ་ནི། སེམས་རྟེན་སྔར་ལྟར་ལ། རང་རྒྱུད་ལྡན་གྱི་ཉོན་མོངས་ཟད་པ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་ཞི་ལྷག་ཟུང་འབྲེལ་གྱི་ཤེས་པ་དེ། ཟག་ཟད་ཀྱི་མངོན་ཤེས་ཀྱི་མཚན་ཉིད་ཡིན་ཏེ། སྤྱིར་ཉོན་མོངས་ཟད་པ་དང་འདིར་ནི་སྒྲིབ་གཉིས་མངོན་གྱུར་པ་ཟད་པ་ནི་བྱང་སེམས་རིགས་ངེས་ལ་ཡོད་དེ། དག་ལྡན་ལས། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་ནི་དེ་གཉིས་ཀ་ཐོབ་པ་ཡིན་ལ། སངས་རྒྱས་ཀྱི་ས་ལ་ནི་དེ་གཉིས་ཀ་ཡོངས་སུ་རྫོགས་པ་དང། ཞེས་སོ། །
(326) པར་ཐེངས་གཉིས་པ། གསུམ་པ།
གསུམ་པ་མངོན་ཤེས་ཀྱི་ཁྱད་པར་ཡོད་དེ། ཉན་རང་དང་འཇིག་རྟེན་པའི་མངོན་ཤེས་ཀྱིས་རང་དང་མཉམ་པ་དང་འོག་མའི་སེམས་སོགས་ཤེས་ལ། བྱང་སེམས་ཀྱི་མངོན་ཤེས་ཀྱིས་སངས་རྒྱས་ཀྱི་མཐུ་ལ་སོགས་པའང་ཐོགས་མེད་དུ་ཤེས་པར་གནོད་འཇོམས་ལས་བཤད་པའི་ཕྱིར། བཞི་པ། ས་མཚམས་ཡོད་དེ། དང་པོ་ལྔའི་མ་མཐའ་ལམ་མ་ཞུགས་ནས་ཡ་མཐའ་སངས་རྒྱས་ཀྱི་ས་དང། དྲུག་པ་ནི་མ་མཐའ་དགྲ་བཅོམ་པ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། ལྔ་པ། བྱེད་ལས་ཡོད་དེ། མངོན་ཤེས་དྲུག་གི་དང་པོས་གཞན་དད་པར་བྱེད། གཉིས་པས་སྒྲས་བརྗོད་ཀྱི་དོན་ལེགས་པར་རྟོགས་ནས་རང་གཞན་དགེ་བ་ལ་སྦྱོར་བ་དང་བོགས་འདོན་པར་བྱེད། གསུམ་པས་གཞན་སེམས་རྟོགས་ནས་དགེ་བ་ལ་སྦྱོར་ཞིང་དེས་བསོད་ནམས་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱེད། བཞི་པ་དང་ལྔ་པ་ནི་དྲུག་པ་ཐོབ་པའི་ཕྱིར་དུ་མཐར་འཛིན་སྤངས་པའི་དབུ་མའི་ལམ་གྱིས་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱེད་པའི་ཕྱིར་ཏེ། ཀུན་བཏུས་ལས། ཀུན་ཏུ་འགྲོ་བ་སོགས་དང། ཉི་སྣང་ལས། སེམས་ཅན་རྣམས་ཆོས་མཉམ་པ་ཉིད་ལ་དགོད་པ། ནས། ལྷ་རྣམས་ཀྱིས་ཕྱག་བྱར་འོས་པ་དང། ལུང་བསྟན་ཐོབ་པའོ། །ཞེས་སོ། །རྒྱུ་ཡོད་དེ། མདོ་ལས། ཀླུའི་བདག་པོ་གཞན་ལ་མར་མེ་བྱིན་པས་ནི་ལྷའི་མིག ཅེས་པ་ནས། ཆོས་བྱིན་པས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ། །ཞེས་དང། རིན་ཆེན་ཕྲེང་བ་ལས། ལྷམ་དང་བཞོན་པ་བྱིན་པ་དང། །ཉམ་ཐག་བཀུར་བར་བྱས་པ་དང། །བཞོན་པས་བླ་མ་བཀུར་བ་ཡིས། །མཁས་པས་རྫུ་འཕྲུལ་ཐོབ་པར་འགྱུར། །ནས། ཡང་དག་ཇི་བཞིན་ཡོངས་ཤེས་པས། །མངོན་ཤེས་དྲུག་པ་ཟག་པ་ཀུན། །ཟད་པའི་མཆོག་ནི་ཐོབ་པར་འགྱུར། །ཞེས་སོ། །
རྩོད་སྤོང་ལ་ཁོ་ན་རེ། ཚོགས་ལམ་པའི་ལྷའི་མིག་གི་མངོན་ཤེས་ཆོས་ཅན། ཡིད་ཤེས་ཡིན་པར་ཐལ། ཡིད་མངོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དབང་ཤེས་ཡིན་པའི་ཕྱིར་ཏེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། 331རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ཡོད་པའི་ཕྱིར། དེར་ཐལ། དེའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དང་དབང་ཤེས་གཉིས་ཀྱི་ཐུན་མོང་གི་བདག་རྐྱེན་གཅིག་ཡོད་པའི་ཕྱིར། ཡང་ཁོ་ན་རེ། མིག་གིས་གཟུགས་མཐོང་བར་ཐལ། དེས་གཟུགས་ལ་བལྟ་བའི་ཕྱིར་ཏེ། དབུ་མ་སྙིང་པོ་ལས། གང་ཕྱིར་གཟུགས་ནི་དོན་དམ་དུ། །མིག་གི་དབང་པོས་བཟུང་བ་མིན། །བསགས་ཕྱིར་དཔེར་ན་སྒྲ་བཞིན་དང། །ཞེས་དང། རྟོག་གེ་འབར་བ་ལས་ཀྱང། མིག་ཅེས་བྱ་བ་ནི་བལྟ་བའི་ཕྱིར་མིག་སྟེ། དོན་དམ་པར་གསལ་བར་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ །དབང་པོ་ཞེས་བྱ་བ་ནི་བསྡུས་པ་འདི་ལ་རང་གི་ཡུལ་བྱེ་བྲག་ཏུ་འབྱེད་པའི་དགོས་དབང་བྱེད་པས་དབང་པོའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེས་དེ་མཐོང་བ་མི་འཐད་པར་ཐལ། དེ་བེམ་པོ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། བེམ་པོ་ཡིན་པས་དམིགས་ཡུལ་མེད་ལ་མཐོང་ཡུལ་ཡོད་པའི་ཕྱིར་ཏེ། མཛོད་རང་འགྲེལ་ལས། ཡུལ་དང་དམིགས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། གང་ལ་གང་ཞིག་བྱེད་པ་དེ་ནི་ཡུལ་ཡིན་ལ། གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པ་དེ་ནི་དམིགས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་བྱེ་སྨྲ་ཁོ་ནའི་ལུགས་ཡང་མ་ཡིན་པར་ཐལ། མིག་གིས་གཟུགས་ཀྱི་སྐྱེ་མཆེད་གསལ་བར་མཐོང་332བ་ཐལ་འགྱུར་བ་དང། རང་རྒྱུད་པས་ཀྱང་ཁས་ལེན་པའི་ཕྱིར། རྟོག་གེ་འབར་བ་ལས། བལྟ་བའི་ཕྱིར་མིག་ཅེས་བྱ་སྟེ། དོན་དམ་པར་གསལ་བར་མཛད་པ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་དང། བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང། མཐོང་བ་ལ་ནི་སྨྱོན་པར་མི་ནུས་ལ། གང་མིག་འབྱུང་བ་ལས་གྱུར་པ་ཡིན་ཡང་གཟུགས་ཁོ་ན་མཐོང་གི་སྒྲ་མི་ཐོས་སོ། །ཞེས་བྱ་བ་འདི་མཐོང་བ་ཡང་ཡིན་ནོ། །ཞེས་དང། བཞི་བརྒྱ་པ་ལས་ཀྱང། མིག་གིས་མཐོང་གི་གཞན་གྱིས་མིན། །ཞེས་གསལ་བར་བཤད་པའི་ཕྱིར། ཡང་ཁོ་ན་རེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཆོས་ཀྱི་སྤྱན་གྱི་མཚན་ཉིད་དེར་ཐལ། ཆོས་ཀྱི་སྤྱན་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། འདོད་པ་དང་གཟུགས་ཀྱི་ལྷའི་བུ་བྱེ་བ་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་བོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་མཐོང་ལམ་ཆོས་ཀྱི་མིག་ཏུ་གསལ་བར་བཤད་པའི་ཕྱིར། འདོད་ན། གང་ཟག་གི་དབང་པོ་རྣོ་རྟུལ་གྱི་རིམ་པ་སོགས་མངོན་སུམ་དུ་རྟོགས་པར་ཐལ། དེ་སོགས་ཀྱི་ཆ་ནས་བཞག་པ་དེའི་ཕྱིར་ན་མ་ཁྱབ། དེ་ལ་གཙོ་ཆེ་བ་མ་གཏོགས་སྟོང་ཉིད་རྟོགས་པ་ཡང་ཡོད་པའི་ཕྱིར། དེར་ཐལ། དེ་ལ་ཤེས་པ་བཅུའི་གནས་དང་གནས་མིན་མཁྱེན་པ་མིན་པའི་333ཤེས་པ་ལྷག་མ་དགུ་ཡོད་པའི་ཕྱིར་ཏེ། གནོད་འཇོམས་ལས། གནས་དང་གནས་མིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་པོ་འདི་དག་ནི་ཆོས་ཀྱི་མིག་གོ །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། གསེར་ཕྲེང་ལས། ཆོས་ཀྱི་སྤྱན་མཐོང་ལམ་རྗེས་ཐོབ་ནས་བཞག་པ་མི་འཐད་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཀྱི་སྤྱན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྤྱན་ལྔ་ཕྱེ་བའི་ཤེས་རབ་ཀྱི་སྤྱན་མ་ཡིན་པའི་ཆོས་ཀྱི་སྤྱན་གྱི་དབང་དུ་བྱས་པའི་ཕྱིར། 334གཞན་ཡང་ཆོས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་མི་འགལ་བར་ཐལ། ཤེས་རབ་ཀྱི་སྤྱན་ཡིན་ན་ཆོས་ཀྱི་སྤྱན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། འཕགས་པའི་གང་ཟག་གིས་རྟོགས་པ་ཡིན་ན་ཆོས་ཀྱི་སྤྱན་གྱིས་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། ཉི་སྣང་ལས། ཆོས་ཀྱི་སྤྱན་གྱི་ཡུལ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང། སངས་རྒྱས་ཀྱི་སའི་སྤྱན་ལྔའི་གཞི་མཐུན་ཡོད་པའི་ཕྱིར།
(331) པར་ཐེངས་གཉིས་པ། དེའི་ཐུན་མོང།
