ཀུན་མཁྱེན་ཕར་ཕྱིན་ལས་སྤྱན་ལྔ།

གསུམ་པ་སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ་ལ། མི་མཐུན་ཕྱོགས་མངོན་གྱུར་སེལ་བ་དང། ལམ་ཁྱད་པར་ཅན་སྒྲུབ་པ་དང། སྤང་བྱའི་ས་བོན་སེལ་བར་གདམས་པ་གསུམ། དང་པོ་ལ་སྒྲུབ་པ་མི་ཉམས་པ་དང། འཕེལ་བ་དང། ཐེག་དམན་དུ་མི་ལྟུང་བའི་རྒྱུ་ལ་གདམས་པ་གསུམ་འཆད་པར། རྩ་བར། མ་ཞེན་ཡོངས་སུ་མི་ངལ་དང། །ལམ་ནི་ཡོངས་སུ་འཛིན་པ་དང། །ཞེས་དང། འགྲེལ་བར། བརྩོན་འགྲུས་བརྩམས་པ། ནས། གདམས་ངག་དང། ཞེས་བྱུང། གཉིས་པ་ལམ་ཁྱད་པར་ཅན་སྒྲུབ་པའི་གདམས་ངག་ལ། སྒྲུབ་པར་རང་དབང་དུ་འཇུག་པའི་རྒྱུ་སྤྱན་ལྔ་ལ་དང། སྒྲུབ་པ་མྱུར་དུ་རྫོགས་པའི་རྒྱུ་མངོན་ཤེས་དྲུག་ལ་འདོམས་པ་གཉིས། དང་པོ་ནི། རྩ་བར། སྤྱན་ལྔ་དང་ནི། ཞེས་དང། འགྲེལ་པར། ཤའི་དང། རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་དང། ཤེས་རབ་དང། ཆོས་དང། སངས་རྒྱས་ཀྱི་སྤྱན་གྲངས་ཇི་ལྟ་བ་བཞིན་དུ། སོགས་བྱུང། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། མདོ་ལས། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད། ཅེས་སོགས་ཀྱིས་སྤྱན་ལྔ་བཤད་པ་དེ་སྟོན་པར་རྩ་འགྲེལ་འདི་དག་བྱུང། གཉིས་པ་ནི། ཡུམ་བར་པ་ལས། ཤའི་མིག་གིས། ནས། མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །ཞེས་པའི་མདོ་ཆོས་ཅན། སྤྱན་ལྔ་ལ་313གདམས་པ་ཡིན་ཏེ། སྤྱན་ལྔའི་ཡུལ་ཡུལ་ཅན་རྣམས་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་དུ་སྒྲུབ་ཅེས་འདོམས་པའི་གདམས་ངག་ཡིན་པའི་ཕྱིར།
(313) པར་ཐེངས་གཉིས་པ། འདོམས།
མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ། དང་པོ་ལ་མཚན་ཉིད། ངོ་བོ། ས་མཚམས་གསུམ་ལ་དཔྱད་ན། དང་པོ་ལ་ཁ་ཅིག་ན་རེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་གཟུགས་ཅན་པ་ལ་བརྟེན་པའི་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་དུ་མཐོང་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིག་པ་དེ། ཤའི་སྤྱན་གྱི་མཚན་ཉིད། ཐུན་མོང་མ་ཡིན་པའི་བདག་རྐྱེན་ལྷའི་མིག་དབང་གཟུགས་ཅན་པ་ལ་དངོས་སུ་བརྟེན་ཅིང་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་སོགས་མཚུངས་ལྡན་གྱི་རིག་པ་དེ། ལྷའི་སྤྱན་གྱི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་ཤའི་སྤྱན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་སྤྱན་ལྔ་ག་ཡོད་པའི་ཕྱིར་ཏེ། གསེར་ཕྲེང་ལས། སྤྱིར་སྤྱན་ལྔ་ག་སངས་རྒྱས་ལ་མངའ་བར་རྡོ་རྗེ་གཅོད་པ་ལས་བཤད་ཅིང་འབུམ་གྱི་གནོད་འཇོམས་ལས་ཀྱང་སངས་རྒྱས་ལ་སྤྱན་ལྔ་ཡོད་པར་བཤད། ཅེས་གསུངས་པའི་ཕྱིར། འདོད་ན། སྟོང་གསུམ་ཕན་ཆད་མི་མཐོང་བར་ཐལ། དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་སྨོས་པའི་དགོས་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཐམས་ཅད་རྟོགས་པའི་ཕྱིར་ཏེ། སངས་འཕགས་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང། བྱང་སེམས་རྒྱུད་ཀྱི་ཤའི་སྤྱན་ཡིན་ན་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཐམས་ཅད་མཐོང་བས་ཁྱབ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དཔག་ཚད་བརྒྱ་ཙམ་མཐོང་བའི་བྱང་སེམས་ལས་དང་པོ་བའི་རྣམ་པར་སྨིན་པའི་ཤའི་མིག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཤའི་མིག་ལ་དཔག་ཚད་བརྒྱ་མཐོང་བ་ཡང་ཡོད། དེ་བཞིན་དུ་དཔག་ཚད་ཉིས་བརྒྱ་མཐོང་བ་དང། སུམ་བརྒྱ་མཐོང་བ་ནས། སྟོང་མཐོང་བ་དང། འཛམ་གླིང་མཐོང་བ་དང། གླིང་གཉིས་མཐོང་བ་ནས། སྟོང་གསུམ་མཐོང་བའི་བྱང་སེམས་ཀྱི་ཤའི་མིག་གི་བར་མཐོ་དམན་བཅུ་གསུམ་ཡོད་པའི་ཕྱིར་ཏེ། གསེར་ཕྲེང་ལས། བྱང་ཆེན་གྱི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ནས། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། མཚན་ཉིད་གཉིས་ཀ་ལ་ཤའི་སྤྱན་དང། ལྷའི་སྤྱན་གཉིས་རེ་རེ་ནས་ཆོས་ཅན། དབང་ཤེས་ཡིན་པར་ཐལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་དངོས་སུ་བརྟེན་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དབང་ཤེས་ཀྱི་གོ་དོན་ཡིན་པའི་ཕྱིར་ཏེ། ཚད་མ་མདོ་ལས། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་ཤེས་ཡིན་པའི་ཕྱིར། དེར་ཐལ། ལམ་ཡིན་པའི་ཕྱིར། དེར་ཐལ། སངས་འཕགས་རྒྱུད་ཀྱི་དེ་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར་ཏེ། རྡོ་རྗེ་གཅོད་པ་ལས། དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའ་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་དེ་ལྟར་ལགས་ཏེ། དེ་བཞིན་གཤེགས་པ་ལ་ཤའི་སྤྱན་མངའོ། །ནས། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྤྱན་མངའོ། །ཞེས་གསུངས་པའི་ཕྱིར་དང། རྩ་བར། མངོན་ཤེས་སོ་སོ་ཡང་དག་རིག །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སངས་འཕགས་རྒྱུད་ཀྱི་ཤའི་མིག་དབང་གཟུགས་ཅན་ཡོད་པར་ཐལ། དེ་ལ་ཤའི་སྤྱན་ཡོད་པའི་ཕྱིར། འདོད་ན། སངས་འཕགས་ཀྱི་རྒྱུད་ལ་ཤ་ཁྲག་གི་དབང་པོ་གཟུགས་ཅན་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་རྒྱུད་ལ་ཤ་རུས་ཀྱི་བེམ་པོ་མེད་པའི་ཕྱིར་ཏེ། རྣམ་བཤད་ལས། སངས་རྒྱས་ཀྱི་ས་ན་བེམ་པོས་བསྡུས་པའི་རྡུལ་ཕྲ་རབ་བསགས་པའི་ལུས་ནི་ཅུང་ཟད་ཀྱང་མེད་པར་ཤེས་པར་བྱ། ཞེས་དང། གསེར་འོད་ལས། སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པའི་ཕྱིར། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་དྲངས་ཟིན་ཏོ། །
དེ་ལ་ཁོ་ན་རེ། དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བའི་བྱང་སེམས་ས་དང་པོ་བའི་ཤའི་སྤྱན་ཆོས་ཅན། གཟུགས་ཐག་རིང་བ་དང། སྒྲིབ་314པ་ཕྲ་བ་རྣམས་མི་མཐོང་བར་ཐལ། སེམས་ཅན་གྱི་ཤའི་སྤྱན་ཡིན་པའི་ཕྱིར་ན་མ་ཁྱབ། བྱས་པ་ལ་ཁྱབ་པར་ཐལ། ཤའི་མིག་གིས་དེ་དག་མི་མཐོང་ལ། ལྷའི་མིག་གིས་མཐོང་བའི་ཁྱད་པར་རིགས་པའི་ཕྱིར་ཏེ། མདོ་ལས། གང་ཕྱིར་ཤ་ཡི་མིག་གིས་གཟུགས། །ཐག་རིང་གནས་དང་སྒྲིབ་པ་དང། །ཕྲ་བ་ཐམས་ཅད་མི་མཐོང་ལ། །དེའི་ཕྱིར་ལྷ་ཡིས་མཐོང་བར་འདོད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གཟུགས་ཁོ་ན་མཐོང་བར་བཤད་པས། ཤའི་མིག་ཤེས་ཙམ་དང་ལྷའི་མིག་ཤེས་ཀྱིས་ཡུལ་མཐོང་ཚུལ་ཙམ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དོན་གྱི་ནུས་ལ་ལྟོས་མེད་ན། །བར་ཆད་ལ་སོགས་ཡོད་ན་ཡང། །དབང་315ཤེས་བློ་ནི་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མིག་ཤེས་ཕལ་པ་རང་ཉིད་སྐྱེ་བ་རང་གི་གཟུང་དོན་ལ་མི་ལྟོས་ན་རི་བོ་སོགས་ཀྱིས་བར་དུ་ཆོད་པའི་གཟུགས་ཐམས་ཅད་མཐོང་བར་ཐལ་བའི་སྐྱོན་བཤད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མིག་དབང་ཕལ་པ་མ་ཡིན་པའི་མིག་དབང་ཁྱད་པར་ཅན་གྱི་བདག་རྐྱེན་ཙམ་ལ་བརྟེན་པའི་དཔག་ཚད་བརྒྱ་ཚུན་ཆད་ཀྱི་གཟུགས་ཐམས་ཅད་མཐོང་བའི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། ཕྱིན་དྲུག་དང་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་རྣམ་སྨིན་གྱི་འབྲས་བུའི་ཤའི་མིག་གྲུབ་པའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་མཐུས་སྟོང་གསུམ་གྱི་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བའི་རྣམ་སྨིན་གྱི་མིག་གྲུབ་པ་ནི་ཤའི་སྤྱན་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་འདོད་པའི་མིར་གྱུར་པའི་བྱང་འཕགས་ཀྱི་ཤའི་མིག་རབ་ཀྱིས་རྟོགས་ཚད་བསྟན་པ་ཡིན་པས་ཚངས་པའི་འཇིག་རྟེན་མན་ཆད་མཐོང་བའི་ཕྱིར། དེ་ལ་ཁོ་ན་རེ། མཛོད་ལས། མིག་གིས་གོང་མའི་གཟུགས་མ་ཡིན། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་མིའི་མིག་གིས་འདོད་ལྷ་ཡན་ཆད་ཀྱི་གཟུགས་མི་མཐོང་བ་མ་ཡིན་པའི་ཕྱིར། དེར་ཐལ། འདོད་པའི་མིར་གྱུར་པའི་བྱང་འཕགས་ཀྱི་ཤའི་མིག་གིས་དེ་ལྟར་མ་ཡིན་པའི་ཕྱིར་ན་མ་ཁྱབ། དེ་གཟུགས་སོགས་ཡུལ་ལྔ་ལ་འཇུག་པའི་ཕྱིར་ཏེ། ཡུམ་གསུམ་གནོད་འཇོམས་ལས། གཟུགས་ཐམས་ཅད་ལ་འཇུག་པ་ནི་ཤའི་མིག་གོ །ཞེས་གསུངས་པའི་ཕྱིར་དང། མདོ་སྡེ་པད་དཀར་ལས་ཀྱང། ལྷུན་པོ་རི་རབ་ཐམས་ཅད་དང། །ཁོར་ཡུག་ཀྱང་ནི་དེས་མཐོང་སྟེ། །རི་གཞན་གང་དག་གྲགས་པ་དང། །རྒྱ་མཚོ་དག་ཀྱང་མཐོང་བར་འགྱུར། །འོག་ཏུ་མནར་མེད་དམྱལ་བར་ཐུག །སྟེང་དུ་སྲིད་པའི་རྩེར་གནས་པ། །བསྟན་པ་དེས་ནི་ཀུན་མཐོང་སྟེ། །ཤ་ཡི་མིག་ནི་དེ་འདྲ་འོ། །ཞེས་གསུངས་པའི་ཕྱིར།
ཡང་ཁ་ཅིག ། ཤའི་སྤྱན་གྱིས་དཔག་ཚད་བརྒྱའི་གཟུགས་ཕྲ་རགས་མཐོང་བ་བྱང་འཕགས་ཀྱི་ཤའི་སྤྱན་ལ་བྱེད་པ་མི་འཐད་པར་ཐལ། ཚོགས་ལམ་ན་ཡང་ཤའི་སྤྱན་ཡོད་པའི་ཕྱིར། ཁྱབ་སྟེ། ཤའི་སྤྱན་དམའ་བས་ཀྱང་དཔག་ཚད་བརྒྱ་མཐོང་བར་བཤད་པའི་ཕྱིར། དེར་ཐལ། དེ་མ་མཐའ་བྱས་ནས་བཤད་པའི་ཕྱིར། ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དུ་འདོད་པ་དགག་སླ། ཡང་ཁོ་ན་རེ། ལྷའི་མིག་ཡིན་ན་ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་མཐོང་བས་ཁྱབ་པར་ཐལ། ལྷའི་སྤྱན་ལ་དེ་ལྟར་ཁྱབ་པའི་ཕྱིར་ན་མ་ཁྱབ་སྟེ། བྱང་སེམས་ཀྱི་ལྷའི་སྤྱན་གྱིས་རྒྱལ་ཆེན་བཞིའི་རིས་ནས་འོག་མིན་གྱི་བར་གྱི་ལྷའི་མིག་གི་ཡུལ་ཤེས་ཀྱང། རྒྱལ་ཆེན་བཞིའི་རིས་ནས་འོག་མིན་གྱི་བར་གྱི་ལྷའི་མིག་གིས་བྱང་སེམས་ཀྱི་ལྷའི་སྤྱན་གྱི་ཡུལ་མི་ཤེས་པའི་ཕྱིར་ཏེ། གསེར་ཕྲེང་ལས། དེ་བཞིན་དུ་འོག་མིན་གྱི་བར་གྱི་ལྷའི་མིག་བྱང་སེམས་ཀྱིས་ཤེས་པ་དང། ལྷ་དེ་དག་གིས་བྱང་སེམས་ཀྱི་མིག་མི་ཤེས། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང། སྐྱེ་བ་ཤེས་པའི་ཡུལ་ཅན་དེ། ལྷའི་སྤྱན་ཀྱི་མཚན་ཉིད་ཟེར། ལ་ལས་རང་གནས་ཀྱི་གླིང་ཙམ་ལས་མི་མཐོང་བའི་ལྷའི་སྤྱན་ཡོད་ཟེར་ན། དང་པོ་ལ་ཁ་ཅིག།། འོ་ན། མདོ་ལས་མནར་མེད་ནས་འོག་མིན་གྱི་བར་གྱི་ལྷའི་མིག་དང་ཡུལ་སོགས་ཤེས་པ་གཅིག་དང། ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་ཤེས་པ་གཉིས་བཤད་པ་མི་འཐད་པར་ཐལ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པས་ཁྱབ་པ་དང། གླིང་རེ་ཙམ་ལས་མི་ཤེས་པའི་ལྷའི་སྤྱན་ཡོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། འདི་བྱང་ཆུབ་སེམས་དཔའི་ལྷའི་སྤྱན་བཤད་པའི་སྐབས་ཡིན་པས་མ་མཐའ་དང་ཡ་མཐའ་བཟུང་བ་ཙམ་ཡིན་པའི་ཕྱིར་ཏེ། ཡུམ་གསུམ་གྱི་གནོད་འཇོམས་ལས། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཐམས་316ཅད་ཤེས་པ་ནས། ལྷའི་མིག་གོ །ཞེས་གསུངས་པའི་ཕྱིར། གཞན་ཡང། ལྷའི་སྤྱན་ལ་ནུས་པ་ཆེ་ཆུང་མེད་པར་ཐལ། དེ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པའི་ཕྱིར། འདོད་མི་ནུས་ཏེ། འདིར་བྱང་སེམས་ཀྱི་སྤྱན་གྱི་རབ་ཀྱིས་ཀྱང་ཕྱོགས་བཅུའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་དེ་ཤེས་པ་གང་ཞིག །སངས་འཕགས་ཀྱི་གཙུག་ཏོར་དང། མཛོད་སྤུ་སོགས་ཀྱིས་ཀྱང་སྤྱན་ལྔའི་ཡུལ་གཟིགས་པ་འཆད་པའི་ཕྱིར། དང་པོ་གྲུབ་སྟེ། འཇུག་པའི་ས་བཅུའི་ཡོན་ཏན་བཤད་པ་དང། མདོ་ལས་ཀྱང། ལྷའི་མིག་ཡོངས་སུ་དག་པ་དེ་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱི་རོལ་པ་དང་ཉན་རང་དང་བྱང་སེམས་ཀྱི་མངོན་ཤེས་སོགས་ལ་མི་སྣང་བའི་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སེམས་ཅན་གྱི་རིགས་སྣང་བ་སྟོང་གསུམ་གྱི་ལྷ་མི་ལས་མང་བར་བཤད་པས་འཇིག་རྟེན་གཅིག་གི་ཡང་སེམས་ཅན་ཐམས་ཅད་མཐོང་བའི་ལྷའི་མིག་སེམས་ཅན་ལ་མི་སྲིད་པའི་ཕྱིར་ཏེ། གཟུངས་རྒྱལ་གྱི་མདོ་ལས། སེམས་ཅན་གང་དག་སྣང་བར་གྱུར་པ་དག་དང། ནས། བྱང་ཆུབ་སེམས་དཔའ་དེ་དག་གིས་མིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ལྷའི་མིག་ལ་སྣང་བར་317གྱུར་ཏོ། །ཡང་ཤིང་རྟའི་འཕང་ལོ་ཙམ་གྱི་ཕྱོགས་ན་སྣང་བར་མ་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྣང་བར་གྱུར་པ་དེ་དག་ནི་ཆེས་མང་གི །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིས་དུ་མ་ལ་ཞིབ་ཆ་ཤེས་སོ། །གཉིས་པ་གྲུབ་སྟེ། ཐུབ་དགོངས་སུ་དད་པའི་སྟོབས་བསྐྱེད་པའི་མདོ་དྲངས་པ་ལས། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུས་ཀྱང་གཟིགས་སོ། །དེ་བཞིན་དུ་མཚན་རེ་རེས་ཀྱང། དེ་བཞིན་དུ་དུས་ཅིག་ཅར་དུ་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་གཟིགས་སོ། །ཞེས་པ་དེ་ལྟར་ནའང་དབང་པོའི་བློར་སྔོན་གྱི་རྗེས་སུ་འབྲངས་པས་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཟིགས་སོ་ཡན་ཆད་ཀྱི་གཟིགས་ཚུལ་དང། དེ་ལྟར་སོགས་ཀྱི་ཡུལ་ཁྱད་པར་མེད་ཀྱང་དབང་ཤེས་སུ་འཇོག་པའི་རྒྱུ་མཚན་གསུངས་པའི་ཕྱིར་ཏེ། ཐུབ་དགོངས་ལས་ཀྱང། དབང་པོའི་བློར་སྔོན་གྱི་རྗེས་སུ་འབྲངས་པས་རྣམ་པར་བཞག་གོ །ཞེས་པས་ལྷའི་མིག་ཅེས་པ་ལ་སོགས་པར་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར། སངས་རྒྱས་ཀྱི་སའི་སྤྱན་ལྔའི་འཇོག་ཚུལ་འདི་ལེགས་སོ། །ཡང་ཁ་ཅིག་ན་རེ། བདག་མེད་ཕྲ་རགས་གང་རུང་མངོན་སུམ་དུ་རྟོགས་པ་དེ་ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་མཐོང་ལམ་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་ཡིན་པའི་ཕྱིར། ཡང་མི་ཤེས་པ་ཁ་ཅིག་ན་རེ། ཤའི་སྤྱན་དང་ལྷའི་སྤྱན་གཉིས་མིག་དབང་གཟུགས་ཅན་ཡིན་ཟེར་ན། འོ་ན། འབུམ་གྱི་གནོད་འཇོམས་ལས། གཟུགས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཤེས་པ་ནི་ཤའི་སྤྱན་ནོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ཤའི་སྤྱན་དང་ལྷའི་སྤྱན་གང་རུང་ཡིན་ན་ཤེས་པ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཤའི་སྤྱན་ཡིན་ན་རྣམ་སྨིན་གྱི་འབྲས་བུ་ཡིན་པས་ཁྱབ་པ་འཕགས་པའི་དགོངས་པར་འདོད་པ་དང་ལམ་དང་གཞི་མཐུན་འདོད་ཅིང་རྣམ་སྨིན་གྱི་འབྲས་བུ་མཛོད་ལྟར་འདོད་པ་འགལ་འདུ་ཆེན་པོ་སྟེ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཤའི་སྤྱན་ཆོས་ཅན། ལུང་མ་བསྟན་ཡིན་པར་ཐལ། རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། དེ་ནི་རྣམ་པར་སྨིན་པ་ལས་བྱུང་བ་ཉིད་ཀྱིས། ཞེས་གསུངས་པའི་དོན་དུ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། འདོད་མི་ནུས་ཏེ། དགེ་བ་ཡིན་པའི་ཕྱིར། དེར་ཐལ། ལམ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལྷའི་སྤྱན་ཡང་རྣམ་སྨིན་ཁོ་ན་ཡིན་ཟེར། ལ་ལས་རྫུ་འཕྲུལ་གྱི་རྐང་བ་བསྒོམ་པའི་རྣམ་སྨིན་གྱི་དབང་པོ་གཟུགས་ཅན་ཟེར་ན། དེ་གཉིས་ཀྱང་མི་འཐད་པར་ཐལ། ལྷའི་མིག་དབང་གཟུགས་ཅན་པ་ལས་ཀྱི་རྣམ་སྨིན་དང། ལྷའི་སྤྱན་ནི་ལྷའི་མིག་དབང་གཟུགས་ཅན་པ་ཁྱད་པར་ཅན་གྱིས་བདག་རྐྱེན་བྱས་པའི་ལམ་ཞིག་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། རྫུ་འཕྲུལ་གྱི་སྤྱན་ལ་ལས་དང་བསྒོམ་པའི་འབྲས་བུའོ། །ཞེས་གསུངས་པའིི་ཕྱིར།
རང་ལུགས་ལ། སྤྱན་ལྔ་སོ་སོའི་མཚན་ཉིད། ས་མཚམས། རྒྱུ་གསུམ་ལས། དང་པོ་ལ་ལྔ་ལས། རང་རྒྱུ་ཕྱིན་དྲུག་དང། ཐེག་ཆེན་གྱི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་རྣམ་སྨིན་གྱི་རང་ཡུལ་གཟུགས་ཆེ་ཆུང་ཐམས་ཅད་མཐོང་བའི་མིག་དབང་ཁྱད་པར་ཅན་གྱིས་བདག་རྐྱེན་བྱས་པའི་རང་ཡུལ་དཔག་ཚད་བརྒྱ་སོགས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བའི་ཆ་ནས་བཞག་པའི་སྤྱན་དེ། ཤའི་སྤྱན་གྱི་མཚན་ཉིད་ཡིན་ཏེ། དངོས་བསྟན་བྱང་སེམས་ཀྱི་ཤའི་མིག་དཔག་ཚད་བརྒྱ་ནས་སྟོང་གསུམ་མཐོང་བའི་བར་བཅུ་གསུམ་དང། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ནམ་མཁའ་དང་མཉམ་པར་འཇུག་པའི་སངས་རྒྱས་ཀྱི་ཤའི་སྤྱན་དང་བཅུ་བཞི་ཡོད་པའི་ཕྱིར། དང་པོ་ནི། གསེར་ཕྲེང་ལས། བྱང་ཆེན་གྱི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །དེ་བཞིན་དུ་དཔག་ཚད་ཉིས་བརྒྱ། སུམ་བརྒྱ། བཞི་བརྒྱ། ལྔ་བརྒྱ། སྟོང། འཛམ་གླིང། གླིང་གཉིས། གླིང་གསུམ། གླིང་བཞི། སྟོང་དང་པོ། སྟོང་གཉིས་པ། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སངས་318འཕགས་ཀྱི་རྒྱུད་ཀྱི་དབང་པོ་ལྔ་གནས་གྱུར་པའམ་རྣམ་པར་དག་པས་ཡུལ་ཐམས་ཅད་ལ་འཇུག་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང། །ཞེས་དང། འགྲེལ་པ་ལས། དབང་པོ་ལྔ་གཞན་དུ་གྱུར་ན་དབང་པོ་ལྔ་པོ་ཐམས་ཅད་དོན་ལྔ་པོ་ཐམས་ཅད་ལ་འཇུག་པ་དང། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མིག་སོགས་རེ་རེ་ལ་ཡོན་ཏན་སྟོང་ཉིས་བརྒྱའམ་བརྒྱ་ཕྲག་བཅུ་གཉིས་ཀྱི་མངའ་འབྱོར་བ་ཐོབ་པའི་ཕྱིར་ཏེ། པད་དཀར་ལས། ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ་ཀློག་པའམ་སྟོན་པའམ་ཡི་གེར་བྲི་བ་ཡང་རུང་སྟེ། རིགས་ཀྱི་བུ་དེས་མིག་གི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །སྣའི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ལྕེའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཡིད་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། མིག་སྣ་ལུས་གསུམ་ལ་བརྒྱད་བརྒྱ་རེ་ལས་མ་བྱུང་ལ། འགྲེལ་ཆེན་གྱིས་པད་དཀར་དང་གཟུངས་རྒྱལ་གྱི་མདོར་གསུངས་པར་བཤད་ཀྱང་བོད་དུ་འགྱུར་བའི་གཟུངས་རྒྱལ་གྱི་མདོར་གྲངས་མི་སྣང་ངོ་། །རང་གི་བདག་རྐྱེན་ལྷའི་མིག་དབང་ཁྱད་པར་ཅན་ལ་བརྟེན་ཅིང་ཁམས་གསུམ་གྱི་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་སྤྱན་དེ། ལྷའི་སྤྱན་གྱི་མཚན་ཉིད་ཡིན་ཏེ། བདག་རྐྱེན་གྱིས་ལམ་ལ་མིང་ཆགས་པའི་ཕྱིར། ལྷག་མའང་དེ་ལྟར་རོ། །དབྱེ་ན་འཕགས་པ་སློབ་པའི་དེ་དང། སངས་རྒྱས་ཀྱི་དེ་གཉིས་ཡོད། དང་པོ་ལ་དངོས་བཏགས་ཀྱི་ཐེག་པ་གསུམ་ཀའི་འཕགས་རྒྱུད་ཀྱི་དེ་ཡོད། འདིའི་བྱང་སེམས་ཀྱི་དེ་ལའང་བདག་རྐྱེན་གྱི་སྒོ་ནས་དབྱེ་ན། སྔོན་ཕྱིན་དྲུག་དང་རྫུ་འཕྲུལ་རྐང་པ་བསྒོམ་པའི་ལས་ཀྱི་རྣམ་སྨིན་གྱི་ལྷའི་མིག་དབང་ཁྱད་པར་ཅན་གྱིས་བདག་རྐྱེན་བྱས་ཤིང་གཟུགས་ཐམས་ཅད་མཐོང་བའི་ལྷའི་སྤྱན་དང། བསྒོམ་པའི་མཐུས་ཐོབ་པའི་ལྷའི་སྤྱན་འཆི་འཕོ་སྐྱེ་བ་དང། དེའི་སྙོམས་འཇུག་སོགས་མཐོང་བ་གཉིས་སོགས་ཡོད་དེ། དང་པོ་ནི། འགྲེལ་ཆེན་ལས། ལྷ་རྣམས་ཀྱི་རང་གི་ལས་ཀྱི་མཐུས་དབང་པོ་དང་བཅས་པའི་མིག །ཅེས་སོ། །གཉིས་པ་ནི། འགྲེལ་ཆེན་ལས། རྣལ་འབྱོར་པས་ཏིང་ངེ་འཛིན་བསྒོམས་པའི་མཐུས་ཐོབ་པ་སྟེ། ཞེས་སོ། །རང་གི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་སྤྱན་དེ། ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད། དབྱེ་ན་རྒྱུ་ས་བཅུའི་བཅུ་དང། འབྲས་བུ་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཤེས་རབ་ཀྱི་སྤྱན་གཉིས་ཡོད། རང་གི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཡུལ་དུ་གྱུར་པའི་སྐྱེ་འཕགས་ཀྱི་དབང་པོའི་རིམ་པ་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་སྤྱན་དེ། ཆོས་ཀྱི་སྤྱན་གྱི་མཚན་ཉིད། དབྱེ་ན་གནས་དང་གནས་མིན་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་ཡོད་དེ། གནོད་འཇོམས་ལས། གནས་དང་གནས་མིན་319པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་པོ་འདི་དག་ནི་ཆོས་ཀྱི་མིག་གོ །ཞེས་དང། འགྲེལ་ཆེན་ལས་ཀྱང། གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་མེད་དུ་འཇུག་པ་ནི་ཆོས་ཀྱི་སྤྱན་ནོ། །ཞེས་གསུངས་པའི་ཕྱིར། ཇི་ལྟ་ཇི་སྙེད་ཀྱི་ཆོས་མ་ལུས་པ་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་པའི་སྤྱན་དེ། སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད། དངོས་དང་རྗེས་མཐུན་གྱིས་དབྱེ་ན་དག་པ་ས་གསུམ་གྱི་སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་དང་རྡོ་རྗེ་ལྟ་བུས་ཐོབ་པའི་རྣམ་མཁྱེན་གཉིས་ཡོད། གཉིས་པ་སྤྱན་ལྔའི་ས་མཚམས་ནི། ཤའི་སྤྱན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དང། དེ་བཞིན་དུ་ལྷའི་སྤྱན་གསེར་ཕྲེང་ལྟར་ན་ཚོགས་ལམ་ཆེན་པོ་ནས་སམ། རྣམ་བཤད་ལྟར་ན་འདིར་བསྟན་སྦྱོར་ལམ་ནས་དང། ཤེས་རབ་ཀྱི་སྤྱན་མཐོང་ལམ་ནས་དང། ཆོས་ཀྱི་སྤྱན་མཐོང་ལམ་རྗེས་ཐོབ་ནས་དང། དེ་གསུམ་ཀྱང་སངས་རྒྱས་ཀྱི་སའི་བར་དུ་ཡོད། སངས་རྒྱས་ཀྱི་སྤྱན་དངོས་སངས་རྒྱས་ཀྱི་ས་དང། རྗེས་མཐུན་པ་ཡོངས་སྦྱོང་དང་གསེར་ཕྲེང་ལྟར་ས་བདུན་པ་ནས་སམ། རྣམ་བཤད་ལྟར་ན་དག་པ་ས་གསུམ་ན་ཡོད། གསུམ་པ་སྤྱན་ལྔའི་རྒྱུ་ཡོད་དེ། མདོ་ལས། བྱང་ཆེན་མིག་ལྔ་ཡོངས་སུ་སྦྱོང་བར་འདོད་པ་དང་ཐོབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །ཞེས་དང། གསེར་ཕྲེང་ལས། ཕྱིན་དྲུག་ལ་སློབ་པ་དང། ནས། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
རྩོད་སྤོང་ལ་ཁོ་ན་རེ། མིར་གྱུར་པའི་བྱང་སེམས་ཚོགས་ལམ་ཆེན་པོ་བའི་ཤའི་སྤྱན་ལ་སྟོང་གསུམ་མཐོང་བ་གཅིག་ཡོད་པར་ཐལ། ཚོགས་ལམ་པ་གསུམ་གྱི་རྒྱུད་ཀྱི་སྤྱན་ལ་དབང་པོ་དང་ཚོགས་ཀྱི་དབང་གིས་རིམ་པ་དུ་མ་ཡོད་པའི་ཕྱིར། འདོད་ན། ཚོགས་ལམ་པའི་ཕ་མ་ལས་སྐྱེས་པའི་ཤའི་མིག་གིས་དེ་ལྟར་མཐོང་བར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། སྔ་མའི་དགེ་བའམ་ཚེ་འདིའི་བསྒོམ་པའི་དེའི་རྒྱུད་ཀྱི་བསམ་གཏན་བཞི་སོགས་ཀྱི་མཐུས་ཤའི་མིག་སྦྱངས་པའམ་དག་ན་དེ་ལྟར་མཐོང་བའི་ཕྱིར་ཏེ། མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། ཞེས་དྲིས་པ་དེའི་ལན་ཡིན་པའི་ཕྱིར། རྣམ་པར་དག་ཚུལ། པད་དཀར་ལས། དེའི་ཕ་དང་མ་ལས་བྱུང་བའི་ཤའི་མིག་ཐ་མལ་པ་དེ་ལྟར་ཡོངས་སུ་དག་པའི་མིག་གི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་བྲག་དང་ནགས་ཚལ་སྟུག་པོར་བྱས་པ་དང། འོག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ལ་ཐུག་པ་ཡན་ཆད། སྟེང་དུ་སྲིད་པའི་རྩེ་མོར་ཐུག་གི་བར་དུ་དེ་དག་ཐམས་ཅད་མཐོང་ངོ། །ཞེས་གསུངས་པའི་ཕྱིར། ཏིང་ངེ་འཛིན་ཡིད་ཤེས་ཀྱིས་མཐོང་བ་ཡིན་པའི་ཕྱིར་རོ། །རྒྱན་ལས། སངས་རྒྱས་དཔག་མེད་ལ་གདམས་ངག་ཡངས་པ་ཐོབ་པར་བཤད་པ་སོགས་ཀྱི་ཚོགས་ལམ་ཆེན་པོ་ན་ཡང་ཡོད་དོ། །དེ་ལ་སྟག་ལོ་ན་རེ། སངས་རྒྱས་ཀྱི་སྤྱན་ལ་མུན་པ་མུན་པར་སྣང་བར་ཐལ། དེ་ལ་སྣང་མུན་གཉིས་སོགས་ཐམས་ཅད་སྣང་བའི་ཕྱིར། འདོད་ན། སངས་རྒྱས་ཀྱི་སྤྱན་གྱིས་མུན་ནང་གི་གཟུགས་མི་མཐོང་བར་ཐལ། དེ་མུན་པར་སྣང་བའི་ཕྱིར་ཟེར་ན་མ་ཁྱབ་སྟེ། མུན་པར་སྣང་བ་དང་དེའི་ནང་གི་གཟུགས་གཉིས་ཀ་མཐོང་བའི་ཕྱིར། ཁོ་རང་གིས་འདོད་ན། སངས་རྒྱས་ཀྱི་སྤྱན་320ལ་སྒྲིབ་པ་དང་མུན་ཁྲོད་དུ་གནས་པའང་མི་མཐོང་བར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་པར་ཐལ། སངས་རྒྱས་སུ་མ་ཟད་ལྷའི་སྤྱན་ཕལ་པས་ཀྱང་མུན་ནང་གི་དེ་སོགས་གཟིགས་པའི་ཕྱིར་ཏེ། བསྡུ་བ་ལས། ལྷའི་མིག་ལ་ནི་གཟུགས་བསྟན་དུ་ཡོད་པ་དང། སྒྲིབ་པ་དང། མུན་ཁྲོད་ན་འདུག་པ་དང། བསྐལ་པ་དང། སྤྱོད་ཡུལ་ན་གནས་པ་ཡང་སྣང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདི་ནི་ལྷའི་མིག་ཕལ་པ་ཡིན་ནོ། །
(320) པར་ཐེངས་གཉིས་པ། གྱིས།
གཞན་ཡང། བསྡུ་བ་ལས། ལ་ལའི་མིག་ལ་ནི་མུན་ཁྲོད་ན་ཡང་གཟུགས་སྣང་བར་འགྱུར་རོ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། བྱི་བ་སྟག་གུང་སོགས་མཛོད་ལྟར་མཚན་དུས་མུན་ཁྲོད་ནའང་མུན་པ་ལས་གཞན་པའི་གཟུགས་སྣང་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་མུན་པ་སྣང་བའི་ཕྱིར་ཏེ། དེ་ཉིད་ལས། མུན་ཁྲོད་ན། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་རྣམ་ངེས་རྩ་འགྲེལ་དང་མདོ་དུ་མས་བཀག་ཟིན་ཏོ། །ཡང་ཁ་ཅིག་ན་རེ། འཕགས་པའི་ཤེས་རབ་ཀྱི་མིག་ཡིན་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། སྐབས་འདིར་དངོས་བསྟན་གྱི་བྱང་འཕགས་ཀྱི་དེ་ལ་དེའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། བསྡུ་བ་ལས། འཕགས་པའི་ཤེས་རབ་ཀྱི་མིག་ལ་ནི་གཟུགས་རྣམ་པ་ཐམས་ཅད་སྤྱོད་ཡུལ་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། བྱང་སེམས་མཐོང་ལམ་པའི་གཟུགས་མཐོང་བའི་ཤེས་རབ་ཀྱི་སྤྱན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྤྱན་ཡིན་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་བཞག་པའི་སྤྱན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཤེས་རབ་ཀྱི་སྤྱན་གྱི་ཡུལ་གྱི་གཙོ་བོ་དེ་ཡིན་པས་དེའི་ཆ་ནས་འཇོག་དགོས་པའི་ཕྱིར་ཏེ། ཆོས་ཀུན་ཏུ་འགྲོ་བ་དང་དགོངས་འགྲེལ་སོགས་ལས། ཕར་ཕྱིན་ལྔའི་ཤེས་རབ་ཀྱིས་སྟོང་ཉིད་འཛིན་པར་བཤད་པའི་ཕྱིར། དགོངས་འགྲེལ་ལས་བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་ལགས། སྤྱན་རས་གཟིགས་དབང་ཕྱུག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ། །ཞེས་གསུངས་པའི་ཕྱིར། སྤྲོ་བྱ་གཞན་ཡང་ལམ་མ་ཞུགས་ཀྱི་འཁོར་སྒྱུར་གྱི་ལྷའི་མིག་དང། རྒྱལ་ཆེན་བཞིའི་ལྷའི་མིག་ཀྱང་སྐབས་འདིར་དེ་མིན་པ་དེས་ཤེས་པར་གྱིས། དེ་ལ་ཁོ་ན་རེ། ལམ་མ་ཞུགས་ན་སྤྱན་ལྔ་མེད་པར་ཐལ། ས་མཚམས་དེའི་ཕྱིར། འདོད་ན། ཐེག་དམན་གང་ཟག་ལ་ཡང་སྤྱན་ལྔ་གང་རུང་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དག་ལ་བཏགས་པ་ཙམ་ལས་མེད་པའི་ཕྱིར་ཏེ། ཨ་བྷྱས། དང་པོའི་བག་ཙམ་སྲོག་ཆགས་ཕལ་ཆེར་ལ། །གསུམ་པའི་བག་ཙམ་རྒྱུན་ཞུགས་འབྲས་ཞུགས་ལ། །བཞི་པའི་བག་ཙམ་དགྲ་བཅོམ་པ་ལའང་ཡོད། །ཅེས་སོ། །བྱིས་པའི་རོལ་རྩེད་དག་མཁས་པའི་སྤྱོད་ཡུལ་མིན་པ་ལགས་སོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
