ཀུན་མཁྱེན་ཕར་ཕྱིན་ལས་སྐྱབས་གསུམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-09 21:10:52     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

199897520567606522.jpg 

    གཉིས་པ་སྒྲུབ་པའི་རྟེན་དཀོན་མཆོག་གསུམ་ལ་གདམས་པ་ལ། རྩ་བར། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་དང། འགྲེལ་པ་ལས། 288སངས་རྒྱས་དང་བྱང་ཆུབ་དག །ཅེས་སོགས་གསུངས། འཕྲོས་སྦྱོར་མཐའ་དཔྱད་གསུམ་ལས། དང་པོ་ནི། ཡུམ་ལས། གཟུགས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ་གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་སོགས་ཀྱིས་དཀོན་མཆོག་བཤད་པ་དེ་འཆད་པར་རྩ་འགྲེལ་འདི་བྱུང། གཉིས་པ་ནི། མདོ་དེ་ཆོས་ཅན། སངས་རྒྱས་དཀོན་མཆོག་ལ་འདོམས་པའི་གདམས་ངག་ཡིན་ཏེ། གཟུགས་སོགས་དམིགས་བྱ་དང་དམིགས་བྱེད་རྣམ་མཁྱེན་གཉིས་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པ་དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་སུ་སྟོན་པའི་མདོ་ཡིན་པའི་ཕྱིར། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་གྲུབ་མཐའ་འོག་མའི་ལུགས་དང། ཐེག་ཆེན་གྱི་ལུགས་དཔྱད་པ་གཉིས། དང་པོ་ལ་ཁ་ཅིག་ན་རེ། བདག་ཅག་གི་སྟོན་པ་བྱེ་སྨྲ་སུའི་ལུགས་ལ་སངས་རྒྱས་མིན་སྡུག་བདེན་ཟེར་ན། འོ་ན། བྱེ་སྨྲའི་ལུགས་གཞིར་ཞོག །དེ་ཆོས་ཅན། ཁྱོད་སངས་རྒྱས་ཡིན་པར་ཐལ། ཁྱོད་རང་ཉིད་སངས་རྒྱས་སུ་བྱེད་པའི་ཆོས་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་མི་སློབ་ལམ་ཐོབ་པའི་འཕགས་པ་ཡིན་པའི་ཕྱིར་ཏེ། མཛོད་ལས། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང། །ཞེས་གསུངས་པའི་ཕྱིར་དང། རང་འགྲེལ་ལས། ཡང་ན་གང་དག་བརྙེས་པས་ཐམས་ཅད་ཐུགས་སུ་ཆུད་པར་སྤྱོད་པའི་ཕྱིར་སངས་རྒྱས་ཡིན་པའོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། མཛོད་ཀྱི་བྱེ་སྨྲའི་ལུགས་ལ་སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་མ་ཡིན་པར་ཐལ། རང་འགྲེལ་ལས། གཟུགས་ཀྱི་སྐུ་ནི་སངས་རྒྱས་མ་ཡིན་ཏེ། སྔ་མ་དང་289ཕྱི་མ་གཉིས་ལ་ཁྱད་པར་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། བྱེ་སྨྲ་སྔ་མ་དག་གི་འདོད་ཚུལ་ཡིན་པའི་ཕྱིར། ཡང་ཁ་ཅིག །དེའི་གཟུགས་ཕུང་སངས་290རྒྱས་ཡིན་ཟེར་ནའང་དེ་མི་འཐད་པར་ཐལ། བྱེ་སྨྲ་སྔ་མས་དེའི་རྟེན་གཟུགས་ཕུང་སངས་རྒྱས་མ་ཡིན་པའི་ཕྱིར་ཏེ། བསྟན་བཅོས་གདགས་པ་ལས། 291གང་དག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་292དེ་ནི་མི་སློབ་པ་སངས་རྒྱས་སུ་བྱེད་པའི་ཆོས་དག་ལ་སྐྱབས་སུ་འགྲོའོ། །ཞེས་གསུངས་པའི་ཕྱིར་ན་སློབ་དཔོན་སོགས་ཀྱིས་མ་ཁྱབ་སྟེ། དེས་རྟེན་གཟུགས་ཕུང་སངས་རྒྱས་ཉིད་དུ་མ་བཀག་པས་སངས་རྒྱས་ཡིན་པར་འདོད་པའི་ཕྱིར། རང་འགྲེལ་ལས། སངས་རྒྱས་སུ་བྱེད་པའི་ཆོས་ཞེས་བྱུང་སྟེ། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས། ཞེས་གསུངས་པའི་ཕྱིར་དང། རྟེན་དེའི་ཕུང་པོ་ལྔ་ལ་བྱེད་པའི་ཕྱིར། དེའི་འགྲེལ་པ་རྒྱལ་སྲས་མ་ལས། དེའི་ཕྱིར་དེ་དག་གི་རྟེན་ཕུང་པོ་ལྔའི་མཚན་ཉིད་སངས་རྒྱས་ཉིད་དུ་མ་བཀག་293པས་ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། བྱེ་སྨྲའི་ལུགས་ལ་སྐྱབས་འགྲོ་ཚིག་ཡིན་ཏེ། རང་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་སྡོམ་པ་ལེན་པའི་ཆོ་གའི་སྐྱབས་འགྲོ་ཡིན་པའི་ཕྱིར། རྒྱལ་སྲས་མ་ལས། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ་ཞེས་བྱ་བ་ནི་ནོད་པའི་དུས་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་དང། གང་སྤེལ་ལས། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནོད་པའི་དུས་ཀྱི་དབང་དུ་བྱས་ནས་ཡིན་ཏེ། ཁས་ལེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། རང་འགྲེལ་ལས། གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོས་ལྡན་འདས་ཀྱི་དབང་དུ་བྱས་294ནས། ཞེས་དང། མཛོད་ལས། སངས་རྒྱས་སུ་འགྱུར་གཞན་གསུམ་ཡང། །ཞེས་དང། ཞུ་བ་ལས། བཙུན་པ་སངས་རྒྱས་གྲངས་སུ་བསྐང་སྟེ་བགྱིད་པར་རུང་ངམ། ཞེས་གསུངས་པ་རྣམས་ཀྱི་དོན་མ་གྲུབ་པར་ཐལ། སྟོན་པ་སངས་རྒྱས་དེ་དེ་དག་གི་དངོས་བསྟན་གྱི་སངས་རྒྱས་མ་ཡིན་པའི་ཕྱིར་ཏེ། དེ་བྱེ་སྨྲའི་ལུགས་ལ་སངས་རྒྱས་མ་ཡིན་པའི་ཕྱིར། ཞེས་སོགས་སྤྲོས་པས་ཆོག

(288) པར་ཐེངས་གཉིས་པ། སངས་རྒྱས་ལ་སངས་རྒྱས།

(289) པར་ཐེངས་གཉིས་པ། ཕྱི་མར་ཡང་བྱེ་བྲག་ཁྱད།

(290) པར་ཐེངས་གཉིས་པ། རྒྱས་མ་ཡིན་ཟེར་ནའང་མི།

(291) པར་ཐེངས་གཉིས་པ། གང་ཞིག

(292) པར་ཐེངས་གཉིས་པ། དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ།

(293) པར་ཐེངས་གཉིས་པ། པ།

(294) པར་ཐེངས་གཉིས་པ། པ།

    ཐེག་ཆེན་ལུགས་ལ་སོ་སོའི་ངོ་བོ་དང། ཀུན་རྫོབ་དང་དོན་དམ་པའི་སྐྱབས་ཀྱི་ཁྱད་པར། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར། སྐྱབས་འགྲོའི་ངོ་བོ་དང། སྐྱབས་ཀྱི་དོན་ལ་དཔྱད་པ་ལྔ། དང་པོ་ལ་ཁ་ཅིག་ན་རེ། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་སྐྱབས་གནས་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ཟེར་ན། འོ་ན། སངས་རྒྱས་དཀོན་མཆོག་ཡིན་ན་འདུས་མ་བྱས་སོགས་ཡོན་ཏན་བརྒྱད་ཀ་དང་ལྡན་པས་མ་ཁྱབ་པར་ཐལ། གང་རུང་སྨོས་པའི་དགོས་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཡིན་ན་འདུས་མ་བྱས་དང་འདུས་བྱས་ཀྱི་295ཡོན་ཏན་དང་ལྡན་པས་ཁྱབ་པའི་ཕྱིར། དེར་ཐལ། གཟུགས་སྐུ་དང་ཆོས་སྐུ་འདུས་མ་བྱས་ཀྱི་ཡོན་ཏན་དང་ལྡན། ངོ་བོ་ཉིད་སྐུ་དེ་མཁྱེན་བརྩེའི་ཡོན་ཏན་དང་ལྡན་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་སྟོབས་སོགས་ཀྱི་ཡོན་ཏན་དྲུག་ཅུ་དང་ལྡན་པའི་ཕྱིར་ཏེ། རྩ་བར། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །ཞེས་དང། རྒྱུད་བླ་མ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ངོ་བོ་ཉིད་སྐུ་ཆོས་ཅན། ཟག་མེད་ཀྱི་སེམས་བྱུང་དང་ལྡན་པར་ཐལ། ཡོན་ཏན་ཉེར་གཅིག་དང་དྲུག་ཅུ་གཉིས་དང་ལྡན་པའི་ཕྱིར། འདོད་ན། སེམས་སེམས་བྱུང་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ལྡན་ཡིན་པར་ཐལ། སེམས་དང་ལྡན་པའི་ཕྱིར་ན་མ་ཁྱབ། འདོད་ན། སྐྱེས་བུ་ཡིན་པར་ཐལ་296ལོ། །འདོད་པའི་ཕྱིར། ཁོ་རང་ལ་སྐྱེས་བུའི་ལུས་ཆོས་ཅན། སེམས་ལྡན་ཡིན་པར་ཐལ། སེམས་དང་ལྡན་པའི་ཕྱིར། འདོད་ན། སྐྱེས་བུ་ཡིན་པར་ཐལ་ལོ། །གཞན་ཡང། རྟ་ཆོས་ཅན། ལག་ལྡན་ཡིན་པར་ཐལ། ལག་པ་དང་ལྡན་པའི་ཕྱིར། འདོད་ན། དེ་ཆོས་ཅན། གླང་པོ་ཡིན་པར་ཐལ། ལག་ལྡན་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དེ་བཞིན་དུ་ལྟོ་བ་ལྡིར་ན་ལྟོ་ལྡིར་བ་ཡིན་པས་ཁྱབ་པ་སོགས་སྤྲོས་པས་ཆོག །

(295) པར་ཐེངས་གཉིས་པ། ཡོན་ཏན་བརྒྱད།

(296) པར་ཐེངས་གཉིས་པ། ལོ། །ཁྱོད་རང།

    ཡང་ཁ་ཅིག་ན་རེ། བསམ་མེད་གཉིས་མེད་རྟོག་མེད་སོགས་ཀྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད་ཟེར་ན། འོ་ན། ཆོས་དཀོན་མཆོག་ཡིན་ན་ཡོན་ཏན་བརྒྱད་དང་ལྡན་པས་མ་ཁྱབ་པར་ཐལ། གང་རུང་སྨོས་པའི་རྒྱུ་མཚན་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ཡིན་ན་བསམ་མེད་སོགས་ཀྱི་ཡོན་ཏན་བརྒྱད་དང་ལྡན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་འགོག་བདེན་གྱི་ཡོན་ཏན་བསམ་མེད་གཉིས་མེད་རྟོག་མེད་གསུམ་དང་ལྡན་པས་ཁྱབ། དེ་ཡིན་ན་ལམ་བདེན་གྱི་དག་གསལ་གཉེན་གསུམ་གྱི་ཡོན་ཏན་དང་ལྡན་པས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། དང་པོ་ནས་རིགས་ངེས་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་དེ་གསུམ་དང་ལྡན་པའི་ཕྱིར། དེར་ཐལ། བརྟགས་མིན་བརྗོད་མིན་འཕགས་མཁྱེན་གྱི་བསམ་མེད་གསུམ་དང། ལས་ཉོན་གཉིས་ཀྱི་ཅི་རིགས་མེད་པ་དང། དེ་གཉིས་ཀྱི་རྟོག་ཏུ་མེད་པའི་ཡོན་ཏན་གསུམ་བརྗོད་པའི་ཕྱིར། དེར་ཐལ། ཁྱོད་འཕགས་པ་ཡིན་པའི་ཕྱིར། རྒྱུད་བླ་མ་ལས་ཀྱང། བརྟགས་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད ཞི་ཉིད་གཉིས་མེད་རྟོག་མེད་དེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་བསམ་མེད་གཉིས་མེད་རྟོག་མེད་གསུམ་གྱི་དོན་བཤད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དང་པོ་ཉིད་ནས་རིགས་ངེས་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་དེ་ཡང་ལམ་བདེན་གྱི་ཡོན་ཏན་དག་གསལ་གཉེན་གསུམ་དང་ལྡན་པའི་ཕྱིར། དེར་ཐལ། དེའི་བར་ཆད་མེད་ལམ་དེ་མཐོང་སྤང་ཉོན་མོངས་དང་བྲལ་བས་ན་དག་པ་དང། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་པས་ན་གསལ་བ་དང། གེགས་རང་གི་ངོས་སྐལ་གྱི་སྒྲིབ་པའི་གཉེན་པོ་བྱེད་པས་ན་གཉེན་པོའི་ཁྱད་པར་གྱི་ཡོན་ཏན་གསུམ་ལྡན་ཡིན་པའི་ཕྱིར་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་དག་པ་དང། ཆོས་གཞན་གསལ་བ་དང། མུན་པའི་གཉེན་པོ་བྱེད་པ་གསུམ་བཞིན་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་དང། དེའི་ཐོགས་འགྲེལ་ལས། ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང། སྒོམ་པའི་ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། མཐོང་ལམ་བར་ཆད་མེད་ལམ་པས་འགོག་བདེན་ཐོབ་པར་ཐལ། དེའི་འགོག་བདེན་གྱི་ཡོན་ཏན་ཐོབ་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འགོག་པ་ཙམ་ཐོབ་པའི་ཕྱིར། དེར་ཐལ། བར་ཆད་མེད་ལམ་གྱི་དུས་ན་རང་གི་སྤང་བྱའི་བརྟགས་མིན་ཐོབ་པས་ཁྱབ་པའི་ཕྱིར། དེ་ཡིན་ན་རང་གི་ངོས་སྐལ་གྱི་སྤང་བྱ་དང་བྲལ་བས་ཁྱབ་པའི་ཕྱིར་ཏེ། དེའི་རྒྱུད་ལ་མཐོང་སྤང་རྟོག་པའི་ས་བོན་ཙམ་ཡང་མེད་པའི་ཕྱིར། རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་དྲི་མ་ཐམས་ཅད་མེད་པའི་ཕྱིར། རྩ་བར། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །ཞེས་གསུངས་པའི་ཕྱིར།

    ཡང་ཁ་ཅིག་ན་རེ། འདི་ཐེག་ཆེན་གྱི་དཀོན་མཆོག་གསུམ་ཁོ་ནའི་དབང་དུ་བྱས་ཟེར། ལ་ལས་དངོས་བསྟན་ཐེག་ཆེན་ཁོ་ནའི་ཟེར། གཞན་དག་ཐེག་པ་གསུམ་གའི་དཀོན་མཆོག་གཙོ་བོར་དངོས་སུ་བསྟན་ཟེར་ན། དེ་གསུམ་ཀ་མི་འཐད་པར་ཐལ། འདིས་སངས་རྒྱས་འབྲས་སྐྱབས་སུ་འཛིན་པའི་ཐེག་ཆེན་རིགས་ཅན་གྱི་ཆེད་དང། རྟེན་འབྲེལ་རྟོགས་པས་འཁོར་བའི་སྡུག་བསྔལ་ཟད་པར་འདོད་པའི་རང་རྒྱལ་རིགས་ཅན་གྱི་ཆེད་དུ་ཆོས་དཀོན་མཆོག་དང། སྲིད་པ་ཐ་མའི་ཚེ་སློབ་དཔོན་དང་དགེ་འདུན་ལ་ལྟོས་པའི་ཉན་ཐོས་ཐ་མའི་རིགས་ཅན་གྱི་ཆེད་དུ་དགེ་འདུན་དཀོན་མཆོག་བསྟན་པའི་ཕྱིར། ཁྱབ་སྟེ། ཚིག་ཟིན་དང་དངོས་བསྟན་གཙོ་བོ་མིན་ཀྱང་དངོས་བསྟན་ཕལ་པ་ལ་རང་རྒྱལ་གྱི་ཆོས་དཀོན་མཆོག་དང། ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་ཀྱང་བསྟན་པའི་ཕྱིར། རྒྱུད་བླ་མ་ལས། ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པའི་ཕྱིར་དང། ཐོགས་འགྲེལ་ལས། རང་སངས་རྒྱས་ཀྱི་ཐེག་པ་བའི་གང་ཟག་དང་ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་ནི་སྐྱབས་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཅིང་རྣམ་པར་གཞག་གོ །ཞེས་གསུངས་པའི་ཕྱིར། དར་ཊཱིཀ་ལས་ཀྱང། རིགས་ཅན་གསུམ་ག་རྗེས་སུ་བཟུང་བའི་ཆེད་དུ་དེ་གསུམ་ལ་ལྟོས་པའི་འབྲས་བུའི་སྐྱབས་ཀྱི་མིང་ཐ་དད་པས་བསྟན་ཏེ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་མི་འཐད་པར་ཐལ། རྒྱུད་བླ་མ་འདིའི་དངོས་བསྟན་ལ་ས་དང་པོ་ཡན་ཆན་ཀྱི་དཀོན་མཆོག་ཁོ་ནའི་དབང་དུ་བྱས་པའི་ཕྱིར། དེར་ཐལ། དར་ཊཱིཀ་ལས། འདིར་དངོས་སུ་བསྟན་པའི་དཀོན་མཆོག་ནི་ས་དང་པོ་ཡན་ཆད་ཀྱི་དབང་དུ་བྱས་ཤིང། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། འབྲས་སྐྱབས་ཀྱི་དབང་དུ་བྱས་ནས་དང། དངོས་བསྟན་གཙོ་བོ་ཐེག་ཆེན་གྱི་དཀོན་མཆོག་ཡིན་པས་ཐེག་པ་ཐུན་མོང་བའི་བསྟན་བཅོས་སུ་མི་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། དར་ཊཱིཀ་ལས། ས་དང་པོ་ནས་བཅུ་པའི་བར་གྱི་དཀོན་མཆོག་ནི་མཐར་ཐུག་པའི་དཀོན་མཆོག་གསུམ་སྒྲུབ་པའི་དབང་དུ་བྱས་པ་ཡིན་པས་ཐེག་པ་ཐུན་མོང་བར་ཐལ་བའི་སྐྱོན་མེད་དེ། ཞེས་གསུངས་པའི་ཕྱིར། ཐེག་དམན་གྱི་ཆོས་དཀོན་མཆོག་ལ་ཡང་དེས་རིགས་བསྒྲེས་པར་བྱའོ། །ཡང་ཁ་ཅིག་ན་རེ། འགོག་ལམ་གང་རུང་གིས་བསྡུས་པའི་རྣམ་བྱང་གི་ཡོན་ཏན། ཆོས་དཀོན་མཆོག་གི་མཚན་ཉིད་ཟེར་ན། ཚོགས་ལམ་ཆོས་ཅན། ཆོས་དཀོན་མཆོག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ལམ་གྱིས་བསྡུས་པའི་རྣམ་བྱང་གི་ཡོན་ཏན་ཡིན་པའི་ཕྱིར་ཏེ། ལམ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འཕགས་རྒྱུད་ཀྱི་ཡོན་ཏན་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་ཐེག་ཆེན་འཕགས་པ་དེ། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད་དུ་འཇོག་ཟེར་ན། འོ་ན། ཐེག་ཆེན་འཕགས་པ་ཡིན་ན། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པས་མ་ཁྱབ་པར་ཐལ། གང་རུང་སྨོས་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་འཕགས་པ་ཡིན་ན་རིག་གྲོལ་གྱི་ཡོན་ཏན་བརྒྱད་ཀ་དང་ལྡན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་ཇི་ལྟ་བ་རིག་པ་དང། ཇི་སྙེད་པ་རིག་པ་དང། སོ་སོ་རང་རིག་པ་གསུམ་དང་ལྡན་པས་ཁྱབ་པ་གང་ཞིག །དེ་ཡིན་ན་ཆགས་སྒྲིབ་ཐོགས་སྒྲིབ་དམན་སྒྲིབ་ཅི་རིགས་ལས་གྲོལ་བས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟར་ཉིད་དེ་ཡང། །ཞེས་དང། ཡང་དེ་ཉིད་ལས། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པ། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །ཅེས་དང། ཡང་དེ་ཉིད་ལས། དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་གསུམ་གྱིས་རིམ་བཞིན་ཡེ་ཤེས་གསུམ་བཤད་པའི་ཕྱིར་དང། དེས་ན་ཕལ་ཆེར་གྱིས་ཡེ་ཤེས་གསུམ་ཡང་ཕྱིན་ཅི་ལོག་ཏུ་བཤད་སྣང་ངོ། གཉིས་པ་གྲུབ་སྟེ། རྒྱུད་བླ་མ་ལས། དྲི་མེད་དབྱིངས་ལ་ཆགས་མེད་དང། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡེ་ཤེས་གསུམ་གྱི་གཟིགས་པ་དག་པའིི་རྒྱུ་མཚན་ཡང་ཆགས་ཐོགས་དམན་གསུམ་གྱི་སྒྲིབ་པ་གསུམ་ཅི་རིགས་ལས་གྲོལ་བས་ན་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་ཉི་ཚེ་མཐོང་བ་ལས་ཁྱད་པར་འཕགས་པའི་ཕྱིར་ཏེ། ཐོགས་འགྲེལ་ལས། དེ་ཡང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་297ན་གཅིག་ཤོས་ཉི་ཚེ་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པ་ཞེས་བརྗོད་དོ། །གཉིས་པོ་གང་གིས་ཤེ་ན། ཆགས་པ་མེད་པའི་ཕྱིར་དང། ཐོགས་པ་མེད་པའི་ཕྱིར་རོ། །ཞེས་དང། རྒྱུད་བླ་དར་ཊཱིཀ་ལས། ཆགས་ཐོགས་དང་དམན་པའི་སྒྲིབ་པ་མེད་པའི་བློ་མངའ་བའོ ཞེས་གསུངས་པའི་ཕྱིར།

(297) པར་ཐེངས་གཉིས་པ། ནི་གཅིག་ཤོས་ཉི་ཚེ་བའི་ཡེ་ཤེས་ཀྱི་མཐོང་བ།

    ཡང་ཁ་ཅིག་ན་རེ། རིག་གྲོལ་གྱི་ཡོན་ཏན་གཉིས་པོ་གང་རུང་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཟེར་ན། དེ་ཡིན་ན་རིག་གྲོལ་གཉིས་ཀའི་ཡོན་ཏན་དང་ལྡན་པས་མ་ཁྱབ་པར་ཐལ། གང་རུང་གི་དོན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། འཕགས་པ་ཡིན་ན་རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པས་ཁྱབ་པའི་ཕྱིར། དེར་ཐལ། ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པ་ཡང་རིག་གྲོལ་གཉིས་ཀ་དང་ལྡན་པའི་ཕྱིར་ཏེ། དར་ཊཱིཀ་ལས། དེ་དག་ཀྱང་རིག་པ་དང་གྲོལ་བའི་ཡོན་ཏན་གཉིས་སུ་བསྡུས་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཀུན་རྫོབ་དང་དོན་དམ་པའི་སྐྱབས་ཀྱི་དོན་ནི། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་པ་ནས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པ་ལྟར་ཡིན་ཀྱང་འདི་ལ་རློམ་པ་ཅན་ཁ་ཅིག་ན་རེ།.....རོང། ལུང་གི་ཆོས་དཀོན་མཆོག་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་ཏེ། དོན་དམ་པ་རྟོགས་པ་མཐར་ཐུག་པའི་ཚེ་གཟིངས་ལྟར་སྤང་བར་བྱ་བ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་དེ། རྒྱུད་བླ་མ་ལས། སྤང་ཕྱིར། ཞེས་དང། ཆོས་རྣམ་གཉིས། ཞེས་པའི་དོན་སྦྱོར་རྣམ་དག་ཟེར་ན། ལུང་གི་ཆོས་ཡིན་ན་མཐར་ཐུག་གི་སྐྱབས་མ་ཡིན་དགོས་པར་ཐལ། སྦྱོར་བ་དེའི་རྟགས་གྲུབ་པའི་ཕྱིར། མ་གྲུབ་ན། རྣམ་དག་བུད། འདོད་ན། སངས་འཕགས་རྒྱུད་ཀྱི་བཀའ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མཐར་ཐུག་གི་སྐྱབས་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཡིན་པའི་ཕྱིར། ཡང་ཁོ་ན་རེ།.....རོང། 298སློབ་ལམ་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་ཏེ། རྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་དེ། རྒྱུད་བླ་མ་ལས། བསླུ་བའི་ཆོས་ཅན་ཕྱིར། །ཞེས་དང། ཆོས་རྣམ་299གཉིས་དང། ཞེས་གསུངས་པའི་དོན་སྦྱོར་རྣམ་དག་ཟེར་ན། གཟུགས་སྐུ་གཉིས་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་པར་ཐལ། རྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་ཤེ་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ལམ་གྱི་བགྲོད་པ་མཐར་ཐུག་པའི་སྐྱབས་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པའི་ཕྱིར།

(298) པར་ཐེངས་གཉིས་པ། སློབ་ལམ་རྣམས།

(299) པར་ཐེངས་གཉིས་པ། གཉིས།

    ཡང་ཁོ་ན་རེ། སློབ་པའི་འགོག་བདེན་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་ཏེ། མེད་དགག་ཡིན་པའི་ཕྱིར། ཞེས་པ། རྒྱུད་བླ་མ་ལས། མེད་ཕྱིར། ཞེས་དང། ཆོས་རྣམ་གཉིས། ཞེས་གསུངས་པའི་དོན་སྦྱོར་ཡིན་ཟེར་ན། རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། སྤང་བྱ་ཐམས་ཅད་སྤངས་པའི་སྐྱབས་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དམ་པའི་དོན་ནི་དགོས་དོན་མཆོག་དང་འདོད་དོན་མཆོག་ཡིན། འགྲོ་བ་ནི་དེར་ཕྱིན་ཟིན་པའི་སྐྱབས་ཞེས་པའི་དོན་ཡིན་པའི་ཕྱིར། ཡང་ཁ་ཅིག།། ཀུན་རྫོབ་ཀྱི་སྐྱབས་དང་དོན་དམ་པའི་སྐྱབས་གཉིས་ཀྱི་དོན་རིམ་བཞིན་གནས་སྐབས་དང་མཐར་ཐུག་གི་དོན་ཁོ་ནར་བཤད་པ་མི་འཐད་པར་ཐལ། དེ་གཉིས་ཀྱི་དོན་ལ་ཐ་སྙད་པའི་སྐྱབས་དང་བདེན་པའི་སྐྱབས་བཞག་པ་གཉིས་ཀྱང་ཡོད། གནས་སྐབས་ཀུན་རྫོབ་པ་རྫུན་པ་དང། དོན་གཉིས་མཐར་ཐུག་པ་དོན་དམ་པའམ་དགོས་པ་མཆོག་གི་སྐྱབས་གཉིས་ཀྱང་འབྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དཔེར་ན་སངས་རྒྱས་ལ་སངས་རྒྱས་ཀྱི་ཡེ་ཤེས་དོན་དམ་དང། དེའི་300སྐུ་གཟུགས་གསེར་མདོག་ཀུན་རྫོབ་པ་དང། ཆོས་ལ་301འགོག་ལམ་དོན་དམ་དང། ཀུན་རྫོབ་པ་གསུང་རབ་དང། དགེ་འདུན་ལ་འཕགས་པའི་རིག་གྲོལ་དོན་དམ་པ་དང། ཀུན་རྫོབ་པ་འཕགས་པ་དང་ཚོགས་སྦྱོར་བ་ལྟ་བུ་ཡིན་པའི་ཕྱིར་ཏེ། དར་ཊཱིཀ་ལས། འདི་དག་ཀྱང་དོན་དམ་དང་ཀུན་རྫོབ་པ་གཉིས་གཉིས་ཀྱིས་རིག་པར་བྱ་སྟེ། དོན་དམ་པའི་སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་རང་བཞིན་ཆོས་ཀྱི་སྐུ་དང། ཀུན་རྫོབ་པ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའོ། །དོན་དམ་པའི་ཆོས་ནི་ཐེག་པ་ཆེན་པོ་བའི་རྒྱུད་ཀྱི་འགོག་པ་དང་ལམ་གྱི་བདེན་པ་གཉིས་དང། ཀུན་རྫོབ་པ་གསུང་རབ་ཀྱི་ཚོགས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་དོན་དམ་བདེན་ཙམ་དང་ཀུན་རྫོབ་ཐ་སྙད་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། དེ་ལ་སངས་རྒྱས་ཞེས་པ་དོན་ལ་དངོས་མིང་དུ་འཇུག་པས་མི་བསླུ་ལ། སྐུ་འདྲ་དང་སྐུ་གདུང་དེ་མིན་ཀྱང་མཆོད་སོགས་སངས་རྒྱས་དང་མཉམ་པས་སངས་རྒྱས་ཀྱི་ཐ་སྙད་བྱས་པའི་ཕྱིར་ཏེ། ཐུབ་དགོངས་ལས། འདིར་སངས་རྒྱས་ནི་གཉིས་ཏེ། དོན་དམ་པ་ནི་སྐུ་གསུམ་གྱིས་ཡང་དག་པར་བསྡུས་པའོ། །ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང་སྐུ་གཟུགས་302དང་མཆོད་རྟེན་དང་བྱང་ཆུབ་སེམས་དཔའི་གཟུགས་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་དམ་པ་དང་ཐ་སྙད་པའི་སངས་རྒྱས་སུ་འཇོག་པའི་རྒྱུ་མཚན་ཡང་སྔར་ལྟར་ཡིན་པའི་ཕྱིར་ཏེ། དགོངས་རྒྱན་ལས། འདི་རྣམས་ལ་མཆོད་ན་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པའོ། །ཞེས་གསུངས་པའི་ཕྱིར་དང། མཉམ་པར་སེམས་རབ་ཏུ་དང་བས་རྣམ་པར་སྨིན་པ་མཉམ་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར། དེས་ཆོས་དགེ་འདུན་གཉིས་ཀྱང་ཤེས་སོ། །རྟགས་གཉིས་པ་གྲུབ་སྟེ། ཡོངས་སུ་གྲགས་ཆེ་བའི་ཕྱིར།

(300) པར་ཐེངས་པ་གཉིས་པ། གཟུགས་སྐུ།

(301) པར་ཐེངས་པ་གཉིས་པ། འགོག་པ།

(302) པར་ཐེངས་གཉིས་པ། དང། བྱང་ཆུབ་སེམས་དཔའི་མཆོད་རྟེན་དང་གཟུགས།

    དེ་ལ་ཁོ་ན་རེ། འདིའི་དོན་དམ་པ་བདེན་གཉིས་ཀྱི་དོན་དམ་པ་ལ་བྱེད་པར་ཐལ། འདིའི་དོན་དམ་པ་ལ་བདེན་གཉིས་ཀྱི་དོན་དམ་པ་ཡང་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྣམ་མཁྱེན་བདེན་མེད་དང། བྱང་འཕགས་ཀྱི་རྒྱུད་ཀྱི་མཐོང་སྤང་གི་དག་པའི་ཆོས་དབྱིངས་རྣམས་ཡོད་པའི་ཕྱིར། འདོད་མི་རིགས་ཏེ། སངས་རྒྱས་ཀྱི་སྐུ་གསུམ་ཡང་དགོས་དོན་ཡང་ཡིན། དམ་པ་ཡང་ཡིན་པས་དོན་དམ་པ་དང། སངས་རྒྱས་དཀོན་མཆོག་ཀྱང་ཡིན་ལ། དེ་བཞིན་དུ་འགོག་པ་དང། ལམ་བདེན་གཉིས་ཀྱང་དོན་ཡང་ཡིན། དམ་པ་ཡང་ཡིན་པས་ན་དོན་དམ་པ་དང་ཆོས་དཀོན་མཆོག་ཀྱང་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དམ་པའི་དཀོན་མཆོག་གསུམ་བཤད་པ་ལ་དེ་གཙོ་ཆེ་བའི་ཕྱིར། ཡང་ཁོ་ན་རེ། སློབ་པ་འཕགས་པའི་ཚོགས་རྣམས་ཆོས་ཅན། མཐར་ཐུག་གི་སྐྱབས་མ་ཡིན་ཏེ། སྒྲིབ་གཉིས་ཀྱི་འཇིགས་པ་དང་བཅས་པའི་ཕྱིར། ཞེས་པ། རྒྱུད་བླ་མ་ལས། འཇིགས་དང་བཅས་པའི་ཕྱིར། །ཞེས་དང། འཕགས་པའི་ཚོགས། ཞེས་གསུངས་པའི་དོན་སྦྱོར་ཡིན་ཟེར་ན། འོ་ན། སྦྱོར་བ་དེའི་རྟགས་གྲུབ་པར་ཐལ། དེ་རྣམ་དག་ཡིན་པའི་ཕྱིར། འདོད་ན། སློབ་པ་འཕགས་པ་ཡིན་ན་སྒྲིབ་གཉིས་ཀྱི་འཇིགས་པ་དང་བཅས་པས་ཁྱབ་པར་ཐལ། སློབ་པ་འཕགས་པ་རྣམས་དེ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ལྷག་མེད་ཉན་རང་དགྲ་བཅོམ་གཉིས་ཆོས་ཅན། སྒྲིབ་གཉིས་ཀྱི་འཇིགས་པ་དང་བཅས་པར་ཐལ། སློབ་པ་འཕགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། སློབ་པ་གང་ཞིག །འཕགས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་ལུགས་ལ་སངས་རྒྱས་མ་ཡིན་པའི་འཕགས་པ་ཐམས་ཅད་སློབ་པར་བྱེད་དགོས་པའི་ཕྱིར། རྒྱུད་བླ་མ་ལས། འཕགས་པའི་ཚོགས། །གཏན་གྱི་303སྐྱབས་གནས་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་དང། ཐོགས་འགྲེལ་ལས། དགེ་འདུན་ཞེས་བྱ་བ་འདི་ནི་ཐེག་པ་གསུམ་དང་ལྡན་པའི་ཚོགས་ཀྱི་ཚིག་བླ་དྭགས་སོ། །ཞེས་པ་ནས། དགྲ་བཅོམ་པ་ལ་ཡང་ངེས་པར་འཇིགས་པ་དེ་ཡོད་304དེ། ཞེས་པ་ནས། ངེས་པར་འབྱུང་བ་ཚོལ་བའི་ཕྱིར་ནི་འཇིགས་པའི་གཞི་སྤངས་པའི་དབང་དུ་བྱས་ནས་སློབ་པའི་བྱ་བ་དང་བཅས་པར་འགྱུར་རོ སློབ་པའི་ཕྱིར་ནི། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཉོན་སྒྲིབ་སྤངས་ཟིན་པའི་ཕྱིར། ཁྱབ་སྟེ། དགྲ་བཅོམ་པ་ནི་ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པས་ལམ་ལ་སློབ་པ་དེ་ཡིན་པའི་ཕྱིར་ཏེ། ཐོགས་འགྲེལ་ལས། 305སྲིད་པ་རྣམས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པར་འདུ་བྱེད་ཐམས་ཅད་ལ་མི་བཟད་པར་འཇིགས་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རལ་གྲི་གདེངས་པའི་གཤེད་མས་སྐྱེས་བུ་ལ་བྱ་བ་བཞིན། ཞེས་གསུངས་པའི་306ཕྱིར་དང། དེའི་བག་ཆགས་ཤེས་སྒྲིབ་དང་འདུ་བྱེད་ཀྱི་མཚན་མ་ལ་འཇིགས་པའི་ཕྱིར། ཇི་སྐད་དུ། རྣམ་བཤད་ལས། ཉན་རང་དགྲ་བཅོམ་པ་ཡང་འདུ་བྱེད་ཀྱི་མཚན་མ་ལ་གཤེད་མ་རལ་གྲི་གདེངས་པ་ལྟར་ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར།

(303) པར་ཐེངས་གཉིས་པ། སྐྱབས་མཆོག་མ་ཡིན་ནོ། །

(304) པར་ཐེངས་གཉིས་པ། དོ། །

(305) པར་ཐེངས་གཉིས་པ། ཡང་སྲིད་པ་སྤངས་པ་རྣམས་ཀྱང་བག།

(306) པར་ཐེངས་གཉིས་པ།་ཕྱིར། དེའི་བག་ཆགས་ཤེས་སྒྲིབ་འདུ།

    ཡང་ཁ་ཅིག་ན་རེ། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་ཡིན་ན་སངས་རྒྱས་དཀོན་མཆོག་ཡིན་དགོས་ཟེར་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་སྐུ་གདུང་གི་མཆོད་རྟེན་ཆོས་ཅན། སངས་རྒྱས་དཀོན་མཆོག་ཡིན་པར་ཐལ། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་ཡིན་པའི་ཕྱིར་ཏེ། ཐ་སྙད་པའི་དེ་ཡིན་པའི་ཕྱིར། དགོངས་རྒྱན་ལས། ཐ་སྙད་པ་ནི་སྐུ་གདུང་གི་མཆོད་རྟེན་དང། སྐུ་གཟུགས་དང། མཆོད་རྟེན་དང། བྱང་ཆུབ་སེམས་དཔའི་གཟུགས་ཏེ། ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གང་ཟག་གཞིར་བཞག་པའི་ཀུན་རྫོབ་པའིི་སངས་རྒྱས་དཀོན་མཆོག་ལ་སངས་རྒྱས་དཀོན་མཆོག་གིས་ཁྱབ་ཟེར་ན། འོ་ན། བྱང་སེམས་ས་དང་པོ་བ་དང། དག་ས་པ་དང། བྱང་སེམས་འཕགས་པས་དགོས་དབང་གིས་རང་ཉིད་སངས་རྒྱས་སུ་སྤྲུལ་པ་ཆོས་ཅན། སངས་རྒྱས་དཀོན་མཆོག་ཡིན་པར་ཐལ། ཀུན་རྫོབ་པ་དང་ཐ་སྙད་པའི་སངས་རྒྱས་དཀོན་མཆོག་ཡིན་པའི་ཕྱིར་ཏེ། དགོངས་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟར་དགེ་འདུན་གྱིས་བསྡུས་པ་ཡང་སྟེ། དེ་རྣམས་ནི་སངས་རྒྱས་ཀྱི་མྱུ་གུ་ཐ་སྙད་པའི་སངས་རྒྱས་ཏེ་རྒྱུའི་དངོས་པོའི་རྒྱུན་གཅིག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དར་ཊཱིཀ་ལས། ཉེ་རྒྱུ་དག་ས་གསུམ་ལ་དཀོན་མཆོག་གསུམ་རིམ་གྱིས་གྲུབ་པའི་ཚུལ་དང། ཞེས་གསུངས་པའི་དོན་ཡོད་པའི་ཕྱིར། དེའི་དོན་འཆད་པར། ཐོགས་འགྲེལ་དུ། གཟུངས་རྒྱལ་གྱི་མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ། ཞེས་གསུངས་པའི་ཕྱིར་དང། ཐོགས་འགྲེལ་ལས། ས་བརྒྱད་པ་ལ་གནས་པ་ནི། ནས། མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །ཞེས་གསུངས་པས་སོ། །ཆོས་ཡང་དག་པར་སྡུད་པ་ལས་ཀྱང་ངོ། གཞན་ཡང། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ལ་དགེ་འདུན་དཀོན་མཆོག་གིས་ཁྱབ་པར་ཐལ། ཀུན་རྫོབ་པའི་སངས་རྒྱས་ལ་དེའི་ཕྱིར། རྟགས་ཁས། འདོད་ན། ལམ་ཞུགས་སོ་སྐྱེ་དང་དགེ་སློང་བཞི་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། དགོངས་རྒྱན་ལས། ཐ་སྙད་པ་ནི་སོ་སོ་སྐྱེ་བོ་རྣམས་ཀྱང་སྟེ། སྡེ་པ་བཞི་ལ་སོགས་པ་དང། ཞེས་གསུངས་པའི་ཕྱིར། ལྷག་མ་གོ་སླའོ། །

    རང་ལུགས་ལ། སྐྱབས་གསུམ་སོ་སོའི་ངོ་བོ་དང། སྐྱབས་སྤྱིའི་རྣམ་བཞག་དང། ཀུན་རྫོབ་དང་དོན་དམ་པའི་སྐྱབས་ཀྱི་ཁྱད་པར་དང། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར་དང། སྐྱབས་སུ་འགྲོ་ཚུལ་དང་ལྔ། དང་པོ་ནི། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། ཡོན་ཏན་བརྒྱད་ནི་རང་བཞིན་རྣམ་དག་གི་ཡོན་ཏན་ཐོག་མཐའ་དབུས་གསུམ་བདེན་པར་མེད་པས་འདུས་མ་བྱས་པ་དང། གློ་བུར་རྣམ་དག་གི་ཡོན་ཏན་འབད་རྩོལ་ཞི་བའི་ལྷུན་གྲུབ་དང། ཇི་ལྟ་བ་མཁྱེན་པའི་སོ་སོ་རང་རིག་པ་གཞན་གྱི་རྐྱེན་གྱིས་མི་རྟོགས་པ་དང། རང་དོན་ཆོས་སྐུ་སྟེ་བཞི་དང། ཇི་སྙེད་པ་རིག་པའི་མཁྱེན་པ་ཕུན་ཚོགས་དང། སྡུག་བསྔལ་སྤོང་ཕྱིར་སྟོན་པའི་བརྩེ་བ་ཕུན་ཚོགས་དང། ཉོན་མོངས་སྤོང་ཕྱིར་སྟོན་པའི་ནུས་པ་ཕུན་ཚོགས་དང། གཞན་དོན་གཟུགས་སྐུ་སྟེ་བཞི་དང་བརྒྱད་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར། རྒྱས་བཤད་ནི། ཐོག་མ་དབུས་མཐའ་མེད་པ་ཡི། །ཞེས་པ་ནས། ཕྱི་མ་གསུམ་ནི་གཞན་དོན་ཡིན། །ཞེས་སོ། །དབྱེ་ན། རང་དོན་དང་གཞན་དོན་གྱི་སྐྱབས་གཉིས་དང། སྒྲས་བརྗོད་ཀྱིས་ཀུན་རྫོབ་དང། དོན་དམ་པའི་སངས་རྒྱས་དཀོན་མཆོག་གཉིས་ཡོད། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནར་ཡོད། བསམ་མེད་གཉིས་མེད་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། ཡོན་ཏན་བརྒྱད་ནི། སྒྲ་རྟོག་གིས་མཐའ་བཞིར་བསམ་དུ་མེད་པ་དང། ལས་ཉོན་གཉིས་ཅི་རིགས་དང་བྲལ་ནས་མེད་པ་དང། བདེན་འཛིན་ནམ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པ་དང། ཆགས་བྲལ་དང་བཞི་སྟེ། འགོག་བདེན་གྱི་ཡོན་ཏན་དང། ལམ་གྱི་ངོ་བོ་རང་གི་སྤང་བྱས་དག་པ་དང། ཇི་ལྟ་ཇི་སྙེད་མཁྱེན་པའི་གསལ་བའི་ཡོན་ཏན་དང། རང་གི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཕྱོགས་བྱེད་པའི་ནུས་པ་དང། ཆགས་པ་དང་བྲལ་བའི་ཡོན་ཏན་ཏེ། ལམ་བདེན་གྱི་བཞི་སྟེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། ཐོགས་འགྲེལ་ལས། ཡོན་ཏན་བརྒྱད་གང་ཞེ་ན། བསམ་དུ་མེད་པ་ཉིད་དང། གཉིས་སུ་མེད་པ་ཉིད་དང། རྣམ་པར་རྟོག་པ་མེད་པ་ཉིད་དང། དག་པ་དང། མངོན་པར་གསལ་བར་བྱེད་པ་དང། གཉེན་པོའི་ཕྱོགས་ཉིད་དང། འདོད་ཆགས་དང་བྲལ་བ་དང། འདོད་ཆགས་དང་བྲལ་བའི་རྒྱུའོ། །ཞེས་གསུངས་པའི་ཕྱིར། སྔ་མ་བཞིའི་དོན་གྲུབ་སྟེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །ཞེས་དང། དར་ཊཱིཀ་ལས། འགོག་པའི་བདེན་པ་མཐའ་བཞི་པོ་གང་རུང་དུ་ཡང་བསམ་དུ་མེད་པ་དང། རྩ་བ་ལས་དང་ཉོན་མོངས་པ་གཉིས་ཅི་རིགས་པ་མེད་པ་དང། གཞི་བདེན་འཛིན་གྱི་རྟོག་པ་མེད་པ་དང། ཞེས་དང། རྒྱུད་བླ་མ་ལས། བརྟགས་མིན། སོགས་ཀྱི་དོན་ཡིན་པའི་ཕྱིར། རྟོག་མེད་ཀྱི་རྟོག་པ་ནི། ཐོགས་འགྲེལ་ལས། རྣམ་པར་རྟོག་པ་ནི་ལས་དང་ཉོན་མོངས་པ་ཀུན་ཏུ་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། ཞེས་གསུངས་པའི་ཕྱིར། ཕྱི་མ་བཞིའི་དོན་གྲུབ་སྟེ། དར་ཊཱིཀ་ལས། དག་པ་ནི་ལམ་གྱི་ངོ་བོ་སྒྲིབ་པ་དང་མ་འདྲེས་པའོ། །མངོན་པར་གསལ་བར་བྱེད་པ་ན་ཇི་ལྟ་བ་དང་ཇི་སྙེད་པ་རིག་པའོ། །གཉེན་པོའི་ཕྱོགས་ཉིད་ནི་ནུས་པའོ། །ཞེས་དང། རྒྱུད་བླ་མ་ལས། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི ཞེས་གསུངས་པའི་ཕྱིར། དབྱེ་ན། འགོག་ལམ་གཉིས་དང། ས་མཚམས་མཐོང་ལམ་ཡན་ཆད་ན་ཡོད། ཡང་སྒྲས་བརྗོད་ཀྱིས་དབྱེ་ན་དོན་དམ་པ་དང་ཀུན་རྫོབ་པའི་དེ་གཉིས་ཡོད་དེ། དགོངས་རྒྱན་ལས། ཆོས་ཀྱང་རྣམ་པ་གཉིས་ཏེ། དོན་དམ་པ་དང་མྱ་ངན་ལས་འདས་པའོ། །ཐ་སྙད་པ་ནི་ལམ་དང་སངས་རྒྱས་ཀྱི་གསུང་རབ་གླེགས་བམ་རྣམས་ཏེ། ཞེས་གསུངས་པའི་ཕྱིར། རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། དབྱེ་ན་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དང། ཐེག་དམན་གྱི་དགེ་འདུན་དཀོན་མཆོག་གཉིས་ཡོད། ས་མཚམས་མཐོང་ལམ་ཡན་ཆད་ན་ཡོད། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་ཐེག་ཆེན་འཕགས་པ། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། ཇི་བཞིན་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་པའི་ཕྱིར།

    ཡོན་ཏན་བརྒྱད་ཡོད་དེ། ཇི་ལྟ་བ་རིག་པ་དང། ཇི་སྙེད་པ་རིག་པ་དང། དེ་ལྟར་རྟོགས་པའི་སོ་སོ་རང་རིག་དང། རིག་པའི་ཡོན་ཏན་ཏེ་བཞི། ཆགས་སྒྲིབ་ལས་གྲོལ་བ་དང། ཐོགས་སྒྲིབ་ལས་གྲོལ་བ་དང། དམན་སྒྲིབ་ལས་གྲོལ་བ་དང། གྲོལ་བའི་ཡོན་ཏན་དང་བཞི་སྟེ་བརྒྱད་ལ་བྱེད་པའི་ཕྱིར་ཏེ། དར་ཊཱིཀ་ལས། དོན་བརྒྱད་པོ་ཇི་ལྟ་བ་རིག་པ་དང། ཇི་སྙེད་པ་རིག་པ་དང། སོ་སོ་རང་གིས་རིག་པ་དང། ཆགས་པའི་སྒྲིབ་པ་ལས་གྲོལ་བ་དང། ཐོགས་པའི་སྒྲིབ་པ་ལས་གྲོལ་བ་དང། དམན་པའི་སྒྲིབ་པ་ལས་གྲོལ་བ་དང། སྤྱི་གཉིས་བགྲངས་པས་རིག་པ་དང། རྣམ་པར་གྲོལ་བའོ། །ཞེས་གསུངས་པའི་ཕྱིར། ངོས་འཛིན་བཤད་ཟིན་ཏོ། །ཡང་སྒྲས་བརྗོད་ཀྱིས་307དབྱེ་ན་དུ་མ་ཡོད་དེ། དོན་དམ་པ་སློབ་པའི་རྒྱུད་ཀྱི་འགོག་ལམ་རྣམས་དང། ཀུན་རྫོབ་པ་འཕགས་པ་སློབ་པ་རྣམས་དང། ཐ་སྙད་པ་སྔར་བཤད་པའི་སྐུ་སོགས་ཡོད་པའི་ཕྱིར། སྒྲ་དོན་ནི་དེ་གསུམ་ཆོས་ཅན། དཀོན་མཆོག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིན་པོ་ཆེ་ལྟར་འབྱུང་བ་དཀོན་པ་དང། དྲི་མ་ཅི་རིགས་པ་མེད་པ་དང། འདོད་དོན་སྩོལ་བའི་མཐུ་དང་ལྡན་པ་དང། འགྲོ་བ་ལ་དགེ་བས་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང། མཆོག་ཉིད་དང། སྟོད་སྨད་སོགས་ཀྱིས་མི་འགྱུར་བའི་ཁྱད་པར་དྲུག་དང་མཚུངས་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པའི་ཕྱིར། གཉིས་པ། སྐྱབས་གསུམ་སྤྱིའི་རྣམ་བཞག་ནི། སྐྱབས་གསུམ་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཐེག་པ་གསུམ་གྱི་རིགས་ཅན་གསུམ་དང། སངས་རྒྱས་སོགས་ལ་བསྙེན་བཀུར་སོགས་ཀྱི་བྱ་བ་བྱེད་འདོད་པའི་གང་ཟག་གསུམ་དང་དྲུག་གི་དབང་དུ་བྱས་ནས་སྐྱབས་གསུམ་དུ་བཞག་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ཀུན་རྫོབ་དང་དོན་དམ་པའི་ཁྱད་པར་བཤད་པ་ལ། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ནས། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་བྱུང། ལམ་གྱི་བགྲོད་པ་མཐར་ཐུག་པར་མ་རྫོགས་ཀྱང་རྫོགས་པ་ལྟར་སྣང་བའི་ཆ་ནས་བཞག་པའི་སྐྱབས་དེ། ཀུན་རྫོབ་པའི་སྐྱབས་ཀྱི་མཚན་ཉིད་ཡིན། ས་མཚམས་སློབ་པ་འཕགས་པའི་སྐབས་ཁོ་ནར་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་སློབ་པའི་རྒྱུད་ཀྱི་ལུང་དང་སྤངས་རྟོགས་ཀྱི་ཆོས་དང་ཐེག་པ་གསུམ་གྱི་འཕགས་པ་སློབ་པ་རྣམས་གནས་སྐབས་དང་ཀུན་རྫོབ་པའི་སྐྱབས་ཡིན་ཚུལ་སོ་སོར་བཤད་ཀྱང་སྤྱིར་བཤད་ན་མཚན་ཉིད་དེ་ཐོབ་པའི་ཕྱིར། སྣང་ཚུལ་དང་གནས་ཚོད་ཀྱི་སྒོ་ནས་ཀུན་རྫོབ་པའི་སྐྱབས་དང་མཐར་ཐུག་ཏུ་མ་ཕྱིན་པའི་སྐྱབས་ཡིན་པས་གནས་སྐབས་ཀྱི་སྐྱབས་དང། འཇིགས་བཅས་ཀྱི་སྐྱབས་ཞེས་བྱ་བ་དོན་གཅིག །ལམ་མམ་དགོས་དོན་མཐར་ཐུག་པར་རྫོགས་པར་སྣང་ཞིང། དོན་ལའང་དགོས་དོན་མཐར་ཐུག་པར་རྫོགས་པའི་ཆ་ནས་བཞག་པའི་སྐྱབས་དེ། དོན་དམ་པའི་སྐྱབས་ཀྱི་མཚན་ཉིད། ས་མཚམས་མི་སློབ་པའི་སྐབས་ཁོ་ནར་ཡོད་དེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐེག་པ་གསུམ་གྱི་སློབ་པའི་ཚོགས་སམ་དགེ་འདུན་ཡང་ལམ་དེར་སླེབ་པ་དང། མཐར་ཐུག་གི་སྐྱབས་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་དང། ཐོགས་འགྲེལ་ལས། ཐེག་པ་གསུམ་པོའི་ཚོགས་ཀྱང་ཆོས་ཀྱི་སྐུ་རྣམ་པར་དག་པ་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར།

(307) པར་ཐེངས་གཉིས་པ། དབྱེ་ན་དོན་དམ།

    དེས་ན་མཐར་ཐུག་གི་སྐྱབས་དང། དོན་དམ་པའི་སྐྱབས་དང། བདེན་པའི་སྐྱབས་དང། མི་སླུ་བའི་སྐྱབས་རྣམས་དོན་གཅིག་སྟེ། ཐོགས་འགྲེལ་ལས། སྐྱོབ་པ་མེད་ཅིང་སྐྱབས་མེད་པའི་འཇིག་རྟེན་ཕྱི་མའི་མཐའི་མུ་དང་མཉམ་པ་མི་ཟད་པས་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མུ་ཞེས་པ་མཐའི་མིང་དང་འཇིག་རྟེན་གྱི་འཁོར་བའི་ཕྱི་མཐའ་དང་མཉམ་པའི་མི་ཟད་པས་སྐྱབས་ཏེ། སེམས་ཅན་རེ་རེའི་གནས་སྐབས་ལ་མཐའ་ཡོད་པ་ལྟར་སངས་རྒྱས་ཀྱི་གནས་སྐབས་མི་ཟད་པ་དང། རྟག་པའི་སྐད་དོད་བདེན་པར་བཤད་པ་མང་བས་བདེན་པའི་སྐྱབས་དང། མི་སླུ་བའི་སྐྱབས་དང། གཡུང་དྲུང་གི་སྐྱེ་འཆི་སྤངས་པའི་སྐྱབས་སུ་བཤད་པའི་ཕྱིར། བཞི་པ་རྒྱུ་འབྲས་ཀྱི་སྐྱབས་ནི། གཅིག་ལ་མཚོན་ན་ཐེག་པ་གསུམ་གྱི་ཚོགས་རང་རང་གི་སྟོན་པ་སོགས་ཀྱི་དཀོན་མཆོག་རྒྱུ་སྐྱབས་དང། དེའི་ཐོབ་འགྱུར་གྱི་དཀོན་མཆོག་གསུམ་འབྲས་སྐྱབས་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། རིགས་ཅན་གཞན་གཉིས་ཀྱི་ཡང་རྒྱུའི་སྐྱབས་གསུམ་དང། འབྲས་བུའི་སྐྱབས་གཉིས་ཀྱང་གོ་བར་འགྱུར་མོད། ཅེས་གསུངས་པའི་ཕྱིར། སློབ་པའི་རྒྱུད་ཀྱི་ལུང་རྣམས་ཆོས་ཅན། གཏན་གྱི་སྐྱབས་མིན་ཏེ། དོན་མངོན་པར་རྟོགས་པ་མཐར་ཐུག་པའི་ཕྱིར་དུ་ཐོས་བསམ་གྱིས་བརྟེན་པར་བྱ་ལ། དོན་མངོན་པར་རྟོགས་པ་མཐར་ཐུག་པའི་ཚེ་དེ་ལ་བརྟེན་མི་དགོས་པ་གཟིངས་ལྟ་བུ་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར། ཞེས་དང། ཐོགས་འགྲེལ་ལས། དེ་ཡང་ལམ་མངོན་པར་རྟོགས་པ་མཐར་ཐུག་པའི་ཕྱིར་ན་གཟིངས་ལྟ་བུའོ། །ཞེས་བཤད་དོ། །ཞེས་དང། རྒྱན་ལས། དོན་ཤེས་པ་ཡི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་བསྟན། །ཞེས་སོ། །སློབ་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། གཏན་གྱི་སྐྱབས་མིན་ཏེ། གཟིགས་ངོར་དྲི་མ་མཐའ་དག་མེད་ཀྱང་དོན་ལ་གཉེན་པོས་དྲི་མ་སྤངས་པ་མ་ཡིན་པས། དེར་སྣང་དེས་སྟོང་ཚོགས་པའི་རྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། བསླུ་བའི་ཆོས་ཅན་ཕྱིར། །ཞེས་སོ། །དམན་པའི་ལྷག་མེད་མྱང་འདས་ཆོས་ཅན། གཏན་གྱི་སྐྱབས་མ་ཡིན་ཏེ། རགས་པའི་སྡུག་ཀུན་མེད་པས་རབ་ཏུ་ཕྱེ་ཙམ་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། མེད་ཕྱིར། ཞེས་དང། གཏན་སྐྱབས་མིན་ཏེ། ཞེས་དང། ཐོགས་འགྲེལ་ལས། སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ། མེད་པ་ནི་སྐྱབས་སམ་སྐྱབས་མ་308ཡིན་པར་འོས་པ་མིན་ནོ། །ཞེས་གསུངས་པའི་ཕྱིར། སློབ་པ་འཕགས་པ་ཆོས་ཅན། གཏན་སྐྱབས་མིན་ཏེ། ཤེས་སྒྲིབ་ཀྱི་འཇིགས་པ་དང། ངེས་འབྱུང་ཚོལ་བ་དང། སྐྱབས་ཚོལ་བ་གསུམ་གང་རུང་ཡིན་པའི་ཕྱིར་ཏེ། རྒྱུད་བླ་རྩ་བར། 309འཇིགས་ཕྱིར། །ཞེས་དང། ཐོགས་འགྲེལ་ལས། དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བ། ངེས་པར་འབྱུང་བ་ཚོལ་བ་སློབ་པ་བྱ་བ་དང་བཅས་པ་དང། ནས། སློབ་པའི་ཕྱིར་འཇིགས་པ་མེད་པ་ཁྱུ་མཆོག་གི་གནས་ཐོབ་པར་བྱ་བའི་ཕྱིར་ཞུགས་པ། ཞེས་གསུངས་པའི་ཕྱིར།

(308) པར་ཐེངས་གཉིས་པ། ཡིན་པར་འགྱུར་བར་འོས།

(309) པར་ཐེངས་གཉིས་པ། འཇིགས་དང་བཅས་པའི་ཕྱིར། །

    ལྔ་པ་སྐྱབས་འགྲོའི་ངོ་བོ་ནི་ཀུན་རྫོབ་དང་དོན་དམ་པའི་དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་ཤེས་པ་དང། ཁས་བླངས་སོགས་ཀྱིས་བསྡུས་པའི་ཤེས་རབ་གཙོ་འཁོར་ཅི་རིགས་དེ། སྐྱབས་འགྲོའི་ངོ་བོ་ཡིན་ཏེ། རྒྱན་ལས། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་པར། །དབྱེ་བའི་རང་བཞིན་དོན་རྣམ་བཞི་ཡི་ཁྱད་པར་གྱིས། །ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང། །དེ་ནི་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྡུད་པར་བཤད་པ་དང། ཕར་ཕྱིན་བསྡུས་པ་ལས། སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང། །བདེ་གཤེགས་ཡོན་ཏན་ཐོབ་མོས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ལ མདོར་བསྡུས་སྐྱབས་སུ་སོང་བ་ཡིན། །ཞེས་དང། ཡང་དེ་ཉིད་ལས། བྱང་ཆུབ་མཆོག་གི་ཕྱོགས་ཀྱི་ཆོས། །བདག་དོན་མ་ཡིན་གཞན་དོན་དུ། །སྙིང་རྗེ་ཆེན་པོ་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཞེས་དང། ཡང་དེ་ཉིད་ལས། བྱང་ཆུབ་སེམས་མཆོག་མི་ལྡོག་དང། །310དབང་དང་ཚད་མེད་ཡོན་ཏན་གྱིས། །བརྒྱན་པའི་ཡོན་ཏན་གང་ཚོལ་བ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །ཞེས་གསུངས་པའི་ཕྱིར། ཐེག་ཆེན་གྱི་སྐྱབས་འགྲོ་ལ་དེ་འདྲ་དགོས་ཀྱང་མང་དོགས་ནས་མ་སྤྲོས། ཐུན་མོང་བ་དང་ཕལ་པ་གོ་བར་ཟད། དེས་ན་སྐྱབས་འགྲོའི་ཁོངས་སུ་མ་འདུས་པའི་ཐེག་པ་གསུམ་གྱི་ལམ་མེད་པར་ཤེས་དགོས་ཏེ། དར་ཊཱིཀ་ལས། སྐྱབས་འགྲོ་འདི་ལ་གོ་བ་ལེགས་པར་ཆགས་ན་གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་སྐྱབས་འགྲོ་བྱས་པའི་ཡན་ལག་ཏུ་ཤེས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་སྐྱབས་འགྲོ་ནི་རྒྱ་ཆུང་ངུ་མ་ཡིན་ཏེ། མི་ཤེས་པ་ཁ་ཅིག་དེ་འདྲ་མ་གོ་ནས་ཇོ་བོ་དང་ཤནྟི་བར་ཟུར་ཟ་བ་དང། མཁས་པར་རློམས་པ་ལ་ལས་ཁེངས་སྐྱུངས་ཁུལ་བྱས་ནས་སྐྱབས་འགྲོ་རེ་ཙམ་བྱེད་ཀྱིན་ཡོད་ཟེར་བ་སོགས་ནི་བླུན་གཏམ་གསལ་བར་བསྟན་པའི་ཕྱིར་རོ། །དར་ཊཱིཀ་ལས། ཁ་ཅིག་ཉམས་ལེན་དེ་ཙམ་མི་བྱེད་པའི་ཁེངས་སྐྱུངས་ཁུལ་བྱས་ནས། ཞེས་པ་ནས། བླུན་པོ་འབའ་ཞིག་གི་གཏམ་མོ། །ཞེས་སོ། །སྐྱབས་ཀྱི་དོན་དང་ཡོངས་སུ་སྐྱོབ་པའི་དོན་ཉོན་མོངས་ནས་ཐེག་དམན་གྱི་བར་ལས་བསྐྱབ་པ་དང། སྐྱོབ་པའི་དོན་ཡིན་ཏེ། རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང། །ཉེས་པར་སྤྱོད་པ་ཐམས་ཅད་དང། །རྒ་དང་འཆི་བ་དག་ལས་ཀྱང། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབ། །ནས། དེ་ཕྱིར་སྐྱབས་ཀྱི་དམ་པ་འོ ཞེས་གསུངས་པའི་ཕྱིར།

(310) པར་ཐེངས་གཉིས་པ། དཔང།

    རྩོད་སྤོང་ལ་ཁོ་ན་རེ། རྒྱུ་སྐྱབས་དང་འབྲས་སྐྱབས་འགལ་བར་ཐལ། གང་ཟག་དེའི་རྒྱུ་སྐྱབས་དང་དེའི་འབྲས་སྐྱབས་འགལ་བའི་ཕྱིར་ན་མ་ཁྱབ། འདོད་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། རྒྱུ་སྐྱབས་མ་ཡིན་པར་ཐལ། འབྲས་སྐྱབས་ཡིན་པའི་ཕྱིར་ཏེ། ཁྱེའུ་སྣང་བྱེད་དང་ང་ལས་ནུའི་འབྲས་སྐྱབས་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་གི་གདུལ་བྱ་ཐེག་པ་གསུམ་གྱི་གང་ཟག་གི་རྒྱུ་སྐྱབས་ཡིན་པའི་ཕྱིར། དེར་ཐལ། སངས་འཕགས་ཡིན་པའི་ཕྱིར། ཡང་ཁ་ཅིག དེའི་འབྲས་སྐྱབས་ཡིན་ན་དེའི་འབྲས་བུ་ཡིན་དགོས་ཟེར་ན། འོ་ན། བྱང་སེམས་ཚོགས་ལམ་པའི་ཐོབ་བྱའི་ངོ་བོ་ཉིད་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། ཡང་ཁོ་ན་རེ། འགོག་བདེན་དང་ལམ་བདེན་གཉིས་ཆོས་ཅན། དོན་དམ་པའི་སྐྱབས་ཡིན་པར་ཐལ། དོན་དམ་པའི་སྐྱབས་གསུམ་གང་རུང་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དོན་དམ་པའི་དགེ་འདུན་དཀོན་མཆོག་དང། དོན་དམ་པའི་ཆོས་དཀོན་མཆོག་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། ཆོས་དཀོན་མཆོག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡིན་ན་དོན་དམ་པའི་དེ་གཉིས་ཡིན་པས་ཁྱབ་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། མཐར་ཐུག་གི་སྐྱབས་མ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དོན་དམ་པའི་སྐྱབས་གསུམ་འགལ་བར་ཐལ། ཀུན་རྫོབ་པའི་སྐྱབས་གསུམ་འགལ་བའི་ཕྱིར་ན་མ་ཁྱབ་སྟེ། རྣམ་མཁྱེན་དེ་དོན་དམ་པའི་སྐྱབས་གསུམ་ག་ཡིན་པའི་ཕྱིར། དེར་ཐལ། དོན་དམ་པའི་སངས་རྒྱས་དང་དོན་དམ་པའི་དགེ་འདུན་གཉིས་ཀ་ཡིན་པ་གང་ཞིག །དོན་དམ་པའི་ཆོས་དཀོན་མཆོག་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སངས་འཕགས་ཀྱི་རྒྱུད་ཀྱི་ལམ་བདེན་ཡིན་པའི་ཕྱིར།

 

སྨྲས་པ།

སྣ་ཚོགས་ལས་ཉོན་ཆུ་སྲིན་འཛིན་ཁྲིས་གང། །

སྐྱེ་རྒ་ན་འཆིའི་རྦ་ཀློང་ཆེར་འཁྲུག་པའི། །

འཁོར་བའི་རྒྱ་མཚོ་རྒལ་བྱེད་སྐྱབས་གསུམ་གྲུར། །

རབ་ཞུགས་སྐུ་གསུམ་རིན་ཆེན་311རྙེད་པ་རྨད། །

(311) པར་ཐེངས་གཉིས་པ། ཐེམ་སྐས།

    རྒྱ་བོད་དྲན་དབང་བྱེ་བས་བགྲོད་དཀའི་གནས། །གྲུབ་མཐའ་སོ་སོའི་ལུགས་མང་ཆུ་གཏེར་ཚོགས། །མཐོང་ཡང་ངོམས་མིན་དངོས་བརྒྱད་བཱ་ད་312རིའི། །གླིང་བགྲོད་མཁྱེན་གསུམ་ནོར་བུ་ཐོབ་པ་འདི། །རྨི་ལམ་མིན་ནམ་བསྐལ་པ་དུ་མ་རུ རྐང་གཉིས་མཆོག་གྱུར་དེད་དཔོན་བསྟེན་ནམ་མཚར། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

(312) པར་ཐེངས་གཉིས་པ། རའི།

                                                                                                                               རྩོམ་སྒྲིག་པ། མང་ར་བ།

                  གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།