ཀུན་མཁྱེན་ཕར་ཕྱིན་ལས་བདེན་བཞི།

གཉིས་པ་དམིགས་ཡུལ་བདེན་བཞི་འཆད་པར། རྩ་བར། བདེན་པ་རྣམས་དང་ནི། །ཞེས་དང། འགྲེལ་པར། སྡུག་བསྔལ་ལ་གཟུགས་ལ་སོགས་པ་འབྲས་བུར་གྱུར་པའི། ནས། བདེན་པ་ལ་འདོམས་པ་དང། ཞེས་བྱུང། འཕྲོས་སྦྱོར་མཐའ་དཔྱད་གསུམ། དང་པོ་ནི། ཡུམ་བར་པ་ལས། ཤཱ་རིའི་བུ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ནས། བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་བརྩོན་ཞེས་བྱ་བའམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང། ཞེས་པའི་བདེན་པ་བཞི་འཆད་པར། རྩ་བར། བདེན་པ་རྣམས་དང། ཞེས་བྱུང། འགྲེལ་བའི་དྲངས་མ་ཐག་པ་འདི་བྱུང། གཉིས་པ་ནི། དེའི་བར་གྱི་མདོ་ཚན་བཞི་ཆོས་ཅན། བདེན་བཞི་ལ་འདོམས་པ་ཡིན་ཏེ། བདེན་བཞི་ལ་ཤེས་པ་དང། སྤང་བ་དང། མངོན་དུ་བྱ་བ་དང། བསྒོམ་པར་བྱ་ལ། དོན་དམ་པར་ཤེས་སྤང་མངོན་བསྒོམ་བཞི་བྱར་མེད་པར་འདོམས་པའི་གདམས་ངག་ཡིན་པའི་ཕྱིར། སོ་སོའི་མདོ་གསེར་ཕྲེང་ལས་སོ། །
མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། རང་རྒྱུ་ཀུན་འབྱུང་བདེན་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་ཟག་བཅས་དེ། སྡུག་བདེན་གྱི་མཚན་ཉིད་ཟེར་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། སྡུག་བདེན་ལ་སྣོད་བཅུད་གཉིས་ཡོད་པའི་ཕྱིར། ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་སྨིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གི་རྒྱུད་ཀྱིས་བསྡུས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མཛོད་ལས། སེམས་ཅན་བརྗོད། ཅེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་ཡིན་པར་ཐལ། སྡུག་བདེན་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་གསུངས་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། སྡུག་བདེན་ལ་སྣོད་བཅུད་གཉིས་ཡོད་ཀྱང་ཡིད་འབྱུང་བའི་ཆེད་དུ་ཉེར་ལེན་གྱི་ཕུང་པོ་བཤད་པའི་ཕྱིར། སྡེ་བདུན་རྒྱན་ལས། སྡུག་བསྔལ་བདེན་པ་ལ་མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་དག་གིས་བསྡུས་པའི་སྒོ་ནས་མཚན་གཞི་རྒྱ་ཆེར་བཤད་དུ་ཡོད་མོད་ཀྱང་འདིར་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཁོ་ན་སྡུག་བསྔལ་བདེན་པའི་མཚན་གཞིར་སྨོས་པ་ནི། ཞེས་གསུངས་པའི་ཕྱིར། གཞན་ཡང། འཕེན་བྱེད་དགེ་བའི་ལས་ཆོས་ཅན། མཚན་ཉིད་དེར་ཐལ། སྡུག་བདེན་ཡིན་པའི་ཕྱིར། དེར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་འབྱུང་བདེན་པ་ལ་སྡུག་བདེན་གྱིས་ཁྱབ་ཀྱང་སྡུག་བདེན་ལ་ཀུན་འབྱུང་བདེན་པས་མ་ཁྱབ་པའི་ཕྱིར་ཏེ། གསེར་ཕྲེང་ལས། 275ཀུན་འབྱུང་ལ་དེས་ཁྱབ་ཀྱང་སྡུག་བདེན་ལ་དེས་མ་ཁྱབ་པ་ནི། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རྣམ་སྨིན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལུང་མ་བསྟན་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་འབྲས་སྡུག་བདེན་གྱི་རྣམ་སྨིན་གྱི་རྒྱུར་གྱུར་པའི་ཟག་བཅས་དེ། ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། ཁམས་གོང་མའི་སྐྱེ་བ་འཕེན་བྱེད་ཀྱི་ཉོན་མོངས་ཆོས་ཅན། རང་འབྲས་སྡུག་བདེན་གྱི་རྣམ་སྨིན་གྱི་རྒྱུ་ཡིན་པར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། དེར་ཐལ། རང་འབྲས་འཁོར་བ་སྐྱེད་པའི་ལས་དང་ཉོན་མོངས་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་གང་རུང་ལ་ཀུན་འབྱུང་གིས་ཁྱབ་པའི་ཕྱིར་ཏེ། ཀུན་བཏུས་ལས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་འབྱུང་བའི་ལས་སོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་ཡིན་པར་ཐལ། རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་གསུངས་པའི་ཕྱིར། འདི་ཐུན་མོང་གི་ལུགས་ཙམ་ཡིན་ནོ། །འདོད་མི་ནུས་ཏེ། ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། གོང་མའི་སས་བསྡུས་ཀྱི་ཉོན་མོངས་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། སྡུག་བསྔལ་ལ་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་དབྱེར་ཡོད་ཟེར་ན། དེ་གསུམ་གང་རུང་ཡིན་ན་སྡུག་བསྔལ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་ཆོས་ཅན། དེར་ཐལ། དེ་གསུམ་གང་རུང་ཡིན་པའི་ཕྱིར། འགྱུར་བའི་སྡུག་བསྔལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བདེ་བ་ཡིན་པའི་ཕྱིར། གཞན་ཡང། གཟུགས་མེད་ཁམས་པའི་རྒྱུད་ཀྱི་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་ཡིན་པར་ཐལ། དེ་གསུམ་གང་རུང་ཡིན་པའི་ཕྱིར། འདུ་བྱེད་ཀྱི་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁམས་གོང་མའི་སས་བསྡུས་ཡིན་པའི་ཕྱིར། ཡང་ཁ་ཅིག །མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཚོགས་དོན་སྡུག་བདེན་གྱི་མཚན་ཉིད་སོགས་ཟེར་ན། གང་ཟག་ཀྱང་འཕེན་མོད། འོ་ན། མི་རྟག་སོགས་བཅུ་དྲུག་པོ་བདེན་བཞིའི་ཐུན་མོང་མ་ཡིན་པའི་འཇོག་བྱེད་དུ་གསུངས་པར་ཐལ། བཞི་བཞིའི་སྒོ་ནས་མཚན་ཉིད་བྱེད་རིགས་པའི་ཕྱིར། འདོད་མི་ནུས་ཏེ། དེ་བཅུ་དྲུག་ལྟ་ལོག་བཅུ་དྲུག་སྤྱད་པ་ལྡོག་ཆེད་དུ་གྲུབ་མཐའ་བཞི་ལ་གྲུབ་པའི་ཕྱིར། གསེར་ཕྲེང་ལས། དེས་ན་ལྟ་བ་སྤྱད་པ་བཅུ་དྲུག་པོ་དེ་དག་གི་ཕྱིར་དུ་རྣམ་པ་བཅུ་དྲུག་ཏུ་བཞག་གོ །ཞེས་གསུངས་པའི་ཕྱིར།
(275) པར་ཐེངས་གཉིས་པ། ཀུན་འབྱུང་ལ་སྡུག་བདེན་གྱིས་ཁྱབ་ལ་སྡུག་བདེན་ལ་དེས་མ་ཁྱབ་སྟེ།
གཞན་ཡང། སྡུག་བདེན་ཚད་མས་ངེས་ན་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་རྟོགས་ཟིན་པས་ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། མཚན་ཉིད་ཀྱིས་མཚོན་པ་ལ་མཚན་ཉིད་ཐོག་མར་རྟོགས་པ་ལ་ལྟོས་པས་མཚན་ཉིད་རྫས་ཡོད་དང། མཚོན་བྱ་དེ་ལ་ལྟོས་པས་བཏགས་ཡོད་དུ་བཤད་པའི་ཕྱིར། འདི་ལྟར་མ་ཤེས་པར་ཡོད་ཁྱབ་མཉམ་དང། ཡིན་ཁྱབ་མཉམ་གང་རུང་རེས་མཚན་ཉིད་དུ་བཞག་པ་རིགས་སྨྲ་མཁས་པའི་མདུན་སར་རང་རྒྱལ་མཚན་དུ་འཛུགས་མཁན་མང་ངོ་། །རྩ་བར་འདོད་ན། སྡུག་བདེན་མི་རྟག་སོགས་སུ་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། དེ་ཚད་མས་ངེས་ན་དེ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་ངེས་པས་ཁྱབ་པའི་ཕྱིར། འདོད་ན། དེ་མི་རྟག་པར་བསྒྲུབ་མི་ནུས་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཅིག་མེད་པའི་ཕྱིར། དེ་བཞིན་དུ་ཁྱད་གཞི་མ་རྟོགས་པར་ཁྱད་ཆོས་རྟོགས་པར་ཐལ་བ་དང། ཁྱད་པར་བཞི་རེ་རེ་རྟོགས་པ་ནའང་བཞི་ཀ་རྟོགས་པས་ཁྱབ་པར་ཐལ་བ་སོགས་གནོད་བྱེད་མང་དུ་འཇུག་གོ །ཡང་ཁ་ཅིག་ན་རེ། སྡུག་ཀུན་སྤང་བྱ་མིན་ཟེར་ན། འགོག་ལམ་བླང་བྱར་བྱེད་ཚུལ་མེད་པར་ཐལ། སྡུག་བདེན་གྱི་ཉེས་དམིགས་མཐོང་ནས་276དེའི་རྒྱུ་ཀུན་འབྱུང་གི་བྱེད་ལས་གཉིས་ཀ་སྤོང་བའི་ཆེད་དུ་འགོག་ལམ་ལ་འཇུག་ཅིང་བླང་བྱར་མི་བྱེད་པའི་ཕྱིར། དེར་ཐལ། སྡུག་ཀུན་སྤང་བྱར་མི་བྱེད་པའི་ཕྱིར་ཏེ། དེ་གཉིས་སྤང་བྱ་མ་ཡིན་པའི་ཕྱིར། འོ་ན། དེ་གཉིས་གང་རུང་ཡིན་ན་སྤང་བྱ་ཡིན་དགོས་པར་ཐལ། དེ་གཉིས་སྤང་བྱ་ཡིན་པའི་ཕྱིར། འདོད་ན། འཕེན་བྱེད་དགེ་བའི་ལས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ལས་ཀྱི་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བླང་བྱ་ཡིན་པའི་ཕྱིར། དེར་ཐལ། གནས་སྐབས་ཀྱི་བླང་བྱ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གནས་སྐབས་ཀྱི་བླང་བྱ་ཡིན་ཀྱང་སྤྱིར་འཁོར་བའི་རྒྱུ་ཡིན་པས་སྤོང་དགོས་པའི་ཕྱིར་ཏེ། བཞི་བརྒྱ་པ་ལས། ཡུལ་ནི་དགེ་བས་ཡིད་འོང་ན། །ཡུལ་དེའང་ངན་པར་བརྩི་བ་ཡིན། །ཞེས་དང། དེའི་འགྲེལ་པ་ལས། ཡུལ་ཡིད་དུ་འོང་བ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་གང་ཡིན་པ་དེ་ནི། དགེ་བའི་ལས་ཀྱིས་ཐོབ་ན་དེ་ཉིད་ཐར་པ་འདོད་པའི་སེམས་ཅན་རྣམས་ཀྱིས་མི་གཙང་བས་བསྡུས་པས་ཁྱི་ལྟར་སྨད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྨད་པའི་རྒྱུ་མཚན་ཡང་འཁོར་བའི་འཆིང་བ་ཡིན་པའི་ཕྱིར་ཏེ། བརྒྱ་པའི་འགྲེལ་པ་ལས། དེ་རྣམས་ལ་ཆོས་ལ་ཆགས་པ་འཁོར་བའི་བཙོན་རའི་ཁང་བར་འཆིང་བ་ཉིད་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུ་མཚན་གྱིས་དེ་འདྲའི་ཆོས་སྤང་དགོས་པར་རྡོ་རྗེ་གཅོད་པར་བཤད་པའི་ཕྱིར་ཏེ། བརྒྱ་པའི་འགྲེལ་པར་མདོ་དྲངས་པ་ལས། གང་གི་ཕྱིར་ཆོས་ཀྱི་རྣམ་གྲངས་གཟིངས་དང་འདྲ་བ་ཀུན་ནས་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཉིད་སྤང་བར་བྱ་བ་ཡིན་ན་ཆོས་མ་ཡིན་པ་དག་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར། ཞེས་སོ། །
(276) པར་ཐེངས་གཉིས་པ། དེས་ཀུན།
ལང་གཤེགས་ན་མང། དེ་ལ་ཁོ་ན་རེ། དེ་ཆོས་ཅན། སྤང་བྱ་མ་ཡིན་པར་ཐལ། དགེ་བ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དགེ་བ་ཡིན་ཀྱང་277ཟས་དུག་ཅན་ལྟར་འཁོར་བར་འཆིང་བྱེད་ཡིན་པས་སྤང་དགོས་པའི་ཕྱིར། ཡང་ཁོ་ན་རེ། དེ་གང་རུང་ལ་སྤང་བྱ་མི་དགོས་པར་ཐལ། སྡུག་བདེན་དུ་གྱུར་པའི་འཕགས་པ་ཡོད། ཀུན་འབྱུང་བདེན་པར་གྱུར་པའི་ཚོགས་སྦྱོར་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ལས་ཉོན་གྱིས་འཁོར་བར་སྐྱེ་བ་ལེན་པའི་འབྲས་གནས་དང་པོ་གསུམ་ཡོད་པའི་ཕྱིར་ན་མ་ཁྱབ། ཁྱབ་སྟེ། དེ་དག་སྡུག་བདེན་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཡིན་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། མ་དག་པའི་སྣོད་ཕྱི་དང། ཉེར་ལེན་གྱི་ཕུང་པོ་ནང་གི་སྡུག་བདེན་དུ་བཤད་པ་ཙམ་ཡིན་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། ཚོགས་ལམ་དུ་གྱུར་པའི་སེམས་པ་དང་སྦྱོར་ལམ་དུ་གྱུར་པའི་སེམས་པ་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར་ཏེ། བསྡུ་བ་ལས། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི་སྲིད་པ་ལ་མི་ཕྱོགས་པ་ཡིན་མོད་ཀྱི། འོན་ཀྱང། ཡང་འབྱུང་བ་པའི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་རྗེས་སུ་མཐུན་པར་བསྟན་པས་དེའི་ཕྱིར། དེ་དག་ཀྱང་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཡང་དགེ་བ་ཟག་བཅས་ཡིན་པས་རྣམ་སྨིན་གྱི་རྒྱུ་བྱེད་པ་ལས་ཀྱི་ཀུན་འབྱུང་དང་འདྲ་བས་ཀུན་འབྱུང་མིན་ཀྱང་རྗེས་མཐུན་པར་བསྟན་ཙམ་ཡིན་པའི་ཕྱིར། དེར་ཐལ། རྗེས་མཐུན་ཞེས་པས་དངོས་གནས་གཅོད་པའི་ཕྱིར་ཏེ། གསེར་ཕྲེང་ལས། ཡང་སྲིད་འཕེན་པའི་ལས་ཀྱི་ཀུན་འབྱུང་དགེ་བ་དང་ཟག་བཅས་ཀྱི་རྒྱུ་ཡིན་པ་ཙམ་དུ་མཐུན་པས་དེས་བསྡུས་པར་གསུངས་པས་སོ། །ཞེས་གསུངས་པའི་ཕྱིར། འདི་ལམ་རིམ་གཉིས་ཀྱི་ཞལ་བསྡུར་བའི་ལེགས་བཤད་ཡིན་ནོ། །གཞན་ཡང། དེ་ཀུན་འབྱུང་བདེན་པ་ཡིན་པ་མི་འཐད་པར་ཐལ། དེ་སྲིད་པ་འཇོམས་བྱེད་ཀྱི་ལམ་བདེན་གྱི་འཁོར་ཡིན་པའི་ཕྱིར། དེར་ཐལ། དུས་མཉམ་དུ་འཁོར་མིན་ཀྱང་དེ་འདྲེན་བྱེད་སྔོན་དུ་འགྲོ་བའི་278འཁོར་དུ་བྱས་ནས་ལམ་ལྔ་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ལས། ལམ་གྱི་བདེན་པ་གང་ཞེ་ན། ནས། 279ལམ་ཡང་རྣམ་པ་ལྔ་སྟེ། ཚོགས་ཀྱི་ལམ་དང། སྦྱོར་བའི་ལམ་དང། མཐོང་བའི་ལམ་དང། སྒོམ་པའི་ལམ་དང། མཐར་ཕྱིན་པའི་ལམ་མོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ས་བོན་སྤངས་པའི་དབང་དུ་བྱས་ན་འཕགས་ལམ་དགོས་ཀྱང་མངོན་གྱུར་པ་ཡང་སྤང་བྱ་ཡིན་པས་དེ་སྤོང་བ་ལ་ཚོགས་སྦྱོར་ཡང་ལམ་བདེན་གྱི་འཁོར་དུ་བྱེད་དགོས་པའི་ཕྱིར་ཏེ། ཀུན་བཏུས་འགྲེལ་བ་རྒྱལ་སྲས་མ་ལས། རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་སྐབས་ཀྱིས་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས། དེ་ལྟ་ན་མངོན་གྱུར་ཡིན་ན་སྤང་བྱ་མ་ཡིན་དགོས་ཏེ། གཉེན་པོ་ཡིན་ན་ས་བོན་འབའ་ཞིག་འཇོམས་དགོས་པས་སོ། །ཞེས་གསུངས་པའི་ཕྱིར། འོ་ན། དེ་གཉིས་ལམ་བདེན་ཡིན་པར་ཐལ། གཙོ་འཁོར་གྱི་སྐབས་སུ་དེ་གཉིས་ལམ་བདེན་དུ་བསྡུས་པའི་ཕྱིར་ན་མ་ཁྱབ་སྟེ། རྣམ་བཤད་དང་རྒྱུད་བླ་དང་ཀུན་བཏུས་ཀྱི་དར་ཊཱིཀ་ལྟར་བྱའོ། །
(277) པར་ཐེངས་གཉིས་པ། ཟག་བཅས་དུག་ཅན།
ཡང་ཁ་ཅིག །རང་འབྲས་སྡུག་བདེན་སྐྱེད་པའི་ཟག་བཅས་ཀྱི་སྤང་བྱ་དེ་ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། ཕུང་པོ་བདེན་འཛིན་ཆོས་ཅན། ཀུན་འབྱུང་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། སྡུག་བདེན་ཡིན་པར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། འདོད་ན། འཁོར་བ་སྤངས་པའི་ཉན་རང་དགྲ་བཅོམ་ལྷག་མེད་པའི་རྒྱུད་ལ་ཁྱོད་མེད་པར་ཐལ། ཁྱོད་ནང་གི་སྡུག་བདེན་ཡིན་པའི་ཕྱིར། ཁྱབ་སྟེ། ནང་གི་སྡུག་བདེན་དང་འཁོར་བ་དོན་གཅིག་པའི་ཕྱིར་ཏེ། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །སྡུག་བདེན་ཕྲ་མོ་མེད་པར་ཐལ། སྡུག་བདེན་ཡིན་ན་སྡུག་བདེན་རགས་པ་ཡིན་དགོས་པའི་ཕྱིར་ན་ཐུན་མོང་གི་དབང་དུ་བྱས་ན་མ་ཁྱབ། འདོད་ན། བདེན་བཞི་ཕྲ་རགས་དང་བདུད་བཞི་ཕྲ་རགས་མེད་པར་ཐལ། སྡུག་བདེན་ཕྲ་མོ་མེད་པའི་ཕྱིར། འདོད་ན། འཁོར་བ་རགས་པ་སྤངས་པས་འཁོར་བའི་ཕ་རོལ་ཏུ་ཕྱིན་པར་ཐལ། འཁོར་བའི་ཕ་རོལ་ཏུ་འགྲོ་བ་ལ་འཁོར་བ་རགས་པ་དང། ཕྲ་བ་དང། ཤིན་ཏུ་ཕྲ་བ་གསུམ་སྤང་མི་དགོས་པའི་ཕྱིར། ཁྱབ་སྟེ། དེ་གསུམ་གྱི་མཚན་གཞི་ཉེར་ལེན་གྱི་ཕུང་པོ་དང། མ་དག་ས་བདུན་གྱི་ཡིད་ལུས་དང། དག་ས་གསུམ་དང་དགྲ་བཅོམ་ལྷག་མེད་པའི་ཡིད་ལུས་ཕྲ་མོ་གསུམ་སྤང་དགོས་པ་གང་ཞིག །དེ་གསུམ་ལ་འཁོར་བའི་མིང་གིས་མདོ་དང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་ཀྱིས་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱུད་བླ་མ་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང། དེའི་འགྲེལ་པའི་གྲུབ་དོན་ལས། 280གང་གི་ཕྱིར་ནས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་བཞིན་སྐུ་ཁོ་ན་རྟག་པའི་ཕ་རོལ་ཏུ་ཕྱིན་པ། བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། སྡུག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཉེར་ལེན་གྱི་འཁོར་བ་ནི། རྒྱུད་བླ་མ་ལས། མེ་གསུམ་འཆི་དང་ན་བ་དང། །རྒ་བའི་མེ་གསུམ། ཞེས་དང། ཐོགས་འགྲེལ་ལས། ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བ་ཙམ། ཞེས་བྱུང། མ་དག་ས་བདུན་དུ་སྙིང་རྗེ་དང། སྨོན་ལམ་གྱི་ཡིད་ལུས་ལེན་ཚུལ་རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང། །ནས། སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང། །འཆི་དང་རྒ་དང་ན་བར་སྟོན། །ཞེས་དང། དེའི་ཐོགས་འགྲེལ་ལས། མ་དག་པ་དང་དག་པའི་གནས་སྐབས་ན་ཡིད་ཀྱི་རང་བཞིན་གྱི་ལུས་ཐོབ་པའི། ནས། སྙིང་རྗེས་ཁམས་གསུམ་དུ་ཡང་དག་པར་སྦྱོར་རོ། །ཞེས་གསུངས། དག་ས་གསུམ་གྱི་ཡིད་ལུས་འབད་རྩོལ་རགས་པ་ཞི་བའི་མཛད་པ་ལྷུན་གྲུབ་རྗེས་མཐུན་པ་སངས་རྒྱས་དང་འདྲ་ཚུལ། རྒྱུད་བླ་མ་ལས། བྱ་བ་སྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང། །ནས། ཐོགས་མེད་བློ་ལྡན་དེ་ཡི་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། རིན་ཆེན་ཕྲེང་བ་ལས། འོན་ཀྱང་དེ་ཡི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་དང། ཐོགས་འགྲེལ་ལས། 281འདི་ལྟར་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་ཡིན་པར་འདོད་དོ། །དེ་ནི་ཟག་པ་མེད་པའི་དགེ་བའི་རྩ་བས་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ནས། བཅོམ་ལྡན་འདས་དེའི་སླད་དུ་འདུས་བྱས་པ་དང་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་པ་དང་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང། རྒྱུད་བླ་དར་ཊཱིཀ་ལས། ལས་ཉོན་གྱི་མྱ་ངན་ལས་འདས་པ་ཡིན་ལ། ཤེས་སྒྲིབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་དབང་གིས་འཁོར་བར་འཁོར་བའོ། །ཞེས་གསུངས་པའི་ཕྱིར།
(280) པར་ཐེངས་གཉིས་པ། གང་གི་གཉེན་པོ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་རྣམ་པར་བཞག་པ་སྟེ།
འདི་ལྟ་སྟེ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང། བདག་གི་ཕ་རོལ་ཏུ་ཕྱིན་པ་དང།
གཙང་བའི་ཕ་རོལ་ཏུ་ཕྱིན་པའོ།།
(281) པར་ཐེངས་གཉིས་པ། འཁོར་བ་ནི་འདིར་ཟག་པ།
ཡང་ཁ་ཅིག་ན་རེ། འགོག་པ་ཡིན་ན་འགོག་བདེན་ཡིན་པས་ཁྱབ་ཟེར་ན། སོ་སོར་བརྟགས་མིན་གྱི་འགོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འགོག་པ་ལ་སོ་སོར་བརྟགས་འགོག་དང། བརྟགས་མིན་གྱི་དེ་གཉིས་ཡོད་པའི་ཕྱིར་ཏེ། མཛོད་ལས། སོ་སོར་བརྟགས་པའི་འགོག་པ་གང། །ནས། འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བྲལ་བ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ལས་ཡིན་ན། ལས་ཀྱི་ཀུན་འབྱུང་ཡིན་པས་ཁྱབ་ཟེར་ན། སངས་འཕགས་ཀྱི་ཟག་མེད་ཀྱི་ལས་སེམས་པ་ཆོས་ཅན། ཀུན་འབྱུང་བདེན་པ་ཡིན་པར་ཐལ། ལས་ཡིན་པའི་ཕྱིར། འདོད་ན། ཡང་སྲིད་སྐྱེད་བྱེད་ཡིན་པར་ཐལ། ཀུན་འབྱུང་ཡིན་པའི་ཕྱིར། ཡང་ཁ་ཅིག ། ལམ་རིག་པ་སྒྲུབ་པ་ངེས་འབྱིན་བཞིའི་ཚོགས་དོན་ལམ་བདེན་གྱི་མཚན་ཉིད། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞིའི་ཚོགས་དོན་འགོག་བདེན་གྱི་མཚན་ཉིད་ཟེར་ན། དང་པོ་ལ་བྱང་འཕགས་ཆོས་ཅན། ལམ་བདེན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་ལམ་བདེན་གྱི་སྒོ་ནས་འཕགས་པར་བྱེད་པའི་ཕྱིར། མཛོད་ལས། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ། །ཞེས་སོ། །གཉིས་པ་ལ་སངས་འཕགས་ཆོས་ཅན། འགོག་བདེན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེ་བཞི་ཚོགས་པ་སོགས་གདགས་གཞིར་བྱས་པའི་བཏགས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། སངས་རྒྱས་པ་སྤངས་རྟོགས་ཀྱི་ཆ་ནས་འཇོག་དགོས་པའི་ཕྱིར་ཏེ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཞེས་སོགས་ཀྱི་དོན་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་འབྲས་སྡུག་བསྔལ་དངོས་སུ་བསྐྱེད་པའི་ཟག་བཅས་དེ། ཀུན་འབྱུང་བདེན་པའི་མཚན་ཉིད་ཟེར་ན། གནས་གཙང་གི་སྐྱེ་བ་འཕེན་བྱེད་ཀྱི་དགེ་བའི་ལས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། འཕེན་བྱེད་ཀྱི་ལས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་སྨིན་ཡིད་འོང་འབྱིན་བྱེད་ཡིན་པའི་ཕྱིར་ཏེ། དགེ་བའི་ལས་ཡིན་པའི་ཕྱིར། གཞན་ཡང། བྱང་འཕགས་རྒྱུད་ཀྱི་འདོད་སྲེད་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར་ཏེ། ཉོན་མོངས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་ཉོན་མོངས་ཀྱི་ཉེས་པ་མི་སྐྱེད་པའི་ཕྱིར། ཡང་ཁ་ཅིག ། རང་རྒྱུ་ལམ་བདེན་སྒོམ་སྟོབས་ལས་བྱུང་བའི་བྲལ་བ་དེ། འགོག་བདེན་གྱི་མཚན་ཉིད་ཟེར་ན། ཐར་པ་ཆོས་ཅན། དེར་ཐལ། འགོག་བདེན་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་རྒྱུ་ཡོད་པར་ཐལ་ལོ། །ཡང་ཁ་ཅིག་ན་རེ། ལས་ཉོན་གཉིས་མི་འགལ་བར་ཐལ། ལས་འབྲས་མེད་པར་བལྟ་བའི་ལོག་ལྟ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ལས་མ་ཡིན་པར་ཐལ། ཉོན་མོངས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལས་ཡིན་པའི་ཕྱིར། དེར་ཐལ། ལས་ལམ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། མི་དགེ་བཅུའི་ལུས་ངག་གི་བདུན་ནི་ཡིད་ལས་སེམས་པའི་འཇུག་གཞི་ཡིན་པས་ལས་ལམ་དང། སེམས་པ་ཡིན་པས་ལས་གཉིས་ཀ་ཡིན། ཡིད་ཀྱི་གསུམ་སེམས་པ་མ་ཡིན་པས་ལས་མིན། སེམས་པའི་འཇུག་གཞི་ཡིན་པས། ལས་ལམ་ཁོ་ན་ཡིན་པའི་ཕྱིར་ཏེ། མཛོད་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར།
ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་རྣམ་སྨིན་གྱི་རྒྱུ་ལ་མི་དགེ་བ་དང། དགེ་བ་ཟག་བཅས་ཀྱིས་མ་ཁྱབ་པར་ཐལ། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡོད་པའི་ཕྱིར། དེར་ཐལ། བྱང་སེམས་མཐོང་ལམ་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྣམ་སྨིན་ལ་ལོངས་སྤྲུལ་གྱི་འཁོར་དུ་སྐྱེ་བ་དང། རྒྱུ་མཐུན་ཕྱི་མ་ཕྱི་མར་ཇེ་བཟང་དུ་འགྲོ་བ་དང། དེའི་ངེས་འབྱུང་ས་བཅུ་ཅི་རིགས་རིམ་གྱིས་བགྲོད་པ་དང། དེའི་མཐར་ཐུག་སྐུ་གསུམ་དང་དབང་བཅུ་ཐོབ་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་རྣམ་སྨིན་ནི། །སངས་རྒྱས་དཀྱིལ་འཁོར་གཉིས་སུ་སྟེ། །སྦྱོར་བ་དང་ནི་ཐོབ་པས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྣམ་པར་མི་རྟོག་ཡེ་ཤེས་མ་ཐོབ་པར་དེ་སྦྱོར་བས་སྒོམ་པའི་རྣམ་སྨིན་སྤྲུལ་སྐུའི་འཁོར་དང། མི་རྟོག་ཡེ་ཤེས་དངོས་ཐོབ་པའི་རྣམ་སྨིན་ལོངས་སྐུའི་འཁོར་དུ་སྐྱེ་བའི་ཕྱིར། ཚིག་ཕྱི་མའི། སྦྱོར་བ་དང་ནི་ཐོབ་པས་སོ། །ཞེས་པའི་དོན་ཡིན་ནོ། །གཉིས་པ་གྲུབ་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་རྒྱུ་མཐུན་ནི། །ཕྱི་མ་ཕྱི་མའི་ཚེ་རྣམས་སུ། །ཁྱད་པར་དུ་ནི་འགྲོ་བར་འདོད། །ཅེས་སོ། །གསུམ་པ་གྲུབ་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས། །རྣམ་རྟོག་མེད་པའི་ངེས་འབྱུང་ནི། །ས་བཅུ་དག་ཏུ་ཤེས་བྱ་སྟེ། །ཐོབ་པ་དང་ནི་འགྲུབ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས། །རྣམ་རྟོག་མེད་པའི་མཐར་282ཐུག་ནས། །དག་པའི་སྐུ་གསུམ་ཐོབ་ཕྱིར་དང། །དབང་གིས་མཆོག་ནི་ཐོབ་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདི་འདྲ་མང་ཡང་ཐུན་མོང་བ་གྲགས་ཕྱིར་ཙམ་མོ། །ཡང་ཁ་ཅིག.....ཆེན་པོ། བདེན་པ་དབྱེ་གཞི་ཟེར་བ་དང། ལ་ལ.....སྔོན། ཤེས་བྱ་དབྱེ་གཞི་ཟེར། གཞན་དག.....སྔོན། འཕགས་པའི་བདེན་པ་དབྱེ་གཞི་ཟེར་ན། དེ་དག་མི་འཐད་པར་ཐལ། མདོ་དང་ཚད་ལྡན་སུས་ཀྱང་བདེན་བཞི་བཤད་དུས་དབྱེ་གཞི་མ་བཞག་པའི་ཕྱིར། འདི་བཞི་དབྱེ་གཞི་གཅིག་ལ་ཕུང་པོ་གཞན་སེལ་བའི་གྲངས་ངེས་མ་ཡིན་གྱི་འཁོར་བའི་ལྡོག་འཇུག་གི་རྒྱུ་འབྲས་ཚར་གཉིས་དཔྱད་པ་ཙམ་ཡིན་པའི་ཕྱིར། དང་པོ་ལ། ཉེར་ལེན་གྱི་ཕུང་པོ་དང། རྩ་ཉོན་དྲུག་ཆོས་ཅན། བདེན་པ་ཡིན་པར་ཐལ། བདེན་བཞི་གང་རུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བརྫུན་པ་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། རྩ་ཤེས་ཁེགས་སོ། །སྔོན་གྱི་ཁ་ཅིག །ཚོགས་ལམ་ཡང་ལམ་བདེན་ཟེར་ན། འོ་ན། ལམ་ཞུགས་ཡིན་ན། སོ་སྐྱེ་མ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མཛོད་ལས། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད། ཅེས་དང། ཀུན་བཏུས་ལས། སོ་སོ་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པ་ལ་སོ་སོའི་སྐྱེ་བོ་ཞེས་གདགས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། .....སྔོན། རྣམ་མཁྱེན་ལམ་བདེན་མིན་ཟེར་ན། རྩ་བར། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །གསུངས་པ་མི་འཐད་པར་ཐལ། རྣམ་མཁྱེན་ལམ་བདེན་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གསེར་ཕྲེང་ལས། འདིར་ཡང་རྣམ་པ་སོ་དགུ་ལམ་བདེན་དུ་གསུངས། ཞེས་གསུངས་པའི་ཕྱིར།
(282) པར་ཐེངས་གཉིས་པ། ཐུག་པ། །དག་པའི་ས་གསུམ་ཐོབ།
རང་ལུགས་ལ། བདེན་བཞིའི་གྲངས་ངེས་དང། གོ་རིམ་དང། སྒྲ་བཤད་དང། སོ་སོའི་ངོ་བོ་བཞི། དང་པོ་ལ་ཅིའི་ཕྱིར་འཕགས་པའི་བདེན་པ་བཞིར་ངེས་ཞེ་ན། ཀུན་ཉོན་དང་རྣམ་བྱང་རྒྱུ་འབྲས་ཀྱི་དབང་དུ་བྱས་ནས་བཞིར་ངེས་ཏེ། ཀུན་ནས་ཉོན་མོངས་ཕྱོགས་ལ་སྤང་བྱ་རྒྱུ་འབྲས་སྡུག་ཀུན་གཉིས་སུ་ངེས། བླང་བྱ་རྣམ་བྱང་གི་རྒྱུ་འབྲས་ཡང་གཉིས་སུ་ངེས་པའི་ཕྱིར་དང། བླང་དོར་བྱ་བའི་གཞི་ཐམས་ཅད་ཀུན་བྱང་གཉིས་སུ་ངེས་པའི་ཕྱིར། རྣམ་བཤད་ལས། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་གཏན་ལ་དབབ་བྱའི་གཙོ་བོ་ནི་འཁོར་བ་དང། མྱ་ངན་ལས་འདས་པས་བསྡུས་པའི་ཕྱོགས་གཉིས་སུ་ངེས་ལ། ཞེས་དང། སྡེ་བདུན་རྒྱན་ལས། བླང་དོར་བྱ་བའི་གཞི་ཐམས་ཅད་ཀུན་བྱང་གཉིས་སུ་ངེས་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་གོ་རིམ་ཡོད་དེ། སྤྱིར་གོ་རིམ་ལ་བཤད་པའི་རིམ་པ་སེམས་བསྐྱེད་དང་རིགས་ལྟ་བུ། ངེས་དཀའ་སླའི་རིམ་པ་དང། དམན་མཆོག་གི་རིམ་པ་ཕྱིན་དྲུག་ལྟ་བུ་སོགས་དུ་མ་ཡོད་པས་རྒྱུ་འབྲས་དོན་རིམ་བྱས་ན་བཞི་པ་ལྟར་བཤད་ཀྱང། འདིར་ནི་ཡུལ་ཅན་མངོན་རྟོགས་སྐྱེ་རིམ་ཡིན་པའི་ཕྱིར་ཏེ། སྡུག་བསྔལ་ནི་ནད་ལྟར་སྡུག་བསྔལ་བར་ཤེས་དགོས་པས་དང་པོར་བསྟན། ཀུན་འབྱུང་ནི་ནད་ཀྱི་རྒྱུ་ལྟར་དེའི་རྒྱུ་སྤང་བྱར་དེ་རྗེས་སུ་རྟོགས་པས་གཉིས་པར་བསྟན། དེ་རྗེས་སུ་འགོག་པ་ནི་ནད་དང་བྲལ་འདོད་ལྟར་མངོན་དུ་བྱ་འདོད་སྐྱེ་བས་གསུམ་པར་བསྟན། སྨན་ལྟར་སྡུག་ཀུན་སྤོང་བ་ལ་ལམ་བདེན་བསྟེན་དགོས་པས་དུས་བཞི་པར་བསྟན་པའི་ཕྱིར། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་དང། མཛོད་ལས། དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་དང། གསེར་ཕྲེང་ལས། དང་པོར་ལམ་སྒོམ་པ་པོས་ཇི་ལྟར་གཏན་ལ་འབེབས་པའི་རིམ་པ་དང་བསྟུན་པ་སྟེ། ཞེས་དང། རྣམ་བཤད་ལས། འཁོར་བ་ལ་མེའི་དོང་ལྟ་བུར་མཐོང་ནས་དེ་དང། ནས། ལམ་ཐ་མར་283བསྟན་པ་སྔར་ལྟར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། བདེན་བཞི་ཆོས་ཅན། འཕགས་པའི་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཕགས་པས་གཟིགས་པ་ལྟར་གནས་ལ་བྱིས་པ་ཕལ་པའི་མཐོང་བ་ལྟར་མི་བདེན་པས་དེ་ལྟར་བརྗོད་པའི་ཕྱིར་ཏེ། ཉན་ས་ལས། འཕགས་པ་རྣམས་ཀྱིས་བདེན་པ་དེ་དག་དེ་ཁོ་ན་ལྟར་ཡིན་པར། ཞེས་སོ། །བཞི་པ་ནི། རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། དབྱེ་ན་རྣམ་སྨིན་གྱི་འབྲས་བུ་ནང་སེམས་ཅན་གྱི་ཉེར་ལེན་གྱི་ཕུང་པོ་དང། བདག་འབྲས་ཕྱི་མ་དག་པའི་སྣོད་གཉིས་ཡོད། ངོ་བོའི་སྒོ་ནས། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ཡོད། རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་གྱི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ། ཀུན་འབྱུང་བདེན་པའི་མཚན་ཉིད། དབྱེ་ན་ལས་ཀྱི་ཀུན་འབྱུང་དང། དེའི་ཀུན་སློང་ཉོན་མོངས་པའི་ཀུན་འབྱུང་བདེན་པ་གཉིས་ཡོད་དེ། ཀུན་བཏུས་ལས། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །ཞེས་སོ། །རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྒྲིབ་པ་སྤངས་པའི་སོ་སོར་བརྟགས་འགོག་དེ། འགོག་བདེན་གྱི་མཚན་ཉིད་ཡིན་ཏེ། སྡེ་བདུན་ལས། འགོག་པའི་བདེན་པ་ནི་ལམ་གྱིས་སྤང་བྱའི་ས་བོན་ཅི་རིགས་སྤངས་པའི་བྲལ་བ་ཡིན་ལ། ཞེས་གསུངས་པའི་ཕྱིར། དབྱེ་ན་ཐེག་པ་གསུམ་གྱི་འགོག་བདེན་གསུམ་ཡོད། འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ལམ་གྱི་ཆ་ནས་བཞག་པའི་འཕགས་ལམ་དེ། ལམ་བདེན་གྱི་མཚན་ཉིད། དབྱེ་ན་ཐེག་པ་གསུམ་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་གསུམ་ཡོད། བདེན་བཞི་ཕྲ་རགས་སོགས་284སྔོན་དུ་བཤད་ཟིན།
རྩོད་སྤོང་ལ་ཁོ་ན་རེ། ཐེག་ཆེན་གང་ཟག་གི་རྒྱུད་ཀྱི་ལམ་བདེན་ཡིན་ན། ཐེག་ཆེན་ལམ་བདེན་ཡིན་དགོས་པར་ཐལ། ཉན་ཐོས་རྒྱུད་ཀྱི་འཕགས་ལམ་ཡིན་ན་ཉན་ཐོས་ཀྱི་འཕགས་ལམ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། 285འཕགས་ལམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་གྱི་འཕགས་ལམ་མ་ཐོབ་པའི་ཕྱིར། དེར་ཐལ། ཐེག་ཆེན་ཚོགས་ལམ་པ་ཡིན་པའི་ཕྱིར། འགོག་བདེན་ལ་ཡང་འདྲ། ཡང་ཁོ་ན་རེ། ལམ་བདེན་ཡིན་ན། མི་སློབ་ལམ་མ་ཡིན་དགོས་པར་ཐལ། དེ་ལ་སྤང་བྱ་དེ་སྤོང་བའི་ཕྱིར་དུ་བརྩོན་པ་གཅིག་དགོས་པའི་ཕྱིར་ཏེ། མདོ་ལས། ལམ་བསྒོམ་པར་བྱ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལམ་བདེན་ལ་འདིས་འགྲོ་བའི་ལམ་དང། འདིར་བགྲོད་པའི་ལམ་གཉིས་ཡོད་པས། སྔ་མའི་དབང་དུ་བྱས་ནས། མདོ་ལས། ལམ་བསྒོམ་པར་བྱ། ཞེས་གསུངས་པ་ཡིན་པའི་ཕྱིར་ཏེ། དེའི་དངོས་བསྟན་གྱི་ལམ་ལ་རྣམ་མཁྱེན་མ་ཡིན་པ་ཞིག་དགོས་པའི་ཕྱིར་ཏེ། རྣམ་མཁྱེན་ཡིན་ན་ལམ་སྒོམ་པ་མཐར་ཕྱིན་ཡིན་པས་ཁྱབ་པའི་ཕྱིར།
(285) པར་ཐེངས་གཉིས་པ། དེའི་རྒྱུད་ཀྱི་འཕགས།
སྨྲས་པ།
འཁོར་བའི་རྒྱུ་འབྲས་རྣམ་བྱང་རྒྱུ་འབྲས་ལམ། །
སོ་སོར་བསྟན་འདི་ཤེས་ནས་ཤེས་རབ་ཅན། །
གཅིག་ཏུ་བདེ་ལ་དྲངས་ཞིང་དགེ་བའི་ལམ། །
(286) པར་ཐེངས་གཉིས་པ། བསྒོམ་པར་རིགས། །
མཁས་རྨོངས་སྣ་ཚོགས་གཏམས་ཀྱིས་འཕགས་རྣམས་ཀྱང། །སོམ་ཉིའི་རྒྱ་ལ་287ཐུམ་པ་སྙམ་བྱེད་པའི། །ལོག་པའི་དྲ་བ་ཀུན་བཅད་འཕགས་སེང་དང། །རྒྱལ་བ་གཉིས་པའི་ལུགས་བཟང་རྒྱལ་མཚན་བཙུགས། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
(287) པར་ཐེངས་གཉིས་པ། འཐུམ།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
