ཀུན་མཁྱེན་ཕར་ཕྱིན་བདེན་གཉིས།

གཉིས་པ་འགྲེལ་བའི་སྒོ་ནས་འཆད་པ་ལ། བརྟེན་པ་སྒྲུབ་པ་ལ་གདམས་པ་དང༌། སྒྲུབ་པའི་རྟེན་ལ་གདམས་པ་དང༌། སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ་གསུམ། དང་པོ་ལ། སྒྲུབ་པའི་ངོ་བོ་ལ་གདམས་པ་དང༌། དེའི་དམིགས་པ་ལ་གདམས་པ་གཉིས། དང་པོ་ནི། འགྲེལ་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་སྒྲུབ་པ་ལ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ། །ཞེས་སློབ་པ་སྒྲུབ་པ་ལ་འདོམས་པ་དང༌། ཞེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ་ལས། དང་པོ་ནི། སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་ཀྱི་མདོ་ལས། བྱང་ཆེན་གྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཞེས་འཆད་པ་ལ། དེ་ལ་ཇི་ལྟར་བསླབ་དྲིས་པའི་ལན་དུ། ཤཱ་རིའི་བུ་འདི་ལ་བྱང་སེམས་ཉིད་ཡོད་བཞིན་དུ་བྱང་སེམས་ཡང་དག་པར་རྗེས་སུ་མི་མཐོང༌། ཞེས་སོགས་ཀྱི་དོན་འཆད་པར། རྩ་བར། སྒྲུབ་དང༌། ཞེས་པ་དང༌། འདིར་དེའི་དོན་འཆད་པར་འདི་བྱུང༌། གཉིས་པ་ནི། ཤཱ་རིའི་བུ་བྱང་ཆེན་བྱང་སེམས་ཉིད་ཡོད་བཞིན་དུ། ཞེས་སོགས་ཀྱི་མདོ་ཆོས་ཅན། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་ཏེ། གཞན་དོན་དུ་ཆོས་སྐུ་དོན་དུ་གཉེར་བའི་སྒོ་ནས་བྱང་ཆེན་དང༌། བྱང་ཆེན་གྱི་མིང་དང༌། ཤེར་ཕྱིན་དང༌། རྫོགས་བྱང་བཞི་ཐ་སྙད་དུ་ཡོད་བཞིན་དུ་དོན་དམ་པར་དམིགས་སུ་མེད་པར་ཉམས་སུ་ལོངས་ཤིག་ཅེས་འདོམས་པའི་ཤེར་མདོ་ཡིན་པའི་ཕྱིར། མཐའ་དཔྱད་པ་ལ། དབྱེ་གཞི་དང༌། དབྱེ་བའི་དོན་དང༌། སྒྲ་དོན་དང༌། གཅིག་ཐ་དད་དང༌། སོ་སོའི་དོན་དང༌། དགོས་པ་དང་དྲུག་ལ་ཅུང་ཟད་དཔྱད་ན། དབྱེ་གཞི་ལ་བོད་ལ་ལ་ན་རེ། བདེན་པ་དབྱེ་གཞི་ཟེར། ཁ་ཅིག་ནི་མ་བརྟགས་མ་དཔྱད་པའི་ཤེས་བྱ་ཟེར། གཞན་དག་ཆོས་ཐམས་ཅད་ཀྱི་ངོ་བོ་ཟེར། འོ་ན། ཤེས་བྱ་བདེན་གཉིས་ཀྱི་དབྱེ་གཞིར་མི་རུང་བར་ཐལ། འདོད་ཚུལ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་དེ་གཉིས་ཀྱི་དབྱེ་གཞིར་སངས་རྒྱས་ཀྱིས་བཞེད་པའི་ཕྱིར་ཏེ། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང། དང་པོ་ལ། འོ་ན། བདེན་གཉིས་གང་རུང་ཡིན་ན་བདེན་པ་ཡིན་པས་ཁྱབ་པར་ཐལ། དེ་དེ་གཉིས་ཀྱི་དབྱེ་གཞི་དང༌། གཉིས་སུ་གྲངས་ངེས་པ་དེ་ཡིན་པའི་ཕྱིར། འདོད་ན། སྒྱུ་མ་དང་རབ་རིབ་ཀྱི་སྣང་བ་ཆོས་ཅན། བདེན་པ་ཡིན་པར་ཐལ། དེ་གཉིས་གང་རུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྫུན་པ་ཡིན་པའི་ཕྱིར་ཏེ། རྩ་ཤེ་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ལའང་དེ་གཉིས་གང་རུང་ཡིན་ན་དེ་ཡིན་དགོས་པར་ཐལ། དེ་དེ་གཉིས་ཀྱི་དབྱེ་གཞི་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། མ་བརྟགས་མ་དཔྱད་པའི་ཤེས་བྱ་ཡིན་པར་ཐལ། དེ་གཉིས་གང་རུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲོ་འདོགས་ཀྱི་ཆོས་ཡིན་པའི་ཕྱིར། གསུམ་པ་ལ། འོ་ན། བུམ་པའི་ངོ་བོ་ལ་བདེན་པ་གཉིས་སུ་དབྱེར་ཡོད་པར་ཐལ། དེ་དེ་གཉིས་ཀྱི་དབྱེ་གཞི་ཡིན་པའི་ཕྱིར། འདོད་ན། བདེན་གཉིས་གང་རུང་ཡིན་ན་བུམ་པའི་ངོ་བོ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པའི་རྒྱུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཡང་འཕེན། གཉིས་པ་དབྱེ་བའི་ངོ་བོ་ལ། ཁ་ཅིག་ན་རེ།.....ལོ། བདེན་པ་གཉིས་ངོ་བོ་གཅིག་མི་རུང་བས། གཅིག་བཀག་པའི་ཐ་དད་ཡིན་ཟེར་ན། འོ་ན། བདེན་གཉིས་ཀྱི་ངོ་བོ་ཡོད་པར་ཐལ། ངོ་བོ་མེད་པའི་ཆོས་མི་སྲིད་པའི་ཕྱིར། དེར་ཐལ། རང་གི་ངོ་བོ་འཛིན་པས་ན་ཆོས་ཞེས་པ་ནི་གྲུབ་མཐའ་བཞི་ཀ་ལ་མཚུངས་པའི་ཕྱིར། འདོད་ན། དེ་གཉིས་ངོ་བོ་གཅིག་པར་ཐལ། དེ་གཉིས་ཀྱི་ངོ་བོ་ཡོད་པ་གང་ཞིག །ཐ་དད་མ་ཡིན་པའི་ཕྱིར། དང་པོ་ཁས། གཉིས་པ་གྲུབ་སྟེ། བུམ་པ་བདེན་མེད་བུམ་པའི་གནས་ལུགས་ཡིན་པའི་ཕྱིར། འདོད་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་ཐལ། ཐ་དད་རྒྱུ་གཉིས་ཀ་འདུ་མ་བྱས་ཡིན་པ་དང༌། གང་རུང་འདུས་མ་བྱས་ཡིན་པ་གཉིས་ལའང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་རུང་བའི་ཕྱིར། དེར་ཐལ། བདག་ཉིད་གཅིག་པའི་འབྲེལ་བ་དངོས་མེད་ལའང་རུང་བའི་ཕྱིར་ཏེ། ལམ་རིམ་ཆུང་ངུ་ལས། ཐ་དད་རྒྱུ་གཉིས་ཀ་དངོས་པོར་མེད་པ་དང༌། གང་རུང་ཞིག་དངོས་པོར་མེད་པ་གཉིས་ཆར་ལའང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་མི་འགལ་ལོ། །ཞེས་གསུངས་པའི་ཕྱིར།
ཡང་ཁ་ཅིག་ན་རེ།.....རྒྱ་དམར། དོན་དམ་བདེན་པ་བློ་ཡི་ཡུལ་མིན་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་དུས་བློའི་གཉིས་སྣང་གི་སྤྱོད་པའམ་སྤྲོས་པ་མེད་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། བདེན་གཉིས་ལ་འཇུག་པའི་མདོ་ལས། དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། ཞེས་པ་ནས། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ། །ཞེས་བརྗོད་པ་ལྟར་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་དམ་པར་ན་ཞེས་པས་མཉམ་བཞག་དུས་ན་ཞེས་བཤད། ཐ་སྙད་ཐམས་ཅད་ལས་འདས་པ་ཞེས་པས་ཐ་སྙད་པའི་རྙེད་དོན་མ་ཡིན་པར་བཤད། ལྷག་མས་བྱེ་བྲག་མེད་པ། ནས། འདས་པ་ཡིན་ཏེ་ཡན་ཆད་ཀྱིས་ཐ་སྙད་ཐམས་ཅད་ལས་འདས་པར་བཤད་ནས། ཇི་ལྟར་མན་ཆད་ཀྱིས་སྒྲ་རྟོག་གི་སྤྱི་ལྟ་བུའི་གཉིས་སྣང་ལྟར་མིན། ཞེས་བཤད་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། དོན་དམ་པའི་བདེན་པ་ནི་གང་ན་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་ཀྱི་རྒྱུ་བ་རྣམ་རྟོག་གི་དོན་སྤྱི་སོགས་ཅི་ཙམ་ཡང་མཉམ་བཞག་དོན་དམ་ན་མེད་ན། དེས་ཀུན་ནས་བསླངས་པའི་ཡིག་སྤྱི་སོགས་ལྟ་ཅི་སྨོས་པར་བཤད་པའི་ཕྱིར་ཏེ། དབུ་མ་རྒྱན་གྱི་རང་འགྲེལ་ལས། དཔེར་ན་ཡིད་ཀྱིས་བརྒྱ་བྱིན་ལ་ཆོས་མངོན་པར་བཤད་པ་དང༌། ནས། དེ་250བས་ན་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བ་དོན་དམ་པའི་བདེན་པ་བསྟན་པ་251ལ་སེམས་ཀྱི་རྒྱུ་བ་ཡང་མེད་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་གྱི་ཡུལ་ལས་འདས་པར་ཐལ། བདེན་གཉིས་ཀྱི་མདོ་དེའི་ཕྱིར། འདོད་མི་ནུས་ཏེ། དོན་དམ་བདེན་པ་ཐུགས་སུ་ཆུད་པས་སངས་རྒྱས་སུ་དབུ་སེམས་ཀྱི་མཁས་པ་ཐམས་ཅད་ཀྱིས་བཞེད་པའི་ཕྱིར། བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་252པ་དེ། །ཀུན་མངོན་མཁྱེན་པས་གང་མ་གཟིགས། །ཞེས་པ་དང༌། དེའི་རང་འགྲེལ་ལས། ཤེས་བྱ་མཐའ་དག་ལ་ཁྱབ་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཀུན་མཁྱེན་པ་སྟེ། དེས་དམིགས་པ་ཇི་ལྟར་ཡོད་པར་འགྱུར། ཞེས་བསམ་པའོ། །ཞེས་གསུངས་པའི་ཕྱིར་དང། བསླབ་བཏུས་སུ་ཡབ་སྲས་མཇལ་བ་དྲངས་པ་ལས་ཀྱང༌། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན་ལེགས་པར་མངོན་དུ་མཛད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ།.....རྒྱ་དམར། དོན་དམ་བདེན་པ་བློའི་ཡུལ་མ་ཡིན་པར་ཐལ། བློ་ཀུན་རྫོབ་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱོད་འཇུག་ལས། བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར་ན་འདིར་ཤིན་ཏུ་མ་ཁྱབ་སྟེ། ལུང་དེས་རང་མངོན་སུམ་དུ་རྟོགས་པའི་བློས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་གཞལ་བར་བྱ་བའི་ཆོས། ཀུན་རྫོབ་བདེན་པའི་ངོ་བོར་བཤད་པའི་ཕྱིར། བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་ཀུན་རྫོབ་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང༌། ཡི་གེ་དང༌། སྐད་དང༌། བརྡ་སྟོན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འཇིག་རྟེན་གྱི་ཐ་སྙད་ཅེས་པས་བློ་ཐ་སྙད་པ་རྣམས་བསྟན། ཇི་སྙེད་པ་ཞེས་པས་དེའི་རྙེད་དོན་མ་ལུས་པ་ཀུན་རྫོབ་བདེན་པར་བསྟན། ཡི་གེ་སོགས་ཀྱིས་བརྗོད་པ་ཐ་སྙད་པ་དང་དེའི་ཡུལ་ཡང་ཀུན་རྫོབ་ཏུ་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། དེའི་མྱོང་བྱ་དང་མྱོང་བྱེད་ཐམས་ཅད་ཐ་སྙད་པ་ཡིན་གྱི། དོན་དམ་མ་ཡིན་པར་བཤད་པའི་ཕྱིར། དབུ་མ་རྒྱན་རང་འགྲེལ་ལས། འཇིག་རྟེན་མྱོང་བར་བྱ་བ་དང་མྱོང་བའི་ངོ་བོའི་ཚུལ་ནི་འདིར་འཇིག་རྟེན་གྱི་ཐ་སྙད་དུ་དགོངས་པ་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དབུ་མ་རྒྱན་རང་འགྲེལ་ལས། ཇི་སྙེད་པ་ཞེས་བྱ་བ་ནི་མ་ལུས་པའི་དོན་ཡིན་པར་བསྟན་ཏེ། ནས། བདེ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་253བདག་ཉིད་ལས་མི་འདའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། དེ་ཉིད་ལས། དེའི་རྗེས་སུ་འབྲེལ་བའི་ཕྱིར་ཡི་གེ་ལ་སོགས་པ་ལ་ཡང་254སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རིགས་ཤེས་ཀྱང་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། ཡང་སྤྱོད་འཇུག་གི་དོན་ལ་ཁ་ཅིག་ན་རེ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ། དོན་དམ་བདེན་པའི་མཚན་ཉིད། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་བ་ལ་ཁ་ཅིག་ན་རེ། སྔོར་སྣང་དབང་ཤེས་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རང་མངོན་སུམ་དུ་རྟོགས་པའི་རང་རིག་གི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན། ཁ་ཅིག་མ་ཁྱབ་ཟེར། དེར་ཐལ། དེ་ལ་ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་ནུབ་པའི་ཕྱིར་ན་འདིར་མ་ཁྱབ་སྟེ། དེ་ལ་ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་ནུབ་ཀྱང་ཀུན་རྫོབ་ཀྱི་གཉིས་སྣང་ཡོད་པའི་ཕྱིར། དེར་ཐལ། སྔོན་འཛིན་གསལ་ཙམ་མྱོང་ཙམ་སྣང་བའི་ཕྱིར། དབུ་མ་སྙིང་པོ་ལས། ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཇི་འདྲ་བ་ཞིག་སྣང༌། །ཞེས་གསུངས་པའི་ཕྱིར།
(250) པར་ཐེངས་གཉིས་པ། བས་ན་དོན་སྤྲོས།
ཡང་དེ་དག་ན་རེ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དོན་དམ་བདེན་པ་མ་ཡིན་པར་ཐལ། དེ་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་ཆོས་ཉིད་དེ་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་དེ་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པའི་ཆོས་ཉིད་དེ་མངོན་སུམ་དུ་རྟོགས་པ་སྒྲུབ་པ་ཡིན་པའི་ཕྱིར་ན་རྟགས་རིམ་པ་བཞིན་མ་གྲུབ་སྟེ། དེ་མངོན་སུམ་དུ་རྟོགས་པ་མེད་དགག་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག །སྔོར་སྣང་དབང་ཤེས་དོན་དམ་བདེན་པ་ཡིན་པ་བཅད་པའི་ཆེད་དུ་རང་མངོན་སུམ་དུ་རྟོགས་པའི་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་བྱ་གང༌། སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་ཟེར་ན། འོ་ན། རྟག་དངོས་ཀྱིས་སྟོང་པའི་སྔོར་སྣང་དབང་ཤེས་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་ཀྱི་དང་པོ་གང་ཞིག །སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པའི་ཕྱིར། དང་པོ་ཁྱོད་ཀྱིས་ཁས་བླངས། གཉིས་པ་གྲུབ་སྟེ། དེ་དགག་པ་ཡིན་པའི་ཕྱིར། རང་རེས་སྐྱོན་འཕེན་ན། དོན་དམ་བདེན་པ་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ན། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཆོས་ཅན། ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། གཞན་ཡང༌། ཁྱོད་ལྟར་ན། རྣམ་བཤད་ལས། མཚན་ཉིད་སྔ་མའི་སྟེང་དུ་ཕྱི་མ་བསྣན་པ་སྒྲུབ་པ་དང་དབང་ཤེས་དོན་དམ་པར་དོགས་པ་གཅོད་ཆེད་མ་ཡིན་པར་ཐལ། སྟོང་ཉིད་མེད་དགག་ཁོ་ནར་གོ་ཆེད་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་རྟོགས་པའི་བློ་དེས་དངོས་ཤུགས་གང་ལའང་སྒྲུབ་པའི་རྣམ་པར་རྟོགས་བྱ་མ་ཡིན་པ་ཞིག་དགོས་པར་བཤད་པའི་ཕྱིར། དེར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ངོར་བདེན་གྲུབ་བཀག་ཙམ་ལས་དངོས་ཤུགས་གང་ལའང་སྒྲུབ་པར་མ་ཟད་སྟོང་ཉིད་དོན་དམ་ཡིན་པའི་ཆ་དང་དེའི་གཞལ་བྱ་ཡིན་པའི་ཆ་སོགས་ཀྱི་སྤྲོས་པ་ཐམས་ཅད་འགོག་པའི་ཕྱིར་ཏེ། རྩ་ཤེ་ལས། དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང༌། རྟོག་གེ་འབར་བ་ལས། མེད་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་ཙམ་ཞིག་འགག་པར་ཟད་ཀྱི་དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་སྒྲུབ་པར་མི་བྱེད་པ་སྟེ། ཞེས་གསུངས་པའི་ཕྱིར།
གཞན་ཡང༌། དེ་ལྟར་འཐད་པར་ཐལ། བདེན་མེད་མ་ཡིན་དགག་ལ་གཉིས་སྣང་མི་ལྡོག་པ་གང་ཞིག །མ་ཡིན་དགག་ནི་སྒྲུབ་པ་གཙོ་ཆེ་བས་བདེན་མེད་བཏགས་པ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་ཤེ་ཊཱིཀ་ཆེན་ལས། དོན་དམ་པའི་སྐྱེ་བ་སོགས་ཕུང་པོ་དང་གང་ཟག་གི་སྟེང་དུ་བཀག་པའི་མ་ཡིན་དགག་གི་སྟོང་པ་ནི་སྟོང་གཞི་དེ་དག་མངོན་སུམ་དུ་སྣང་བའི་ཐ་སྙད་པའི་ཚད་མ་མིག་ཤེས་སོགས་ལ་སྣང་དགོས་པས་རང་མངོན་སུམ་དུ་མཐོང་བའི་བློའི་ངོར་གཉིས་སྣང་དང་བཅས་པར་འཆར་གྱི། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཊཱིཀ་ཆེན་དེ་ལས། གཉིས་སྣང་དང་བྲལ་བར་མི་འཆར་བས་དོན་དམ་བཏགས་པ་བ་ཀུན་རྫོབ་མཚན་ཉིད་པའོ། །ཞེས་གསུངས་པའི་ཕྱིར། དེས་ན་རྗེ་ཡབ་སྲས་ཀྱི་དགོངས་པ་མི་འཚོལ་བར་དགག་པ་བྱེད་པ་སྨྱོ་རྩ་ཆེའོ། །འཇུག་པའི་དོན་ལ་ཡང་ཁ་ཅིག །མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད། ཐ་སྙད་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད་ཟེར་ན། དང་པོ་ལ། རི་བོང་རྭ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་གཞལ་བྱ་ཡིན་པའི་ཕྱིར་ཏེ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཡོད་པའི་ཕྱིར་ཏེ། བདག་མེད་ཡིན་པའི་ཕྱིར། གཉིས་པ་ལའང་དེ་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཐ་སྙད་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་ཡིན་པའི་ཕྱིར། སྔར་ལྟར། ཡང་དེ་ལ་ཁ་ཅིག་ན་རེ། གང་ཟག་གི་བདག་མེད་ཕྲ་མོ་ཆོས་ཅན། དོན་དམ་བདེན་པར་ཐལ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། རང་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དེ་ལ་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཉམ་པར་བཞག་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། སྟོང་ཐུན་ལྟར་གཉིས་སྣང་ལ་ཡུལ་ཡུལ་ཅན་གྱི་དེ། བདེན་སྣང་གི་དེ། ཀུན་རྫོབ་ཀྱི་སྣང་བ་ལ་གཉིས་སྣང་དུ་བཤད་པ་གསུམ་ཡོད་པ་གང་ཞིག །དེ་ལ་གཉིས་སྣང་དང་པོ་མེད་ཀྱང་ཐ་མ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དང་པོ་གཉིས་གྲགས་ཆེ་ལ་གསུམ་པ་ཡང་མདོ་ལས་བཤད་པའི་ཕྱིར། དེར་ཐལ། མདོ་ལས་དམིགས་པ་དང་བཅས་པར་བཤད་པ་དེ་གཉིས་སྣང་གི་དོན་དང༌། དམིགས་པ་མེད་པར་བཤད་པ་དེ་དང༌། གཉིས་སྣང་དང་བྲལ་བར་བཤད་པ་དོན་གཅིག་པའི་ཕྱིར་ཏེ། མདོ་ཀུན་བཏུས་སུ་ཤེར་མདོ་དྲངས་པ་ལས། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་ལགས། ཇི་ཙམ་གྱིས་ན་མི་དམིགས་པ་ལགས། བཀའ་བསྩལ་པ། ཇི་ཙམ་དུ་གཉིས་པ་དེ་ཙམ་དུ་དམིགས་པའོ། །མི་གཉིས་པ་ནི་མི་དམིགས་པའོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། མི་རྟག་སོགས་བཅུ་དྲུག་པོ་ཐམས་ཅད་གཉིས་སྣང་གི་ཆོས་ཡིན་པས། གཉིས་སྣང་མེད་པའི་ཤེར་ཕྱིན་ལ་བདག་དང་གང་ཟག་དང་ཆོས་ཀྱི་བདག་མེད་རགས་པ་ཡང་བཟློག་དགོས་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེསགསུངས་པའི་ཕྱིར། ཁྱབ་སྟེ། བཟློག་ཚུལ་མི་རྟག་སོགས་བཅུ་དྲུག་ལ་སྤྱོད་པ་དམིགས་བཅས་ཡིན་པས་ཤེར་ཕྱིན་ལྟར་སྣང་ཡིན་པ་གང་ཞིག །ཤེར་ཕྱིན་རྣལ་མར་སྤྱོད་ན་དམིགས་མེད་སྟོང་ཉིད་ལ་སྤྱོད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཤེར་མདོ་ལས། དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ཏེ། གཟུགས་མི་རྟག་ཅེས་བྱ་བར་ཉེ་བར་སྟོན་ཏོ། །
དེ་བཞིན་དུ་སྡུག་བསྔལ་དང་བདག་མེད་པ་དང་མི་གཙང་བ་ཞེས་བྱ་བ་ཉེ་བར་སྟོན་ཏོ། །ཞེས་སོོགས་གསུངས་པའི་ཕྱིར། འདི་མདོ་ཀུན་བཏུས་དང་སྒོམ་རིམ་དང་དབུ་མ་སྣང་བ་ལས་སོ། །གཉིས་པ་གྲུབ་སྟེ། དེར་ཤེར་མདོ་དྲངས་པ་ལས། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་མ་བཅོས་པ་གང་ཞེ་ན། དེ་དག་འདི་ལྟར་སྟོན་ཏོ། །རིགས་ཀྱི་བུ་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ལ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་སྡུག་པར་ཡང་དག་པར་རྗེས་སུ་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྗེས་སུ་མི་ལྟའོ་ཡན་ཆད་ཀྱིས་བདག་དང་བདག་མེད་སྟོང་ཉིད་ལ་བཀག་ནས་ལྷག་མས་གཉིས་སྣང་ནུབ་ཚུལ་བཤད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། སྟོང་ཐུན་ལས་བཤད་དོ། །ཡང་ཁ་ཅིག་ན་རེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་ཆོས་ཀྱི་བདག་མེད་ཆོས་ཅན། དོན་དམ་བདེན་པར་ཐལ། རང་མངོན་སུམ་དུ་རྟོགས་པའི་བློས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། དེར་ཐལ། རང་མངོན་སུམ་དུ་རྟོགས་པའི་རང་རྒྱལ་བར་ཆད་མེད་ལམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་དེ་ལ་གཉིས་སྣང་ནུབ་པའི་ཕྱིར། དེས་དེ་ལ་ཆུ་ལ་ཆུ་བཞག་པ་ལྟར་མཉམ་པར་བཞག་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཚེ་ཡང་ཀུན་རྫོབ་ཀྱི་གཉིས་སྣང་མི་ལྡོག་པས་ཤེར་ཕྱིན་ལྟར་བཅོས་པ་སོགས་སྔ་མ་ལྟར་ཡིན་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། དེ་ལྟ་བས་ན་དངོས་པོར་སྨྲ་བ་ཐམས་ཅད་ཆོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་ལོག་ཏུ་སྟོན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཉེ་བར་སྟོན་པ་ཁོ་ན་ཡིན་གྱི། ཞེས་གསུངས་པའི་ཕྱིར།
གསུམ་པ་སྒྲ་བཤད་ལ་ཁ་ཅིག་ན་རེ། བདེན་པ་སོ་སོའི་སྒྲ་བཤད་ཚང་ན་དེ་ཡིན་པས་ཁྱབ་ཟེར་ན། ཆོས་ཉིད་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། དེའི་སྒྲ་བཤད་ཚང་བའི་ཕྱིར། དེར་ཐལ། བདེན་འཛིན་གྱི་ངོ་བོར་བདེན་པའི་ཕྱིར། གཞན་ཡང། སྟོང་ཉིད་རྟོགས་པའི་མཉམ་བཞག་ཡེ་ཤེས་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། དེའི་སྒྲ་བཤད་མེད་པའི་ཕྱིར། དེར་ཐལ། གནས་ལུགས་ལ་མི་སྒྲིབ་པའི་ཕྱིར། དེར་ཐལ། གནས་ལུགས་གསལ་བྱེད་ཡིན་པའི་ཕྱིར། དེས་དོན་དམ་གཉིས་ཀྱང་རིགས་འདྲ། སོ་སོའི་དོན་ལ་ཁ་ཅིག་ན་རེ། ཀུན་རྫོབ་བདེན་པ་ལ་བཏགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་རྫོབ་དང་བརྗོད་པའི་ཀུན་རྫོབ་གསུམ་དུ་དབྱེ་རིགས་ཏེ། དབུས་མཐའ་ལས། བཏགས་པ་དང་ནི་ཤེས་པ་དང༌། །དེ་བཞིན་བརྗོད་པ་རགས་པ་ཡིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྒྲས་བརྗོད་ལ་དགོངས་པའི་ཕྱིར། འདོད་ན། བདེན་གྲུབ་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། དེ་གསུམ་གང་རུང་ཡིན་པའི་ཕྱིར། དེར་ཐལ། བཏགས་པའི་ཀུན་རྫོབ་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏགས་རྣམས་བཏགས་པའི་ཀུན་རྫོབ། གཞན་དབང་རྣམས་ཤེས་པའི་ཀུན་རྫོབ། ཡོངས་གྲུབ་རྣམས་བརྗོད་པའི་ཀུན་རྫོབ་ཡིན་པའི་ཕྱིར། འོ་ན། ཁྱོད་རང་ལ་དོན་དམ་བདེན་པ་ལའང་དོན་དོན་དམ་དང༌། སྒྲུབ་པ་དོན་དམ་དང༌། ཐོབ་པ་དོན་དམ་གསུམ་དབྱེ་རིགས་པར་ཐལ། དབུས་མཐའ་ལས། དོན་དང་ཐོབ་དང་སྒྲུབ་པ་དང༌། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ལམ་བདེན་ཆོས་ཅན། དོན་དམ་བདེན་པར་ཐལ། དེ་གསུམ་གང་རུང་ཡིན་པའི་ཕྱིར། དེར་ཐལ། སྒྲུབ་པ་དོན་དམ་ཡིན་པའི་ཕྱིར། དེར་ཐལ། ལམ་བདེན་ཡིན་པའི་ཕྱིར། ཁྱབ་སྟེ། སྟོང་ཉིད་དོན་དོན་དམ་དང༌། ལམ་རྣམས་སྒྲུབ་པ་དོན་དམ་དང༌། མྱང་འདས་རྣམས་ཐོབ་པ་དོན་དམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དངོས་པོ་ཡིན་པའི་ཕྱིར། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པའི་དོན་ལ་སྣ་ཚོགས་སྨྲ་སྟེ། ཡང་ཁ་ཅིག་ན་རེ། སོ་སྐྱེའི་མངོན་སུམ་ལ་སྣང་བ་ལྟར་དོན་བྱེད་ནུས་པ། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་དང། དེ་ལྟར་མི་ནུས་པ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཟེར། ཡང་ཁ་ཅིག། །རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་དོན་བྱེད་ནུས་པའི་ཆོས་དེ། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། དེ་ལྟར་མི་ནུས་པའི་ཆོས། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཟེར་རོ། །
དེ་གཉིས་ཀ་ལ་འོ་ན་སྐབས་འདིར་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གང་རུང་ཡིན་ན་ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་པར་ཐལ། མཚན་ཉིད་འཐད་པའི་ཕྱིར། འདོད་ན། དངོས་པོ་ཡང་དག་པར་སྐྱེ་བ་དང༌། སོགས་སྒྲས་ཡང་དག་པར་འཇིག་པ་རྣམས་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། དེར་ཐལ། ཕྱོགས་སྔ་མས་དེ་ནི་དབང་ཤེས་ལ་མི་སྣང་བས་ལོག་པའི་ཀུན་རྫོབ་ཡིན་པ་ལྟར། དེ་བཀག་པའི་སྟོང་པ་ཡང་དབང་ཤེས་ལ་མི་སྣང་བས་ལོག་པའི་ཀུན་རྫོབ་ཏུ་བྱེད་དགོས་ཞེས་རྩོད་པ་གང་ཞིག །ལན་དུ་ཡང་དག་པའི་སྐྱེ་བ་དང་འགག་པ་བཀག་པའི་མ་ཡིན་དགག་དགག་གཞི་དངོས་པོ་སྣང་བའི་དབང་ཤེས་ལ་སྣང་བའི་ཡང་དག་ཀུན་རྫོབ་ཡིན་པས་སྔ་མ་དང་མི་མཚུངས་པར་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། བདེན་གཉིས་རང་འགྲེལ་ལས། ཡང་དག་པའི་སྐྱེ་བ་ལ་སོགས་པ་དངོས་པོ་སྣང་བ་ན་མི་སྣང་བས་ལོག་པའི་ཀུན་རྫོབ་ཡིན་པ་བཞིན་དུ་ཡང་དག་པའི་སྐྱེ་བ་ལ་སོགས་པ་བཀག་པ་ཡང་དགག་གཞིའི་དངོས་པོ་སྣང་བའི་བློ་ལ་མི་སྣང་བས་ལོག་པའི་ཀུན་རྫོབ་ཏུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དབང་ཤེས་ལ་གསལ་བར་སྣང་ལ་མེད་ན་ལོག་པའི་ཀུན་རྫོབ་ཡིན་པར་དབུ་སེམས་མཐུན་པའི་ཕྱིར། གཉིས་པ་གྲུབ་སྟེ། བདེན་གཉིས་རང་འགྲེལ་ལས་མི་སྣང་བ་མ་ཡིན་ཏེ། དངོས་པོའི་ངོ་བོ་དང་ཐ་མི་དད་པའི་ཕྱིར། ཞེས་དང༌། ལམ་རིམ་ཆུང་ངུ་ལས། 255བདེན་པར་ཡོད་པ་བཀག་པའི་རྣམ་པ་བཅད་ཙམ་མིག་ཤེས་སོགས་ལ་སྣང་བ་མིན་གྱི། མ་ཡིན་དགག་ལ་དགོངས་པས་དེ་འདྲ་དེ་ཀུན་རྫོབ་མཚན་ཉིད་པ་ཡིན་ཀྱང། 256བདེན་པར་རྣམ་པར་བཅད་ཙམ་གྱི་སྟོང་པ་དོན་དམ་བདེན་པར་མི་འགལ་ལོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་ཡིན་པར་ཐལ། དེ་ལྟར་བཤད་པ་ཞི་འཚོའི་དགོངས་པ་ཡིན་པའི་ཕྱིར་ཏེ། ལམ་རིམ་ལས། དབུ་མ་རྒྱན་ལས་དོན་དམ་པར་སྐྱེ་བ་སོགས་བཀག་པ་ཡང་དག་ཀུན་རྫོབ་ཏུ་གཏོགས་པ་ཡིན་ཀྱང་དོན་དམ་པ་དང་མཐུན་པས་དེར་བཤད་ལ། ཞེས་གསུངས་པའི་ཕྱིར།
ཡང་ཁ་ཅིག།།བདེན་གཉིས་སྣང་བའི་བློ་རྟོག་པ་ལ་བྱེད་པ་དང༌། ཡང་ཁ་ཅིག །ཡང་ལོག་ཐམས་ཅད་དངོས་པོ་ལ་འདོད་པ་དག་གཏན་ནས་མི་འཐད་པར་ཐལ། འདི་ནི་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་དབང་པོ་དྲུག་གི་ཡུལ་གསལ་བར་སྣང་བའི་དངོས་པོ་སོགས་ཡུལ་དྲུག་སྣང་བ་ལྟར་དོན་བྱེད་པ་སྟེ་དོན་ཡོད་ཅིང་རུང་བ་ཡང་དག་ཀུན་རྫོབ་དང༌། འཕྲལ་གྱི་ཕྱི་ནང་གི་འཁྲུལ་རྒྱུས་སླད་པའི་དབང་པོ་དྲུག་གི་ཡུལ་གསལ་བར་སྣང་ཡང་སྣང་བའི་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཏུ་བཞག་དགོས་པའི་ཕྱིར། དེར་ཐལ། རང་སྣང་བའི་དབང་པོ་དྲུག་གི་ཤེས་པ་གསལ་བའི་རྣམ་ཅན་ལ་གསལ་བར་སྣང་བར་འདྲ་ཡང་སྣང་བ་ལྟར་དོན་བྱེད་ནུས་མི་ནུས་སྒོ་ནས་བཞག་པའི་ཕྱིར། ཁྱབ་སྟེ། རྟོག་པ་ལ་གསལ་བའི་རྣམ་ཅན་མི་རུང་བའི་ཕྱིར་ཏེ། རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་རྟོག་མེད་ཤེས་པར་འདོད། །ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བདེན་གཉིས་རང་འགྲེལ་ལས། ཤེས་པ་གསལ་བའི་རྣམ་པ་སྣང་བ་ཅན་དུ་འདྲ་ཡང་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་པ་ལ་མི་སླུ་བ་དང་བསླུ་བ་ཡིན་པར་ངེས་པར་བྱས་ནས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་གཉིས་ཀྱི་མཚན་གཞི་ཡང་ཆུ་སོགས་ཡང་དག་ཀུན་རྫོབ་དང་སྨིག་རྒྱུ་སོགས་ལོག་པའི་ཀུན་རྫོབ་ཏུ་འཇུག་པ་ལྟར་བཞག་པའི་ཕྱིར། དེའི་རྗེས་དེ་མ་ཐག་བདེན་གཉིས་རང་འགྲེལ་ལས། ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་འཇིག་རྟེན་གྱི་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །ཞེས་གསུངས་པའི་ཕྱིར། རང་རིག་འདོད་པའི་རང་རྒྱུད་པའི་ཡུལ་ཅན་མ་གཏོགས་ཡུལ་ཡང་ལོག་འཇུག་པ་དང་འདྲ་ལ། འདིའི་ཡུལ་ཡང་ལོག་ལྟར་དུ་འཇུག་པས་ཀྱང་འདི་ལྟར་བསྟན་ནོ། །ཡང་བོད་ཁ་ཅིག་ན་རེ། དོན་དམ་རྗེས་མཐུན་དང་རྣམ་གྲངས་མ་ཡིན་པའི་ཁྱད་པར་ཡོད་དེ། བདེན་མེད་རྗེས་དཔག་གི་གཞལ་བྱ་དོན་དམ་རྗེས་མཐུན་པ་དང་ཀུན་རྫོབ་ཡིན། འཕགས་པའི་མཉམ་བཞག་གི་ཡུལ་ཁོ་ན་རྣམ་གྲངས་མ་ཡིན་པའི་དོན་དམ་དང་དོན་དམ་དངོས་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། རིགས་ཤེས་རྗེས་དཔག་གི་གཞལ་བྱ་སྟོང་ཉིད་དོན་དམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དོན་དམ་བདེན་པ་ཡིན་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དེ་བཞིན་ཉིད་དང༌། ཡང་དག་མཐའ་དང༌། ཆོས་དབྱིངས། དོན་དམ་བདེན་པ་རྣམས་རྣམ་གྲངས་ཡིན་པའི་ཕྱིར་ཏེ། ལམ་རིམ་ལས། རིགས་ཤེས་རྟོག་བཅས་ཀྱི་ངོར་སྤྲོས་པ་ཕྱོགས་གཅིག་ཙམ་དང་བྲལ་བས། སྤྲོས་པ་གཉིས་ཆར་དང་བྲལ་བའི་དོན་དམ་དངོས་མིན་གྱི། སྤྱིར་དོན་དམ་བདེན་པ་དངོས་མིན་ཟེར་བ་མིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དོན་དམ་རྗེས་མཐུན་པ་དང་རྣམ་གྲངས་མ་ཡིན་པ་གཉིས་ཡུལ་ཁོ་ནར་བཤད་པ་མི་འཐད་པར་ཐལ། ཡུལ་ཅན་རིགས་ཤེས་རྗེས་དཔག་དང་མཉམ་བཞག་མི་རྟོག་པ་གཉིས་ཡོད་ལ། དོན་དམ་བཏགས་པ་བ་དང༌། ཡང་དག་ཀུན་རྫོབ་ཡིན་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། ཡང་དག་པའི་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར་དང༌། ལམ་རིམ་ལས། དོན་དམ་གཉིས་བཤད་པ་ཡུལ་ཅན་ལ་མི་བྱེད་པར་ཡུལ་གྱི་དོན་དམ་ཁོ་ན་ལ་བྱེད་པ་གཞུང་གི་དོན་མིན་ནོ། །ཞེས་སོ། །ད་དུང་སྤྲོ་དགོས་ཡོད་ཀྱང་ཡི་གེ་མང་དོགས་དང་དེ་ཙམ་གྱིས་ཕྱོགས་མཐོང་བར་གོ་ནས་མ་བྲིས་སོ། །གཅིག་ཐ་དད་དང༌། དགོས་པ་སླའོ། །
རང་ལུགས་ལ། མདོའི་དོན་དང་བདེན་གཉིས་ཀྱི་རྣམ་བཞག་གཉིས། དང་པོ་ནི། མདོ་ལས། འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་འདི་ལྟ་སྟེ། དཔེར་ན་འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆེན་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ །སོགས་ཀྱི་དོན་བཤད་ན་དཔེ་ཚལ་དྲུག་གིས་མཚོན་ཚུལ་དང༌། བྱང་སེམས་གང་ཡིན་ངོས་བཟུང་བ་གཉིས་ཡོད་དེ། འཛམ་གླིང་གང་བའི་ཉན་ཐོས་དབང་རྣོན་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུའི་སྦྱོར་ལམ་པ་བཞི། མཐོང་ལམ་པ། སྒོམ་ལམ་པ་དང་དྲུག་རིམ་བཞིན་དཔེ་འདམ་བུ་དང་འོད་མ་སོགས་དྲུག་གིས་བསྟན་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེས་ཡོངས་སུ་གང་བའི་ཤེས་རབ་བསྒོམས་པ་ལས་བྱང་སེམས་རིགས་ངེས་སེམས་བསྐྱེད་མ་ཐག་པས་ཡུམ་ལ་ཉིན་གཅིག་བསྒོམས་པའི་བརྒྱ་ཆ་དང་སྟོང་ཆ་སོགས་ལའང་འགྲན་མི་ཐུབ་པའི་ཕྱིར། ཉི་སྣང་ལས། འཛམ་བུ་གླིང་འདི་དགེ་སློང་ཤཱ་རིའི་བུ། ཞེས་པ་ནས། ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེས་ཡོངས་སུ་གང་བའི་དགེ་སློང་རྣམས་ཀྱི་ཤེས་རབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཉིན་གཅིག་བསྒོམས་པ་ཁྱད་པར་དུ་འཕགས་པ་བསྟན་པ་ནི་ཤཱ་རིའི་བུ་གལ་ཏེ་འཛམ་བུ་གླིང་འདི། ཞེས་གསུངས་པའི་ཕྱིར། འདི་འདྲ་ལ་དགོངས་ནས་ལམ་རིམ་དུ་རྩ་རྔ་བ་དང་ཟོར་བ་བརྡར་བའི་དཔེ་གསུངས་པའི་ཕྱིར་ཏེ། སྤྱོད་འཇུག་ལས་ཀྱང༌། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་པའི་ཕྱིར། འདིས་བཟོད་པའི་བྱེད་པར་འབྲས་བུ་བཞིའི་སྤངས་རྟོགས་འདུ་བ་ལ་ངེས་པ་སྟེར་རོ། །དཔེ་ཚལ་དྲུག་གིས་མཚོན་ཚུལ་ཡོད་དེ། ཉན་ཐོས་ཀྱི་སྦྱོར་ལམ་དྲོད་འདམ་བུ་ལྟར་ལས་ཉོན་ཆུང་ངུ་ཡང་མི་བཟོད། རྩེ་མོ་འོད་མ་གཅད་དཀའ་བ་ལྟར་ལས་ཉོན་དྲག་པོས་ཀྱང་དགེ་རྩ་བཅད་དཀའ་བ་དང༌། བཟོད་པ་བུར་ཤིང་མངར་བ་ལྟར་བདེ་འགྲོ་དང་ཆོས་བསྒོམས་པའི་མངར་བ་ཁོ་ན་དང༌། སྨིག་མ་མྱུར་སྐྱེས་ལྟར་ཆོས་མཆོག་གིས་མཐོང་ལམ་མྱུར་དུ་བསྐྱེད། འབྲས་མཆོག་གམ་དང་པོ་ལྟར་མཐོང་ལམ་གྱི་འཕགས་པའི་འབྲས་བུ་མཆོག་གམ་དང་པོ་ཐོབ། ཏིལ་གྱི་མེ་ཏོག་འདྲ་ཡང་འབྲས་བུ་མི་འདྲ་བ་ལྟར་སྒོམ་ལམ་བར་ཆད་མེད་ལམ་རྣམས་ནི། མཐོང་ལམ་དང་རྟོགས་ཚུལ་འདྲ་ཡང་འབྲས་བུ་སྒོམ་སྤང་ལ་ཁྱད་པར་ཡོད་པ་རྣམས་ཡིན་པའི་ཕྱིར། ཉི་སྣང་ལས། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་རྣམས་དང༌། མཐོང་བ་དང་སྒོམ་པའི་ལམ་དག་ལ་གོ་རིམ་བཞིན་དུ་འདམ་བུ་ལྟར། ནས། 257སྒོམ་སྤང་ལ་ཁྱད་པར་མཐོང་བའི། ཞེས་གསུངས་པའི་ཕྱིར། བྱང་སེམས་ཡང་སོ་སྐྱེ་སྔར་བཤད་པ་ལྟར་ཡིན་ཏེ། སེམས་དང་པོ་སྐྱེད་མ་ཐག་དང༌། སྤྱོད་པ་ལ་ཞུགས་པ་དང༌། ཕྱིར་མི་ལྡོག་པའི་ས་ལ་ཞུགས་པ་དང༌། སྐྱེ་བ་གཅིག་ཐོག་གི་བྱང་སེམས་བཞིའི་ཕྱི་མ་གསུམ་རེ་རེ་ནས་མ་ཡིན་པའི་ཕྱིར། ཉི་སྣང་ལས། རེ་ཞིག་བཞི་པ་ནི་མ་ཡིན་ཏེ། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཞེས་བཤད་པའི་ཕྱིར། ཞེས་སོ། །གསུམ་པ་གྲུབ་སྟེ། ཉི་སྣང་ལས། གསུམ་པ་ཡང་མ་ཡིན་ཏེ། 258དགོངས་པ་ཅན་གྱི་མྱ་ངན་ལས་འདའ་བ་བཀག་པས། ཞེས་སོ། །གཉིས་པ་གྲུབ་སྟེ། ཉི་སྣང་ལས། གཉིས་པ་ཡང་མ་ཡིན་ཏེ། དེ་ཡང་དེ་རྣམས་ལས་རྟོགས་པ་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། དེ་ལྟར་ཡང་རྒྱུན་ཏུ་ཞུགས་259པའི། ནས། བཟོད་པ་ཡིན་ནོ། །ཞེས་སོ། །དེས་ན་དང་པོ་མི་ཉམས་པའི་རིགས་ངེས་ཀྱི་བྱང་སེམས་སེམས་བསྐྱེད་མ་ཐག་པ་ཡིན་པའི་ཕྱིར་ཏེ། ཉི་སྣང་ལས། དེ་བས་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་བརྡའ་ལས་བྱུང་བའི་སེམས་ཀྱིས་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ། ནས། དེ་ཉིད་འདིར་མངོན་པར་བཞེད་པར་མངོན་ནོ། །ཞེས་གསུངས་པའི་ཕྱིར།
(257) པར་ཐེངས་གཉིས་པ། སྒོམ་པ་ལས་སྤངས་པའི་ཁྱད།
གཉིས་པ་ལ་བདེན་གཉིས་ཀྱི་དབྱེ་གཞི་དང༌། ཇི་ལྟར་དུ་ཕྱེ་བའི་གྲངས་ངེས་དང༌། དེ་ལྟར་དུ་ཕྱེ་བའི་དོན་དང༌། ཕྱེ་བ་སོ་སོར་བཤད་པ་བཞི། དང་པོ་ནི། ཤེས་བྱ་བདེན་གཉིས་ཀྱི་དབྱེ་གཞི་ཡིན་ཏེ། བསླབ་བཏུས་སུ་དེ་ལྟར་བཤད་པས་སོ། །གཉིས་པ་ནི། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་ཏེ། དེ་ལ་དེ་གཉིས་དབྱེར་ཡོད། དེ་ལས་མང་མི་དགོས། ཉུང་ན་མི་འདུ་བའི་ཕྱིར་ཏེ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་260དེ་བཞིན་དོན་དམ་ཏེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་དང༌། རྩ་ཤེ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པ་འོ། །ཞེས་སོ། །གསུམ་པ་ཡོད་དེ། བདེན་པ་གཉིས་སུ་ཕྱེ་བའི་དོན་ངོ་བོ་གཅིག་ལ་ལྡོག་པ་སྟེ་གཞན་སེལ་ལ་ལྟོས་པའི་ཐ་དད་པ་ཡིན་པའི་ཕྱིར། དེར་ཐལ། བདེན་གཉིས་ངོ་བོ་གཅིག་ཙམ་ཡང་མ་ཡིན་པའི་ཐ་དད་ན་དགོངས་འགྲེལ་ལྟར་སྐྱོན་བཞི་ཡོད། ལྡོག་པ་ཙམ་ཡང་ཐ་དད་མེད་པའི་གཅིག་ཡིན་ནའང་སྐྱོན་བཞི་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། བདེན་གཉིས་ངོ་བོ་ཐ་དད་ཡིན་ན། གཟུགས་བདེན་མེད་གཟུགས་ཀྱི་ཆོས་ཉིད་མ་ཡིན་པར་ཐལ་བ་དང༌། སྟོང་ཉིད་རྟོགས་པའི་བློས་བདེན་འཛིན་ཟིལ་གྱིས་མི་གནོན་པར་ཐལ་བ་དང༌། སྣང་ཚུལ་གནས་ལུགས་མཐར་ཐུག་ཡིན་པས་ལམ་བསྒོམ་པ་དོན་མེད་པར་ཐལ་བ་དང༌། གནས་ངན་ལེན་གྱི་འཆིང་བ་མ་ལུས་པ་མི་སྤངས་པར་ཐལ་བའི་སྐྱོན་བཞི་ཡོད་པའི་ཕྱིར་ཏེ། ཇོ་བོའི་དབུ་མའི་མན་ངག་གི་འགྲེལ་པ་སྠ་བི་རས་མཛད་པ་ལས། ཐ་དད་ན་ནི་ཆོས་ཅན་དང་ཆོས་ཉིད་དུ་ཡང་མི་འགྱུར་ལ། འདུས་བྱས་ཀྱི་མཚན་མ་ཟིལ་གྱིས་གནོན་པར་ཡང་མི་འགྱུར་ཏེ། ལམ་སྒོམ་པ་ཡང་དོན་མེད་པར་འགྱུར་རོ། །ཞེས་དང༌། དགོངས་འགྲེལ་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་འགྱུར་ན་ནི། ནས། མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་261ཕྱིར་དང། རྣམ་བཤད་ལས། ངོ་བོ་ཐ་དད་ཡིན་ན་ཡང་དེ་ལས་གསུངས་པའི་ཉེས་པ་བཞིར་འགྱུར་བས། ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ལྡོག་པ་ཐ་དད་མིན་ན་གཅིག་ཡིན་དགོས་པས་དེ་ལྟར་ན་ཉོན་མོངས་སྤོང་བ་ལྟར་ཆོས་ཉིད་ཀྱང་སྤོང་བར་ཐལ་བ་དང༌། གཟུགས་སོགས་མི་འདྲ་བ་ཐ་དད་པ་ལྟར་ཆོས་ཉིད་ཀྱང་མི་འདྲ་བ་ཐ་དད་པར་ཐལ་བ་དང༌། སོ་སོ་སྐྱེ་བོས་ཀྱང་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ་བ་དང༌། སོ་སྐྱེ་ཡིན་བཞིན་དུ་སྒྲིབ་པ་ཐམས་ཅད་སྤངས་པ་དང༌། བླ་ན་མེད་པར་སངས་རྒྱས་པར་ཐལ་བའི་སྐྱོན་བཞི་ཡོད་པའི་ཕྱིར་ཏེ། སྠ་བི་རས་ཇོ་བོའི་དབུ་མའི་མན་ངག་གི་འགྲེལ་བ་ལས། ཀུན་རྫོབ་སྤོང་བ་བཞིན་དུ་དོན་དམ་262པ་སྤོང་བ་ཉིད་དུ་འགྱུར་ལ། ཀུན་རྫོབ་ཐ་དད་པ་བཞིན་དུ་དོན་དམ་པ་ཡང་ཐ་དད་པ་ཉིད་དུ་འགྱུར་རོ། །ཞེས་སོགས་དང༌། དགོངས་འགྲེལ་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི། ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་ལས་ཀྱང༌། བདེན་གཉིས་གཅིག་ཡིན་ན་དགོངས་འགྲེལ་ལས་གསུངས་པའི་ཉེས་པ་བཞིར་འགྱུར་ལ། ཞེས་གསུངས་པའི་ཕྱིར། རྒྱས་པར་ཕར་ཕྱིན་རྒྱས་པར་ལྟོས། གཞན་དུའང་ཁོ་བོས་བཤད་ཡོད། དེས་ན་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་ཐ་དད་པ་ཡིན་ཏེ། གཟུགས་ལ་མ་གཏོགས་པའི་གཟུགས་ཀྱི་ཆོས་ཉིད་མེད་གཟུགས་ཀྱི་ཆོས་ཉིད་དང་བྲལ་བའི་གཟུགས་མེད་པས་ཆོས་དང་ཆོས་ཉིད་ངོ་བོ་གཅིག་པ་གང་ཞིག །དེ་ལྟར་ངོ་བོ་གཅིག་པས་གཅིག་མེད་ན་གཅིག་ཤོས་ཀྱང་མེད་དགོས་པས་མེད་ན་མི་འབྱུང་གི་ཕན་ཚུན་བདག་གཅིག་འབྲེལ་ཡང་གྲུབ་ལ། སྒྲ་རྟོག་གི་263ངོ་ན་གཟུགས་དང་གཟུགས་བདེན་མེད་བརྗོད་པའི་སྒྲ་གཉིས་ཀྱིས་རེ་རེ་ནས་དོན་གཉིས་ཀ་ཅིག་ཅར་མི་སྟོན་པར་སོ་སོར་དངོས་སུ་264བརྗོད་པ་ལྟར་རྟོག་པ་གཉིས་ཀྱིས་ཀྱང་སོ་སོར་འཛིན་པས་ལྡོག་པའམ་གཞན་སེལ་ལ་ལྟོས་ནས་ཐ་དད་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལྟ་བའི་དཔྱད་པ་རྫོགས་ཚེ་གཟུགས་གདགས་གཞི་ལ་བརྟེན་ནས་བྱུང་ན་རང་བཞིན་ནམ་རང་དབང་བས་སྟོང་པ་ཉིད་དམ་ཁོ་ན་ཡིན། རང་བཞིན་ནམ་རང་དབང་བས་སྟོང་པ་ཉིད་དམ་ཁོ་ན་ཡང་གདགས་གཞི་དང་ཚོགས་པའི་དབང་གིས་གཟུགས་སུ་སྣང་བའི་ཕྱིར་ཏེ། རྗེ་རིན་པོ་ཆེས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་པའི་ཕྱིར། དེས་ན། དེ་བཞིན་དུ་ཕུང་པོ་ལྔ་སོགས་ཆོས་ཐམས་ཅད་ལ་265འདྲ་སྟེ། ཤེས་རབ་སྙིང་པོ་ལས། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཞེས་དང༌།
(260) པར་ཐེངས་གཉིས་པ། དོན་དམ་དེ་བཞིན་ཏེ།
བྱང་ཆུབ་སེམས་འགྲེལ་ལས་ཀྱང༌། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དབུ་མ་སྣང་བ་སོགས་ལས་ཀྱང་བཤད་པའི་ཕྱིར་ཏེ། དབུ་མ་སྣང་བར་ཤེར་ཕྱིན་དྲངས་པ་ལས་ཀྱང༌། བཅོམ་ལྡན་འདས་ཅི་ལགས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་ཡང་གཞན་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ། དོན་དམ་པ་ཡང་གཞན་ནི་མ་ཡིན་ཏེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་ཁོ་ན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། བྱང་ཆུབ་སེམས་འགྲེལ་ལས། མེད་ན་མི་འབྱུང་ངེས་པའི་ཕྱིར། །ཞེས་སོ། །རྩ་རྟགས་གསུམ་པ་གྲུབ་སྟེ། བྱང་ཆུབ་སེམས་འགྲེལ་ལས། བྱས་དང་མི་རྟག་266པ་བཞིན་ནོ། །ཞེས་དང༌། རྣམ་འགྲེལ་ལས། དངོས་པོའི་ངོ་བོ་ཉིད་གཅིག་ཕྱིར། །ངོ་བོ་ཐ་དད་བློ་གང་ལས། །སོགས་དང༌། ཡང༌། རྣམ་འགྲེལ་ལས། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱི་མས་ལྡོག་པའི་དོན་ཡང་བཤད་ལ། ཡང་རྣམ་འགྲེལ་ལས། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་པས་ཤིན་ཏུ་གསལ་བར་བཤད་པའི་ཕྱིར། ཁྱབ་སྟེ། དེ་དག་གི་སེལ་བ་རྣམས་དོན་དམ་པའི་ངོ་བོ་ལ་མི་འཇུག་པས་སྒྲུབ་འཇུག་གི་སྒྲ་རྟོག་མེད་པའི་ཕྱིར་ཏེ། སེལ་ངོ་ན་ཐ་དད་པའི་ཚུལ་ཤེས་དགོས་པའི་ཕྱིར། རྗེའི་ལམ་སྒྲིགས་ལས། དེས་ན་གཞི་སྒྲ་ལྟ་བུ་ལ་རིགས་མཐུན་ལས་ལོག་པ་དང༌། མི་མཐུན་ལས་ལོག་པའི་ལྡོག་པ་དུ་མར་དབྱེར་རུང་ལ་ལྡོག་པ་དེ་དག་གི་སྒོ་ནས་སྒྲ་མི་རྟག་པ་ལྟ་བུའི་རང་གི་མཚན་ཉིད་དཔྱིས་ཕྱིན་ཁོ་ནར་རྟོགས་ཤིང༌། ལྡོག་ཆོས་ཐ་དད་པ་དེ་དག་ཀྱང་དངོས་མིང་སོ་སོས་རྟོག་པ་སོ་སོའི་ཡུལ་དུ་གོ་དགོས་པས་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པར་ཐལ་བའི་སྐྱོན་མེད་དོ། །ཞེས་པའོ། །ཞེས་དང༌། རྣམ་འགྲེལ་ལས། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡ་མ་ཡིན། །ཞེས་གསུངས་པའི་ཕྱིར། འདི་དག་གི་གོ་བ་མ་ཆགས་པས་དབུ་ཚད་ཕར་སོགས་ཕྱོགས་མཐོང་རེས་ཡིག་ཆ་བྱེད་ཁུལ་གྱིས་ལྡོག་པ་ཐ་དད་སོགས་ལ། རྫུན་གྱི་རི་མོ་ཐམས་ཅད་མཁྱེན་པས་ཀྱང་མ་གཟིགས་པ་མང་པོ་སྤྲོས་སྣང་སྟེ། དགག་པའི་ངལ་བ་མ་བྱས་ཏེ། དེ་དག་འདིར་ནི་སྤྲོ་བྱ་མིན་ཞེས་པ་ཁོ་ནར་267གྱུར་ཏོ། །
བཞི་པ་སོ་སོའི་དོན་ལ་གཉིས་ལས། ཀུན་རྫོབ་བདེན་པ་ལ་མཚན་ཉིད། དབྱེ་བ། སྒྲ་བཤད་གསུམ། དང་པོ་ནི། ཐ་སྙད་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་རྙེད་དོན་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། འཇུག་པ་ལས། མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པའི་ཕྱིར། ཡང་ན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱིས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་བྱའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད་དེ། སྤྱོད་འཇུག་ལས། བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །དེ་ལ་དབྱེ་ན་རང་ཡིན་གྱི་ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས་ཡོད། རང་མངོན་སུམ་དུ་སྣང་བའི་བློ་ལ་སྣང་བ་ལྟར་གྱི་དོན་འཇིག་རྟེན་ན་ཡང་དག་པར་གྲགས་པའི་ཆོས། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། དབྱེ་ན་གཟུགས་སོགས་ཡུལ་ལྔ་ལྟ་བུ་སྒྲུབ་པ་རང་དབང་བའི་དངོས་པོ་དང༌། ཡང་དག་པར་སྐྱེ་བ་དང་འགག་པ་མེད་པ་མ་ཡིན་དགག་རྣམས་ནི་ཡང་དག་ཀུན་རྫོབ་དང༌། དོན་དམ་རྗེས་མཐུན་པ་དང༌། འདུ་མ་བྱས་ཀྱི་ནམ་མཁའ་ལྟ་བུ་མེད་དགག་སོགས་ཡོད་དེ། བདེན་གཉིས་རང་འགྲེལ་ལས། ཆུ་ལ་སོགས་པ་དང༌། འཇིག་རྟེན་གྱི་ཡང་དག་པ་དང༌། ཞེས་སོ། །རང་མངོན་སུམ་དུ་སྣང་བའི་བློ་ལ་སྣང་བ་ལྟར་གྱི་དོན་འཇིག་རྟེན་ན་རྫུན་པར་གྲགས་པའི་ཆོས་ཀྱི་ཆ་ནས་བཞག་པའི་དོན་དེ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། དེ་ལ་དངོས་པོ་ཡིན་པ་སྒྱུ་མའི་དཔེ་བདུན་དང༌། མེད་པའང་རྟག་པའི་བདག་དང༌། རྟག་པ་རང་བྱུང་གི་དབང་ཕྱུག་སོགས་དང༌། སྒྱུ་མའི་རྟ་རྟ་ཡིན་པ་དང༌། ཟླ་བའི་གཟུགས་བརྙན་ཟླ་བ་ཡིན་པ་ལྟ་བུ་སོགས་ཡིན། ཡང་ལོག་གི་མཚན་ཉིད་དེ་ནི་འཐད་ལྡན་ཡིན་ཏེ། བདེན་གཉིས་རང་འགྲེལ་ལས། དོན་བྱེད་པ་ལ་བསླུ་བ་དང་མི་བསླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། ཞེས་གསུངས་པའི་ཕྱིར། རང་རྒྱུད་པ་རྣམས་ཤེས་པ་ལ་ཡང་དག་ཀུན་རྫོབ་ཀྱིས་ཁྱབ་པར་འདོད་དེ། རང་རིག་ལ་སྣང་བ་ལྟར་གྲུབ་པར་འདོད་པའི་ཕྱིར། གསུམ་པ་ནི། བུམ་པ་ཆོས་ཅན། ཀུན་རྫོབ་པ་བདེན་འཛིན་གྱི་ངོ་ཙམ་དུ་བདེན་པས་ན་ཀུན་རྫོབ་ཅེས་བྱ་སྟེ། དབུ་མ་སྣང་བར་ལང་གཤེགས་དྲངས་པ་ལས། རང་བཞིན་མེད་ལ་འཁྲུལ་པ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་དང༌། དབུ་མ་སྣང་བ་ལས། འདིའམ་འདིས་དེ་ཁོ་ན་ཉིད་འགེབས་པ་ལྟ་བུ་ཀུན་ནས་སྒྲིབ་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཀུན་རྫོབ་ཀྱི་སྐད་དོད་སཾ་བྲི་ཏའི་སཾ་ཡང་དག་དང་བྲི་ཏ་སྒྲིབ་པར་བྱས་ཏེ། མདོ་ལས། ཡང་དག་ཀུན་རྫོབ་འདོད། ཅེས་པ་ཡང་དེ་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ། ཐ་སྙད་བདེན་པ། རྫུན་པའི་ཆོས། བསླུ་བའི་ཆོས་རྣམས་རྣམ་གྲངས་ཡིན།
གཉིས་པ་དོན་དམ་ལ། མཚན་ཉིད། སྒྲ་དོན། དབྱེ་བ། རྣམ་གྲངས་བཞི། གོ་ཐོབ་བྱས་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་དེ། དོན་དམ་བདེན་པའི་མཚན་268ཉིད་དེ། འཇུག་པ་ལས། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །ཞེས་གསུངས་པའི་ཕྱིར། ཡང་ན། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱིས་གཉིས་སྣང་ནུབ་པའི་ཚུལ་གྱིས་269རྟོགས་བྱའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་སོ། །སྒྲ་དོན་ནི། གཟུགས་བདེན་མེད་ཆོས་ཅན། དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཉམ་བཞག་ཡེ་ཤེས་དམ་པའི་རྙེད་དོན་ཡིན་པས་ན་དོན་དམ་དང། རང་མངོན་སུམ་དུ་སྣང་ཚེ་སྣང་ཚུལ་ལྟར་གནས་པས་ན་བདེན་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྟོག་གེ་འབར་བ་ལས། དམ་པའི་དོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ཏོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དོན་དང་དམ་པ་སོ་སོར་བཤད་ན་དེ་ཡིན་ལ། གཉིས་ཀ་དོན་དུའང་བཤད་པའི་ཕྱིར་ཏེ། མཉམ་བཞག་ཡེ་ཤེས་ཀྱི་རྙེད་དོན་དང། དེས་ཤེས་པར་བྱ་བ་ཡིན་པས་དོན་དང། མཆོག་ཡིན་པས་དམ་པ་ཞེས་བཤད་པའི་ཕྱིར། རྟོག་གེ་འབར་བ་ལས། དོན་དམ་པ་ཞེས་བྱ་བ་ལ་དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར། དོན་དེ་རྟོགས་པར་བྱ་བ་དང། གོ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །དམ་པ་ཞེས་བྱ་ནི་མཆོག་ཅེས་བྱ་བའི་ཚིག་གི་སྒྲ་ཡིན་ནོ། །དོན་དམ་པ་ཞེས་བསྡུ་བ་ནི། དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །ཞེས་གསུངས་པའི་ཕྱིར། འདིས་ནི་བོད་ཁ་ཅིག.....ལོ། དོན་དམ་བདེན་པ་ཤེས་བྱ་མ་ཡིན་ཟེར་བ་དང། མ་གོ་བ་ཁ་ཅིག.....རྒྱ་དམར། མཉམ་བཞག་གི་ཡུལ་མེད་པར་འདོད་པ་ཐམས་ཅད་བསལ་བ་ཡིན་ནོ། །རྩ་རྟགས་གཉིས་པ་བདེན་པའི་དོན་གྲུབ་སྟེ། བདེན་གཉིས་རང་འགྲེལ་ལས། དེ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར། སྒྲས་བརྗོད་ཀྱི་སྒོ་ནས་ཡུལ་ཅན་གྱི་ངེས་ངོར་སྤྲོས་པ་ཆོད་ཀྱང་སྣང་ངོར་གཉིས་སྣང་གི་སྤྲོས་པ་མ་ཆོད་པའི་དོན་དམ་རྗེས་མཐུན་པ་དང། སྣང་ངོ་ངེས་ངོ་གཉིས་ཀར་སྤྲོས་པ་ཆོད་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཡོད་དེ། སྔ་མ་ནི་རིགས་ཤེས་རྗེས་དཔག་ཡུལ་བཅས་དང། འཕགས་པའི་རྗེས་ཐོབ་སྒྱུ་མ་ལྟ་བུ་ཡུལ་བཅས་གཉིས་དང། གཉིས་པ་འཕགས་པའི་དོན་དམ་མཉམ་བཞག་ཡེ་ཤེས་དང་ཡུལ་གཉིས་ཀ་ཡིན་པའི་ཕྱིར། དབྱེ་བ་དངོས་ནི་སྟོང་ཉིད་བཞི་དང། བཅུ་དྲུག་དང། བཅོ་བརྒྱད་དང། ཉི་ཤུ་ཡོད་དེ། དགོས་དབང་གིས་ཡིན་པའི་ཕྱིར། བཞི་པ་ནི། དོན་དམ་བདེན་པ་དང། སྟོང་ཉིད་དང། དེ་བཞིན་ཉིད་དང། ཡང་དག་མཐའ་དང། མཚན་མ་མེད་པ་དང། ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་ཡིན་ཏེ། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་གསུངས་པའི་ཕྱིར།
གསུམ་པ་རྩོད་པ་སྤོང་བ་ལ་ཁོ་ན་རེ། ཀུན་རྫོབ་བདེན་པ་གང་གི་ངོ་བོར་བདེན་པའི་སྒྲ་བཤད་པའི་ཀུན་རྫོབ་དང་ཐ་སྙད་བདེན་པ་ཞེས་པའི་ཐ་སྙད་གཉིས་དོན་གཅིག་པར་ཐལ། ཀུན་རྫོབ་བདེན་པ་དང་ཐ་སྙད་བདེན་པ་དོན་གཅིག་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་སྒྲ་བཤད་ཀྱི་ཀུན་རྫོབ་ལ་མ་རིག་པ་ཞིག་དགོས། ཐ་སྙད་བདེན་པའི་ཐ་སྙད་ལ་ཐ་སྙད་པའི་ཆོས་འཇོག་བྱེད་ཀྱི་ཚད་མ་སོགས་དགོས་པའི་ཕྱིར། ཡང་ཁོ་ན་རེ། ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ཡིན་ན་གང་གི་ངོར་བདེན་པའི་ཀུན་རྫོབ་བདེན་པའི་སྒྲ་བཤད་པའི་ཀུན་རྫོབ་ཡིན་པས་ཁྱབ་པར་ཐལ། ཀུན་རྫོབ་བདེན་པའི་སྒྲ་དོན་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ལ་ཤེས་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཤེས་པ་དང་ཤེས་བྱ་ཐ་སྙད་པ་དང། ཡི་གེ་དང་སྐད་རིགས་དང་མིང་དོན་གྱི་བརྡ་སོགས་ཡོད་པའི་ཕྱིར། བློ་གྲོས་མི་ཟད་པའི་མདོ་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྐད་དུ་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་ཡི་གེ་དང་སྐད་དང་བརྡ་དང་བསྟན་པ་དག་གོ །ཞེས་དང། དབུ་མ་སྣང་བ་ལས། བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང། འདི་དང་མཐུན་པར་འཇིག་རྟེན་གྱིས་ཐ་སྙད་ཤེས་པ་དང་ཤེས་བྱའི་བདག་ཉིད་དང། ཡི་གེ་དང་སྒྲས་བསྟན་པ་བརྗོད་པའི་བདག་ཉིད་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ཞེས་བྱ་བར་ཤེས་པར་270བྱ་ཡི། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་བདེན་གཉིས་རྩ་འགྲེལ་དབུ་མ་རྒྱན་སོགས་མཐུན་ནོ། །ཡང་ཁོ་ན་རེ། གཟུགས་རྫུན་པར་སོང་བའི་སངས་འཕགས་ཡོད་པར་ཐལ། གཟུགས་རྫུན་པར་སྣང་བའི་སངས་འཕགས་ཡོད་པའི་ཕྱིར། དེར་ཐལ། རྣམ་མཁྱེན་གྱིས་གཟུགས་རྫུན་པ་དང་སྒྱུ་མ་ལྟ་བུར་གཟིགས་པའི་ཕྱིར། འདོད་ན། གཟུགས་སངས་འཕགས་ལ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། །རྫུན་པའི་དོན་དུ་མ་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། བུམ་པ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། མཐར་ཐུག་དཔྱོད་པའི་རྣམ་མཁྱེན་གྱིས་རྙེད་པའི་ཕྱིར་ན་མ་ཁྱབ། འོ་ན། སྒྲ་ཆོས་ཅན། མིག་ཤེས་ཀྱི་བཟུང་བྱ་ཡིན་པར་ཐལ། སངས་རྒྱས་ཀྱི་མིག་ཤེས་ཀྱི་དེ་ཡིན་པའི་ཕྱིར། ཁྱབ་པ་འགྲིག ཡང་ཁོ་ན་རེ། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་ཆོས་ཅན། ལོག་པའི་ཀུན་རྫོབ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། འཇིག་རྟེན་ཐ་སྙད་ལ་ལོག་པར་གྲགས་པའི་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་ལ་ལོག་ཤེས་སུ་གྲགས་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་མི་ནུས་ཏེ། ཡང་དག་ཀུན་རྫོབ་ཡིན་པའི་ཕྱིར། དེར་ཐལ། རང་མངོན་སུམ་དུ་རྟོགས་པའི་རང་རིག་མངོན་སུམ་ལ་སྣང་བ་ལྟར་གྲུབ་པའི་དངོས་པོ་ཡིན་པའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྗེ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར། ལམ་རིམ་ལས། ཤེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ནི་སྣང་བ་ལྟར་དུ་ཡོད་པར་ངེས་པས་ཡུལ་ཅན་ལ་ཡང་ལོག་གཉིས་མི་འབྱེད་པར། ཞེས་དང། སྐལ་བཟང་མིག་འབྱེད་ལས། ཤེས་པ་ཡིན་པའི་ལོག་པའི་ཀུན་རྫོབ་མི་སྲིད་པའི་ཕྱིར། ཡུལ་ཅན་ལ་ཡང་ལོག་གཉིས་མི་འབྱེད་ཀྱི་ཡུལ་ཁོ་ན་ལ་ཡང་ལོག་གཉིས་སུ་འབྱེད་དོ། །ཞེས་གསུངས་པའི་ཕྱིར།
(270) པར་ཐེངས་གཉིས་པ། བྱའོ། །
དེ་ལ་ཁོ་ན་རེ། རི་བོང་རྭ་ཆོས་ཅན། ལོག་པའི་ཀུན་རྫོབ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། འཇིག་རྟེན་ན་མེད་པར་གྲགས་པའི་ཕྱིར་ན་མ་ཁྱབ། རྩ་བར་འདོད་མི་ནུས་ཏེ། དེ་གསལ་བར་སྣང་བ་དང་རྫུན་པར་འཇིག་རྟེན་ན་གྲགས་པ་གཉིས་ལྡན་མ་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ལོག་པའི་ཀུན་རྫོབ་ལ་ཡོད་པས་ཁྱབ་པར་ཐལ། རི་བོང་རྭ་དེ་མ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ལོག་པའི་ཀུན་རྫོབ་ལ་ཡང་དག་པར་སྐྱེ་བ་དང། རྣམ་ཤེས་བདེན་གྲུབ་དང། གྲངས་ཅན་གྱི་གཙོ་བོ་དང། རྒྱང་ཕན་གྱི་འབྱུང་བ་ལས་གྱུར་པ་དང། རིག་པ་ཅན་གྱི་བེམ་པོ་སོགས་ཀྱང་ལོག་པའི་ཀུན་རྫོབ་སྟེ་ཀུན་རྫོབ་ལོག་པ་ཡིན་པའི་ཕྱིར་ཏེ། བདེན་གཉིས་ལས། ཡང་དག་མིན་ནི་ཀུན་བཏགས་ཡིན། །ཞེས་དང། དེའི་རང་འགྲེལ་ལས། ཡང་དག་པར་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་རྟོག་པའི་བཟོས་སྦྱར་བ་སྟེ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་གསུངས་པའི་ཕྱིར། རྩ་བའི་ནི། ཞེས་པས་བརྣན་ནས་སམ། གོ་རིམ་བཟློག་དགོས་ལ། ཀུན་རྫོབ་བདེན་པ་སྒྲ་བཤད་པ་ཙམ་ཡིན་པའི་ཕྱིར་ཏེ། དེའི་རང་འགྲེལ་ལས། ནི་ཞེས་བྱ་བ་ནི་བརྣན་271པའམ་གོ་རིམ་བཟློག་པའོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དངོས་པོ་ཡིན་ན་ཡང་དག་ཀུན་རྫོབ་ཡིན་པས་ཁྱབ་པར་ཐལ། བདེན་གཉིས་ལས། དངོས་ཙམ་རྟེན་ནས་གང་སྐྱེས་དེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དངོས་ཙམ་ཞེས་པའི་ཙམ་སྒྲས་སྒྲོ་བཏགས་པ་གཅོད་པའི་ཕྱིར་ཏེ། བདེན་གཉིས་ལས། བཏགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ། ཞེས་གསུངས་པའི་ཕྱིར་དང། རང་འགྲེལ་ལས། བཏགས་པའི་དོན་ནི་ཡང་དག་པར་272སྐྱེ་བ་དང། ཞེས་སོགས་གསུངས་པའི་ཕྱིར། རྩ་བར་འདོད་མི་རིགས་པར་ཐལ། སྨིག་རྒྱུ་དང་རྨི་ལམ་སོགས་དངོས་པོ་ཡིན་ཀྱང་273གྲགས་པ་དང་འདྲེས་པའམ་སྒྲོ་བཏགས་པས་བསླད་པའི་ཕྱིར། ཡང་ཁོ་ན་རེ། དོན་དམ་བདེན་པ་སྤྲོས་བྲལ་ཡིན་པར་ཐལ། འཕགས་པའི་མཉམ་བཞག་དང་དེའི་ཡུལ་གཉིས་སྤྲོས་བྲལ་རྣམ་གྲངས་མ་ཡིན་པའི་དོན་དམ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཡུལ་མཉམ་བཞག་རྟོག་བྲལ་གྱི་དབང་གིས་ཡིན་པའི་ཕྱིར། རྩ་བར་འདོད་ན། དོན་དམ་བདེན་པ་ཆོས་ཅན། ཁྱོད་ཡུལ་ཅན་ལ་མ་ལྟོས་པའི་སྤྲོས་བྲལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་བདེན་པར་འཛིན་པའི་བདེན་འཛིན་གྱི་སྤྲོས་པ། བདེན་པར་སྒྲོ་འདོགས་པའི་སྒྲའི་སྤྲོས་པ་མཐའ་ཡས་པ་མེད་པར་ཐལ། ཁྱོད་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར། ཁྱབ་སྟེ། སྟོང་ཉིད་སྟོང་ཉིད་དང། དོན་274དམ་བདེན་པ་སྟོང་ཉིད་དུ་སྟོན་པའི་རྒྱུ་མཚན་རེ་ཡོད་པའི་ཕྱིར། དེ་སྐད་དུ། ལམ་རིམ་ལས། དེས་ན་བློ་འགའ་ཞིག་གི་ངོར། ཞེས་པ་ནས། བདེན་སྟོང་དེ་གཉིས་སྣང་གི་སྤྲོས་པ་ཐམས་ཅད་དང་བྲལ་བ་མི་སྲིད་པས། དོན་དམ་བདེན་པ་ཡིན་ན་གཉིས་སྣང་གི་སྤྲོས་པ་ཐམས་ཅད་དང་བྲལ་དགོས་པ་གཞུང་གི་དོན་མིན་ནོ། །ཞེས་གསུངས་པའི་ཕྱིར། འདིས་ནི་བླུན་པོའི་སྤྲོས་བྲལ་གྱི་ལོག་རྟོག་འབྱུང་བའི་བུ་ག་ཐམས་ཅད་ཅིག་ཆར་བསུབས་ཏེ་རྒྱ་བྱས་སོ། །
(271) པར་ཐེངས་གཉིས་པ། པའི་དོན་ནམ་གོ།
སྨྲས་པ།
སྨྲ་བའི་ཟླ་བ་སྟོན་པ་མཆོག་དེ་ཡིས། །
ཐེག་གསུམ་དགེ་འདུན་རྒྱུ་སྐར་ཚོགས་མཛེས་ནང། །
ངེས་དོན་བདུད་རྩིའི་སྤྲོས་པ་མང་མཛད་པས། །
རྒྱ་བོད་མཁས་མང་བློ་ཡི་རྒྱ་མཚོ་འཕེལ། །
སྐལ་ལྡན་གདུང་བའི་ནད་སེལ་དེང་དུས་ཡང། །འཇམ་དབྱངས་བཞད་པའི་ཀུནྡའི་རེ་བ་སྐོང། །ཤེས་སམ་ཤེར་ཕྱིན་བདུད་རྩིའི་སྒོ་བརྒྱ་ཕྱེ། །སྤྱད་པར་རིགས་སམ་ནད་གདུང་འགྲོ་རྣམས་ཀྱཻ། །ལ་ལའི་འཁྲུལ་འབྱམས་ཁ་ཅིག་མུ་ཏོའི་ཕྱེ། །ཕལ་ཆེར་ཐེ་ཚོམ་འགའི་ཚིག་དོན་བྲལ་རྫུན། །འགའ་ཞིག་ཤེས་རློམ་ཐུབ་ཚོད་སྨྱོན་པའི་གར། །མང་པོའི་མུན་མདའ་གཏན་བྲལ་ཅི་ཡང་བྱས། །ད་དུང་ལྔ་ཕྲག་དྲུག་སྐད་བདེན་སྙམ་ནས། །ཐུབ་དབང་འཁོར་གྱི་རྒྱལ་སྲས་དཔའ་མང་གིས། །ཐུབ་བསྟན་སྤེལ་བའི་ཐུགས་ཁུར་མི་འདོར་བས། །འདི་བྱས་སྐལ་མཉམ་ལ་བསམ་གཡར་ཁྲལའང་ཡིན། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
