ཀུན་མཁྱེན་ཕར་ཕྱིན་ལས་གདམས་ངག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-09 20:47:25     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 264271234036707125.jpg

    གཉིས་པ་གདམས་ངག་ལ་རྩ་བའི་སྒོ་ནས་ངོ་བོ་ལ་དཔྱད་པ་དང༌། འགྲེལ་བའི་སྒོ་ནས་གདམས་དོན་སོ་སོ་ལ་དོགས་པ་དཔྱོད་པ་གཉིས། དང་པོ་ནི། རྩ་བར། སྒྲུབ་དང་བདེན་པ་རྣམས་དང་ནི། །སོགས་བྱུང༌། འདི་ལ་འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། ཡུམ་ལས། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་ནི་བྱང་སེམས་ཡང་དག་པར་རྗེས་སུ་མི་མཐོང༌། སོགས་ཀྱི་གདམས་ངག་གི་དོན་བཅུར་བཤད་པ་ལ་འདི་བྱུང༌། གཉིས་པ་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་གདམས་ངག་ལ་བཅུ་ཡོད་དེ། སྒྲུབ་པ་ལ་འདོམས་པའི་གདམས་ངག་ནས། སྒོམ་ལམ་ལ་འདོམས་པའི་གདམས་ངག་གི་བར་བཅུ་ཡོད་པའི་ཕྱིར། མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པར་བྱེད་པའི་ཐབས་མ་ནོར་བར་སྟོན་པར་བྱེད་པའི་སངས་རྒྱས་ཀྱི་བཀར་དམིགས་པ། ཐེག་ཆེན་གདམས་ངག་གི་མཚན་ཉིད་ཟེར་ན། སངས་རྒྱས་ཀྱི་བཀའ་ཆོས་ཅན། ཐེག་ཆེན་གྱི་གདམས་ངག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་འདྲའི་ཐབས་མ་ནོར་བ་སངས་རྒྱས་ཀྱི་བཀའི་བརྗོད་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དུ་གྱུར་པའི་ཐེག་དམན་གྱི་གདམས་ངག་ཡོད་པའི་ཕྱིར། གཞན་ཡང༌། ཉི་སྣང་དང་འགྲེལ་པ་དོན་གསལ་ཆོས་ཅན། མཚན་ཉིད་དེར་ཐལ། ཐེག་ཆེན་གྱི་གདམས་ངག་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བསྟན་བཅོས་ཡིན་པའི་ཕྱིར། འདོད་ན། སློབ་དཔོན་སངས་འཕགས་ཡིན་པར་ཐལ། འགྲེལ་པ་བཀའ་ཡིན་པའི་ཕྱིར། ཡང་ཁ་ཅིག།།ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་རྣམ་དག་དེ། གདམས་ངག་གི་མཚན་ཉིད་ཡིན་ཟེར་ན། གསེར་འོད་རྔ་སྒྲ་བྱུང་མ་ཐག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། བཀའ་བསྟན་བཅོས་གང་རུང་ཡིན་པའི་ཕྱིར། འདོད་ན། ངག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་རྒྱུ་སྐྱེས་བུའི་བྱེད་པ་ལྕེ་རྐན་ལས་བྱུང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། གདམས་ངག་ལ་ངག་གིས་ཁྱབ་པར་ཐལ། འདིར་བསྟན་གདམས་ངག་བཅུ་པོ་ངག་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དོན་བསྡུས་སྒྲོན་མེ་ལས། གདམས་ངག་རྣམ་པ་བཅུ་ཡིན་ཏེ། །ངོ་བོ་ངག་གི་འཁོར་ལོ་ཡིན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། 248ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་པ་ལ་ཚོགས་ལམ་249ཆེན་པོ་དགོས་ཟེར་ན། འོ་ན། དེ་ལ་གདམས་ངག་དངོས་སུ་ཉན་པའི་ལམ་མ་ཞུགས་ཀྱི་གང་ཟག་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་གདམས་ངག་ཉན་པའི་ཐེག་པ་གསུམ་ཀའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དུ་མ་བཤད་པའི་ཕྱིར་ཏེ། དཀོན་མཆོག་སྒྲོན་མེ་ལས། དད་པ་རྒྱལ་བ་ཐམས་ཅད་སྟོན་བྱེད་ཡིན། །ཞེས་དང། མདོ་ལས། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ ཞེས་དང། རྣམ་བཤད་ལས། སྤྱིར་ལམ་དུ་མ་ཞུགས་པས་ཀྱང་དེ་ལས་ཐེག་ཆེན་གྱི་གདམས་ངག་དངོས་སུ་ཉན་ནུས་ན། ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་མི་འཐད་པར་ཐལ། དེ་ལ་དངོས་སུ་ཉན་པའི་སེམས་བསྐྱེད་མ་ཐག་པ་ཡོད་པའི་ཕྱིར་ཏེ། འགྲེལ་པ་ལས། དེ་ལྟར་བྱང་ཆུབ་ཀྱི་སེམས་དང་པོ་ལ་སོགས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔའ། ཞེས་དང༌། རྣམ་བཤད་ལས། ཚོགས་ལམ་ཆུང་ངུ་ནས་ཡོད་པ་སྨོས་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

(248) པར་ཐེངས་གཉིས་པ། མཆོག་གི་སྤྲུལ་སྐུ་ལས་ཐེག།།

(249) པར་ཐེངས་གཉིས་པ། ཆེན་པོ་ཐོབ་དགོས།

    ཡང་ཁ་ཅིག །སྲིད་པ་ཐ་མ་པའི་བྱང་སེམས་ཡིན་ན་གདམས་ངག་མི་ཉན་པས་ཁྱབ་པར་ཐལ། མདོ་ལས། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་ཅི་ཡང་མེད། །ཅེས་གསུངས་པའི་ཕྱིར་ན་འགལ་ཁྱབ་ཡིན་ཏེ། དེ་སངས་རྒྱས་ཀྱིས་སློབ་དཔོན་བསྟེན་པ་དང༌། ཆེད་དུ་མི་ཉན་པའི་ཤེས་བྱེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ལ་ཐེག་ཆེན་གྱི་མདོ་ཉན་པའི་སྲིད་པ་ཐ་མ་པ་ཡོད་པའི་ཕྱིར་ཏེ། ཡོན་ཏན་སྡེ་ཚན་བཅུ་གཉིས་ཀྱི་ཁྱད་པར་ཡོད་པའི་ཕྱིར། གཞན་ཡང༌། དེ་མི་འཐད་པར་ཐལ། ཉན་པ་ཙམ་སངས་རྒྱས་ཀྱི་ས་ནའང་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་འཁོར་སངས་རྒྱས་ཀྱི་སྤྲུལ་པ་དུ་མ་ཡོད་པའི་ཕྱིར་ཏེ། འོད་སྲུང་གི་འཁོར་བྲམ་ཟེ་ཁྱེའུ་བླ་མ་དང༌། སྟོན་པ་འདིའི་འཁོར་བྱམས་པ་ཡོད་པའི་ཕྱིར།

    རང་ལུགས་ལ། ཐར་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་རྗོད་བྱེད་རྣམ་དག་དེ། གདམས་ངག་གི་མཚན་ཉིད། དབྱེ་ན་ཐེག་པ་ཆེ་ཆུང་གི་གཉིས་ཡོད། ཐེག་ཆེན་གྱི་ལམ་འབྲས་བུ་གང་རུང་བརྗོད་བྱའི་གཙོ་བོར་སྟོན་པའི་རྗོད་བྱེད་རྣམ་དག་དེ། ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད། དེ་འདྲའི་སྐབས་འདིར་དངོས་སུ་བསྟན་པའི་དེ། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད། དེ་ལ་དབྱེ་ན་བཅུ་ཡོད། ཡང་དེ་ལ་གདམས་པའི་གདམས་ངག་དང༌། རྗེས་བསྟན་གྱི་གདམས་ངག་གཉིས་ཡོད། རང་གི་ཆེད་དུ་བྱ་བའི་གདུལ་བྱས་སྔར་ཐོབ་པའི་ཡོན་ཏན་གོང་འཕེལ་དུ་འདོམས་པའི་གདམས་ངག་དེ། དང་པོའི་མཚན་ཉིད་ཡིན་ཏེ། ཉི་སྣང་ལས། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྦྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི། གདམས་ངག་ཡིན་ལ། ཞེས་གསུངས་པའི་ཕྱིར། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་སྔར་མ་ཐོབ་པའི་ཡོན་ཏན་ཐོབ་ཕྱིར་དུ་འདོམས་པའི་གདམས་ངག་དེ། གཉིས་པའི་མཚན་ཉིད་ཡིན་ཏེ། ཉི་སྣང་ལས། དེའི་འོག་ཏུ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་གདམས་ངག་དང་རྗེས་བསྟན་གཉིས་མི་འགལ་ཏེ། ཉི་ཁྲི་ལྟ་བུ་རང་གི་གདམས་ཡུལ་གྱི་བྱང་སེམས་ཚོགས་ལམ་པའི་ཐོབ་ཟིན་ཚོགས་ལམ་ལ་ལྟོས་ནས་གདམས་ངག་དང༌། མ་ཐོབ་པའི་སྦྱོར་ལམ་སོགས་ལ་ལྟོས་ནས་རྗེས་བསྟན་གཉིས་ཀ་ཡིན་པའི་ཕྱིར། དེར་ཐལ། ཉི་སྣང་ལས། དེ་ལ་དོན་དུ་གཉེར་བའི་བྱ་བ་ཉེ་བར་སྟོན་པ་ནི་གདམས་ངག་དང་རྗེས་སུ་བསྟན་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར།

    རྩོད་སྤོང་ལ་ཁོ་ན་རེ། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་སྟོན་པའི་གདམས་ངག་ཆོས་ཅན། རྗོད་བྱེད་རྣམ་དག་ཡིན་པར་ཐལ། གདམས་ངག་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར་ན་མ་ཁྱབ། རྩ་བར། སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །ཞེས་སོ། །ཡང་ཁོ་ན་རེ། ཤཱ་རིའི་བུའི་ངག་ཏུ་གྱུར་པའི་ཉི་ཁྲི་ཆོས་ཅན། ཐེག་ཆེན་གྱི་ངག་ཡིན་པར་ཐལ། ཐེག་ཆེན་གྱི་གདམས་ངག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གདམས་ངག་ཅེས་པ་ཉེ་བར་སྟོན་པའི་དོན་ཡིན་གྱི་ངག་གི་སྐད་དོད་མེད་པའི་ཕྱིར་ཏེ། ཨུ་པ་ཉེ་བ། དེ་ཤ་ཡུལ་ལམ་སྟོན་པ་ལ་འཇུག་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཐེག་དམན་དགྲ་བཅོམ་པའི་ངག་ཡིན་པའི་ཕྱིར། གཞན་ཡང༌། ངག་བྱས་ཚད་ལུས་ངག་གི་ངག་ལ་བྱེད་མི་དགོས་པར་ཐལ། སྒྲ་པའི་ངག་ཚིག་སོ་སོ་ཡིན་པའི་ཕྱིར། དེར་ཐལ། ཚིག་དུ་མ་འདུས་པ་ཞིག་ངག་ཡིན་པའི་ཕྱིར་ཏེ། ཙནྡྲ་པའི་སྐབས་དྲུག་པའི་རྐང་པ་གསུམ་པ་ལས། རྐང་པའི་དང་པོ་མ་ཡིན་པ་ལ་ཚིག་ལས་ངག་གཅིག་ལའོ། །ཞེས་དང༌། དེའི་འགྲེལ་པ་དྷརྨཱ་པཱ་ལས། ཚིག་ཅེས་པ་འདིའི་དོན་ནི་སུ་པ་དང་ཏིང་གི་ཐ་ཚིག་ཏུ་རྟོགས་པར་བྱའོ། །ཚིག་ཚོགས་པ་ནི་ངག་གོ །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཉི་ཁྲི་ཆོས་ཅན། རང་གི་གདུལ་བྱ་བྱང་སེམས་ཚོགས་ལམ་ཆུང་ངུ་བའི་རྒྱུད་ཀྱི་ཚོགས་ལམ་ཆུང་ངུ་ལ་ལྟོས་ནས་གདམས་ངག་དང་རྗེས་བསྟན་གཉིས་ཀ་ཡིན་པར་ཐལ། དེས་ཐོབ་ཟིན་མི་ཉམས་པ་དང་མ་ཐོབ་པ་ཐོབ་པའི་ཐབས་གཉིས་ཀ་སྟོན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ལ་གདམས་ངག་དང་རྗེས་བསྟན་གཉིས་དོན་གཅིག་ལ་ལྟོས་ཀྱང་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་གཉིས་གདམས་ངག་དང་རྗེས་བསྟན་དུ་སོང་བའི་ཡུལ་རེ་རེ་ཡོད་པའི་ཕྱིར།

                                                                                                                           རྩོམ་སྒྲིག་པ། མང་ར་བ།

                  གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།