ཀུན་མཁྱེན་ཕར་ཕྱིན་ལས་སེམས་བསྐྱེད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-09 20:42:05     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 108081867390480039.jpg

    གསུམ་པ་ཚིག་དོན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། མཁྱེན་གསུམ་དང་སྦྱོར་བཞི་དང༌། ཆོས་སྐུ་རྒྱས་བཤད་གསུམ། དང་པོ་ལ། རྣམ་མཁྱེན། ལམ་ཤེས། གཞི་ཤེས་རྒྱས་བཤད་གསུམ། དང་པོ་ལ། བསམ་པ་སེམས་བསྐྱེད་དང༌། དེའི་དོན་སྟོན་པའི་གདམས་ངག་དང༌། གདམ་པའི་དོན་སྒྲུབ་བྱེད་ཀྱི་སྒྲུབ་པ་གསུམ། དང་པོ་ནི། རྩ་བར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར སོགས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ནི། མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་223ཤེར་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་སེམས་བསྐྱེད་མདོར་བསྟན་དང་རྒྱས་224བཤད་ཀྱི་མདོ་གཉིས་ཀྱི་དོན་སྟོན་པར། རྩ་བར། སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་པར། སེམས་བསྐྱེད་པ་ནི། ཞེས་སོགས་རྐང་པ་གཉིས་བྱུང༌། དེའི་དམིགས་ཡུལ་བྱང་ཆུབ་དང་གཞན་དོན་གཉིས་འཆད་པར། རྩ་བར། དེ་དང་དེ་ནི་སོགས་རྐང་པ་གཉིས་བྱུང༌། མདོ་ལས། འདི་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར། ནས། ལྷའི་རིས་ཐམས་ཅད་བྱང་ཆེན་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། སོགས་ཀྱིས་བཤད་པའི་དབྱེ་བ་ཉེར་གཉིས་འཆད་པར། རྩ་བར། དེ་ཡང་ས་གསེར་སོགས་བྱུང༌། གཉིས་པ་ནི། བྱང་སེམས་ཀྱི་སེམས་བསྐྱེད་ཆོས་ཅན། ངོ་བོ་ཡོད་དེ། རང་འདྲེན་བྱེད་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་ཞིང་རང་གི་གྲོགས་བྱང་ཆུབ་ཐོབ་འདོད་ཀྱི་འདོད་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་དེ་དེ་ཡིན་པའི་ཕྱིར། མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། སེམས་བསྐྱེད་སྐྱེ་བའི་རྟེན་ལ་མིས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། ལྷའི་ལུས་རྟེན་ལའང་སྨོན་འཇུག་གཉིས་སྐྱེ་བ་ཡོད། དུད་འགྲོའི་ལུས་རྟེན་ལའང་ཡོད། དམྱལ་བའི་ལུས་རྟེན་ལའང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མདོ་ལས། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་དང༌། ཡང་མདོ་ལས། དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུས་སེམས་གང་གི་སྒོ་ནས་སྨོན་སེམས་སྐྱེ་རུང་ཐམས་ཅད་ལ་འཇུག་སེམས་ཀྱང་སྐྱེ་རུང་བའི་ཕྱིར་ཏེ། ལམ་རིམ་ལས། ལུས་དང་བསམ་པའི་སྒོ་ནས་སྨོན་སེམས་སྐྱེ་རུང་བ་ཐམས་ཅད་འདིའི་ཡང་རྟེན་དུ་རུང་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། ཀླུ་བདུན་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བཤད་པའི་ཕྱིར་དང༌། ཀླུ་དུད་འགྲོ་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། བདག་ཅག་གི་སྟོན་པ་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་སེམས་བསྐྱེད་པར་དྲིན་ལན་བསབ་པའི་མདོ་ལས་བཤད་པའི་ཕྱིར།

(223) པར་ཐེངས་གཉིས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན།

(224) པར་ཐེངས་གཉིས་པ། བཤད་གཉིས།

    དེ་ལ་ཁོ་ན་རེ། འཇུག་སྡོམ་རྒྱུད་ལྡན་ཡིན་ན་མི་ཡིན་པས་ཁྱབ་པར་ཐལ། འཇུག་སྡོམ་གྱི་རྟེན་ལ་སོ་ཐར་རིགས་བདུན་གང་རུང་དགོས་པའི་ཕྱིར། དེར་ཐལ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་དང༌། བྱང་སའི་ཚུལ་ཁྲིམས་ལེའུ་ལས། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་བླངས་པ་རིགས་བདུན་པོ་དགེ་སློང་དང༌། དགེ་སློང་མ་དང༌། 225དགེ་སློབ་མ་དང༌། དགེ་ཚུལ་དང། དགེ་ཚུལ་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མའི་ཚུལ་ཁྲིམས་གང་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་རྟེན་ཁྱད་པར་ཅན་གྱི་ཉེས་སྤྱོད་སྡོམ་པའི་ངོས་འཛིན་ཙམ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། བྱང་ས་དང་ལམ་སྒྲོན་དུ་དེའི་རྟེན་སོ་ཐར་གྱི་སྡོམ་པ་དགོས་པར་བཤད་པ་ནི་རྟེན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། གཞན་ཡང༌། སོ་ཐར་གྱི་སྡོམ་པ་མེད་པར་འཇུག་སྡོམ་མི་སྐྱེ་བ་མ་ཡིན་པར་ཐལ། དེ་མེད་ཀྱང་སྐྱེ་བ་མདོ་དང་བསྟན་བཅོས་ཀྱི་ལུགས་ཡིན་པར་མཁས་པས་བཤད་པའི་ཕྱིར། ཐུབ་དགོངས་ལས། སོ་སོར་ཐར་པའི་སྡོམ་པ་བདུན་པོ་རྣམས་ལ་གང་ཡང་རུང་བའི་སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པར་བྱའི་གཞན་གྱིས་མ་ཡིན་ཏེ། གཞན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་བའི་ཕྱིར་རོ། །ཞེས་ཟེར་བ་འདི་ནི་ཐེག་པ་ཆེན་པོ་ལ་ཡོངས་སུ་ངལ་བ་མང་པོ་མ་བྱས་པ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མདོ་དང་ཤིང་རྟ་ཆེན་པོ་གཉིས་སོགས་ཀྱིས་དེ་འཇུག་སྡོམ་གྱི་རྩ་བར་མ་བཤད་པའི་ཕྱིར་ཏེ། ཐུབ་དགོངས་ལས། གལ་ཏེ་སོ་སོ་ཐར་པའི་སྡོམ་པ་མེད་པར་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྐྱེ་ན་ནི། དེའི་ཚེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་དང༌། དེའི་རྗེས་སུ་འབྲངས་པའི་གཞུང་དུ་འདི་དེའི་རྩ་བར་བཤད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ངན་འགྲོའི་སེམས་རྟེན་ཅན་གྱི་བྱང་སེམས་ཡོད་པར་ཐལ། བྱང་སེམས་ལས་དབང་གིས་ངན་འགྲོར་སྐྱེས་པ་ཡོད་པའི་ཕྱིར། དེར་ཐལ། སྐྱེས་རབས་ལས། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལས་དབང་གིས་ངན་འགྲོའི་ལུས་བླངས་པའི་དོན་ཡིན་གྱི་ངན་འགྲོ་བར་གྱུར་པ་མ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་བདེ་འགྲོ་བས་ཁྱབ་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ངན་འགྲོར་སྐྱེས་པའི་ངན་འགྲོ་བའི་སེམས་རྟེན་ལ་བྱང་སེམས་སྐྱེ་བ་ཡོད་པར་ཐལ། ངན་འགྲོ་བ་འཁོར་བར་ལས་ཉོན་གྱིས་འཆིང་བ་མང་པོས་བསྡམས་པ་མ་ཉམས་ཤིང་སྡུག་བསྔལ་གྱིས་ཉམས་ཤིན་ཏུ་ཐག་པ་ཡང་དེ་སྐྱེས་མ་ཐག་རྒྱལ་སྲས་དང་བདེ་འགྲོ་བར་འགྱུར་བའི་ཕྱིར་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། བདེ་འགྲོ་བ་དང་ངན་འགྲོ་བ་གཉིས་ཀ་ཡིན་པར་ཐལ། དང་པོར་ངན་འགྲོ་བ་གང་ཞིག །ཕྱིས་བདེ་འགྲོ་བར་གྱུར་པའི་ཕྱིར་ན་མ་ཁྱབ་སྟེ། བདེ་འགྲོ་བར་གྱུར་ཕྱིན་ཆད་ངན་འགྲོ་བ་མ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། འོ་ན། དེའི་ལུས་ངན་འགྲོའི་ལུས་མ་ཡིན་པར་ཐལ། དེ་ངན་འགྲོ་བ་མ་ཡིན་པའི་ཕྱིར་226ན་འདིར་མ་ཁྱབ་བོ། །དེ་ལ་ཁོ་ན་རེ། འཇུག་སྡོམ་ལ་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཚང་མི་དགོས་པར་ཐལ། དེ་ལ་སོ་ཐར་གྱི་སྡོམ་པ་ཚང་མི་དགོས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་གསུམ་མ་ཚང་བར་འཇུག་སྡོམ་མི་སྐྱེ་བའི་ཕྱིར། དེར་ཐལ། སོ་ཐར་གྱི་སྡོམ་པ་དང་མི་ལྡན་པའི་ལྷའི་འགྲོ་བའི་རྒྱུད་ལའང་མི་དགེ་བཅུ་སྤོང་གི་ཉེས་སྤྱོད་སྡོམ་པའི་དེ་འཇོག་པའི་ཕྱིར་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས། དེ་ཡང༌། མ་མཐའ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་དང༌། བསླབ་པ་ལྔ་བསྲུང་བ་དགེ་བསྙེན་གྱི་སྡོམ་པ་ཙམ་དང༌། ཡ་མཐའ་བསྙེན་རྫོགས་ཀྱི་སོ་ཐར་གྱི་སྡོམ་པ་གང་རུང་རྒྱུད་ལ་མེད་པར་བྱང་སེམས་ཀྱི་སྡོམ་པ་མི་ཆགས་པས། ཞེས་གསུངས་པའི་ཕྱིར། རྣམ་བཤད་ཀྱི་ཁྱད་པར་ཅན་ཡང་དེ་ཡིན་ནོ། །སེམས་བསྐྱེད་ཀྱི་མཚན་ཉིད་ལ། ཁ་ཅིག་ན་རེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་དངོས་བསྟན་གྱི་སེམས་བསྐྱེད་དེ་ལ་སྤྱོད་པའི་རྟེན་གྱི་དབང་དུ་བྱས་པའི་དེས་ཁྱབ་པར་ཐལ། སྦྱོར་བ་འཐད་པའི་ཕྱིར་ན། རྫས་སྤྱི་ཆོད་ན་འདོད།

(225) པར་ཐེངས་གཉིས་པ། དགེ་ཚུལ་དང། དགེ་སློབ་མ་དང། དགེ་ཚུལ་མ་དང།

(226) པར་ཐེངས་གཉིས་པ། ན་མ་ཁྱབ།

    བྱས་པ་ལ་ཁོ་ན་རེ། དེ་ལ་ས་ལྟ་བུ་སོགས་ཀྱི་སེམས་བསྐྱེད་ཉེར་གཉིས་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་དངོས་བསྟན་གྱི་དབྱེ་བ་སྟོན་པར། དེ་ཡང་སོགས་གསུངས་པའི་ཕྱིར། དེར་ཐལ། དེ་ཡང་གི་དེ་བསྙེགས་ས་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། བསྟན་བྱའི་གཙོ་བོ་ལ་བྱེད་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ཡང་ས་གསེར་ཞེས་སོགས་ཀྱིས་སེམས་བསྐྱེད་ཉེར་གཉིས་དངོས་སུ་མ་བསྟན་པར་ཐལ། དེས་དཔེ་ས་སོགས་ཉེར་གཉིས་དང་གྲོགས་འདུན་སོགས་ཉེར་གཉིས་དངོས་སུ་བསྟན་ནས་སེམས་བསྐྱེད་ཉེར་གཉིས་ཤུགས་ལ་བསྟན་པའི་ཕྱིར། རྣམ་བཤད་ལས། ཉེར་གཉིས་དཔེས་མཚོན་པར་བྱས་པའི་དོན་དང༌། དཔེ་དོན་ཆོས་མཐུན་གྱི་སྒོ་ནས་དོན་གྱིས་བསྟན་པས། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་བསྐྱེད་ཉེར་གཉིས་དངོས་སུ་བསྟན་ནས། གྲོགས་འདུན་སོགས་227དང་དཔེ་ཆོས་མཐུན་སྦྱོར་ཚུལ་དོན་གྱིས་བསྟན་པ་དེའི་དོན་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། སེམས་བསྐྱེད་ཀྱི་ངོ་བོ་ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་དུ་བཞེད་པར་ཐལ། དབྱིག་གཉེན་གྱིས་སེམས་པར་བཤད། ཐོགས་མེད་ཀྱིས་སྨོན་ལམ་དུ་བཞེད་པའི་ཕྱིར། དང་པོ་དེར་ཐལ། མདོ་སྡེ་རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །ཞེས་དང༌། དེའི་འགྲེལ་པ་ལས། ཡོན་ཏན་གསུམ་མམ་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སྤྲོ་བ་ཆེ་བ་སོགས་ཀྱིས་ཡོན་ཏན་གསུམ་མམ་གཉིས་ལ་དམིགས་ནས་དོན་གཉེར་གྱི་སེམས་པར་བྱེད་པ་སེམས་བསྐྱེད་ཀྱི་བསྐྱེད་པའི་དོན་དུ་བཤད་པའི་ཕྱིར་ཏེ། རྒྱན་གྱི་འགྲེལ་བཤད་ལས། སེམས་འབྱུང་བ་ཞེས་བྱ་བ་ལ་འབྱུང་བ་དང་སྐྱེད་པའི་དོན་ཐ་དད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་དེར་ཐལ། བྱང་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་བསྐྱེད་པ་ནི་སྨོན་ལམ་གྱི་སྒོ་ནས་བྱེད་པར་བཤད་པ་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གསེར་ཕྲེང་ལས། གྲོགས་འདུན་པ་དང་བཅས་པའི་སེམས་པ་ལ་སྨོན་ལམ་དུ་གསུངས་པས་སྐུ་མཆེད་དགོངས་པ་གཅིག་ཏུ་འདུག་གམ་སྙམ། ཞེས་གསུངས་པའི་ཕྱིར། སེམས་པ་ཞེས་པ་བྱེད་ཚིག་ཡིན་ནོ། །སེམས་བསྐྱེད་དེ་འཕགས་སེང་གིས་རྣམ་རིག་དང༌། ཐོགས་མེད་སྐུ་མཆེད་ཀྱིས་སེམས་བྱུང་དུ་བཞེད་པར་ཐལ། ཤནྟི་པས་དེ་ལྟར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། དེས་འཕགས་སེང་གི་དགོངས་པར་བསམ་ནས་ཡིད་དང༌། ཐོགས་མེད་སྐུ་མཆེད་ཀྱི་དགོངས་པར་བསམ་ནས་འདུན་པ་གཉིས་ཆར་ལ་འདོད་པའི་ཕྱིར་ཏེ། དག་ལྡན་ལས། སེམས་བསྐྱེད་པའི་དངོས་པོ་ཞེས་བྱ་བ་ལ་སེམས་ནི་ཡིད་དང་འདོད་པ་སྟེ། ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་སེམས་ལ་འདོད་པ་མི་འཐད་པར་ཐལ། དེ་བུདྡྷ་ཤྲིས་བཀག་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། གསེར་ཕྲེང་ལས། འཕགས་པ་དང་སློབ་དཔོན་གྱི་ལུགས་སུན་ཕྱུངས་ནས་དོན་གཉེར་གྱི་འདུན་པ་ཉིད་སེམས་སུ་འདོད་པས་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་དོ། །ཞེས་གསུངས་པའི་ཕྱིར།

(227) པར་ཐེངས་གཉིས་པ། དཔེ་དང།

    སེམས་བསྐྱེད་ཀྱི་ངོ་བོ་སེམས་དང༌། སྐྱེད་ཚུལ་སྨོན་ལམ་དང༌། སེམས་པར་བྱེད་པའི་སྒོ་ནས་སྐྱེད་པ་གཉིས་ཡིན་པར་ཐལ། དེ་ལྟར་རྗེ་བཙུན་བྱམས་པ་ཡང་བཞེད། ཐོགས་མེད་སྐུ་མཆེད་ཀྱང་བཞེད། འཕགས་པ་ཡང་བཞེད། སློབ་དཔོན་ཀྱང་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་ལས། སྤྲོ་བ་ཆེ། ནས། བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་པ་ཞེས་པ་སྐྱེད་པའི་དོན་དང༌། སེམས་འབྱུང་བ་དང་སྐྱེ་བ་དོན་གཅིག་པས་སེམས་སུ་བཤད་པའི་ཕྱིར་ཏེ། གསེར་ཕྲེང་ལས། རྐང་པ་ཐ་མས་སེམས་སུ་བཤད་པར་འདུག་སྙམ་དུ་དགོངས་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་བསྒྲུབས་ཟིན། གསུམ་པ་གྲུབ་སྟེ། འདུན་པས་དོན་དུ་གཉེར་བ་སྐྱེད་པའི་དོན་དང༌། ངོ་བོ་ཡིད་ཀྱི་རྣམ་ཤེས་ལ་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ཉི་སྣང་ལས། སེམས་བསྐྱེད་པའི་གནས་སྐབས་ནི་དོན་དུ་གཉེར་བ་གཙོ་བོ་ཡིན་པས་ན་དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ལ། ནས། སྨོན་ལམ་དང་ལྡན་པའི་སེམས་བསྐྱེད་པར་འགྱུར་བ་ཞེས་བྱ་བ་འཐད་པར་འགྱུར། ཞེས་དང༌། སྐྱེད་པ་ཞེས་སྨོས་པས་ནི་མ་བསྐྱེད་པ་བསྐྱེད་པ་ཤེས་པར་བྱེད་པ་ཡིན་པས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉི་སྣང་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། སྐྱེད་པའི་དོན་དེ་ལྟར་གང་ཞིག །ངོ་བོ་སེམས་ལ་ཡང་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། རྒྱན་སྣང་ལས། དོན་དུ་གཉེར་བ་གཙོ་བོར་གྱུར་པ་ནི་སེམས་བསྐྱེད་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཟུར་གཉིས་པ་གྲུབ་སྟེ། རྒྱན་སྣང་ལས། དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་སྨོན་ལམ་དང་ལྡན་པའི་228སེམས་བསྐྱེད་དེ་སྐྱེའོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ ཞེས་གསུངས་པའི་ཕྱིར། ཡང་ཁ་229ཅིག་གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་པ་ཆེན་པོའི་སེམས་ཁྱད་པར་ཅན་དེ། སེམས་བསྐྱེད་ཀྱི་མཚན་ཉིད་ཟེར་ན། འོ་ན། ཐེག་ཆེན་ཚོགས་ལམ་པའི་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་ཡིན་པར་ཐལ། དེ་དང་མཚུངས་ལྡན་དུ་གྱུར་པའི་ཕྱིར། འདོད་ན། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དང་རྟེན་མཚུངས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རྒྱུད་ལྡན་ཡིན་ན་ཁྱོད་རྒྱུད་ལྡན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་མཐོང་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར།

(228) པར་ཐེངས་གཉིས་པ། སེམས་དེ་སྐྱེའོ།

(229) པར་ཐེངས་གཉིས་པ། ཅིག་ན་རེ།

    ཡང་ཁ་ཅིག་ན་རེ། རང་རྒྱུ་གཞན་དོན་དོན་གཉེར་ལས་བྱུང་ཞིང༌། རང་གི་གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་དེ་དེའི་མཚན་ཉིད་ཟེར་ན། འོ་ན། སངས་འཕགས་རྒྱུད་ལ་བྱང་ཆུབ་དོན་གཉེར་གྱི་བློ་ཡོད་པར་ཐལ། དེ་ལ་ཐེག་ཆེན་སེམས་བསྐྱེད་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ།.....རོང་སོགས། འཇུག་སྡོམ་ཐོབ་ལ་མ་ཉམས་པའི་གང་ཟག་གི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་འཇུག་སེམས་ཀྱི་མཚན་ཉིད། འཇུག་སྡོམ་རྒྱུད་ལ་མི་ལྡན་པའི་གང་ཟག་གི་རྒྱུད་ཀྱི་སེམས་བསྐྱེད་དེ་སྨོན་སེམས་ཀྱི་མཚན་ཉིད་ཟེར་ན། འོ་ན། འཇུག་སྡོམ་བཏང་ན། འཇུག་སེམས་ཀྱང་བཏང་བས་ཁྱབ་པར་ཐལ། ཁྱོད་ཀྱིས་འཇུག་སྡོམ་མ་ཉམས་ཞེས་སྨོས་པའི་ཕྱིར། འདོད་ན། བྱང་སེམས་ཀྱི་རྩ་ལྟུང་བྱུང་བའི་གང་ཟག་ཡིན་ན་ཁྱོད་ཀྱི་རྒྱུད་ལ་འཇུག་སེམས་མེད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་བསྟོད་ཙམ་གྱི་རྩ་ལྟུང་བྱུང་བའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། བསླབ་བཏུས་ལས། ཅི་སོར་མ་ཆུད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་དབང་དུ། ནས། ཡོད་པར་རིག་པར་བྱ་སྟེ། ནམ་མཁའི་སྙིང་པོའི་མདོ་ལས། རྙེད་པ་དང་བཀུར་སྟིའི་རྒྱུ་ལས་རྩ་བའི་ལྟུང་བ་བྱུང་བར་གསུངས་པའི་ཕྱིར་ལ། ཞེས་སོ། །འདོད་ན། ཀུན་དཀྲིས་ཆེན་པོའི་སྒོ་ནས་བདག་བསྟོད་ཀྱི་བྱང་སེམས་ཀྱི་རྩ་ལྟུང་ཙམ་བྱུང་བའི་གང་ཟག་གི་རྒྱུད་ཀྱི་ཕྱིན་དྲུག་ཉམས་ལེན་གྱིས་དངོས་སུ་ཟིན་པའི་སེམས་བསྐྱེད་ཆོས་ཅན། འཇུག་སེམས་མ་ཡིན་པར་ཐལ། བདག་བསྟོད་ཀྱི་རྩ་ལྟུང་ཙམ་བྱུང་བའི་རྒྱུད་ཀྱི་དེ་ཡིན་པའི་ཕྱིར། འདོད་ན། འཇུག་སྡོམ་ཐོབ་ཕྱིན་ཆད་ཀྱི་ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པའི་སེམས་བསྐྱེད་མ་ཡིན་པར་ཐལ། ཁྱོད་འཇུག་སེམས་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཉམས་ལེན་མ་སྨོས་པར་དེ་ལྟར་བྱ་བ་སྦྱར་ན་སངས་རྒྱས་ཀྱི་བར་ལ་ཁྱབ་པའི་ཕྱིར་ཏེ། ལམ་རིམ་ལས། སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་པའི་སེམས་སུ་ཤེས་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྡོམ་པ་བཟུང་བ་དང༌། ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པ་གཉིས་དགོས་པའི་ཕྱིར་ཏེ། སྒོམ་རིམ་དང་པོ་ལས། གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་སྡོམ་པ་དང་ཚོགས་གཉིས་ལ་དངོས་སུ་ཞུགས་པ་བཤད་པའི་ཕྱིར། གཞན་ཡང༌། བྱང་འཕགས་ཀྱི་རྒྱུད་ལ་སྨོན་སེམས་མེད་པར་ཐལ། བྱང་འཕགས་ཡིན་ན་འཇུག་སྡོམ་ཐོབ་ལ་ཚུལ་ཁྲིམས་རྣམ་པར་དག་པས་ཁྱབ་པའི་ཕྱིར། རྩ་བར། རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །ཞེས་སོ། །འདོད་ན། བདེན་འཛིན་མངོན་གྱུར་དུ་རྒྱུད་ལ་ལྡན་པའི་བྱང་སེམས་མཐོང་ལམ་རྗེས་ཐོབ་པའི་རྒྱུད་ཀྱི་སེམས་བསྐྱེད་ཆོས་ཅན། ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པར་ཐལ། འཇུག་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། སྒོམ་རིམ་ལས། གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཟིན་བྱ་ཟིན་བྱེད་གཉིས་གང་ཡང་མངོན་གྱུར་དུ་མེད་པའི་དུས་ཀྱི་སེམས་བསྐྱེད་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲ་སྐྱེ་འཕགས་སུའི་རྒྱུད་ལ་ཡོད་ཀྱང་སྨོན་སེམས་ལ་བྱེད་དགོས་པའི་ཕྱིར་ཏེ། རྣམ་བཤད་ལས། འཇུག་སྡོམ་བླངས་ནས་སྤྱོད་པ་ལ་སློབ་པའི་ཚེ་སྨོན་སེམས་མེད་པར་འདོད་པ་ནི་དེ་དག་གི་དོན་མིན་ཏེ། ཞེས་གསུངས་པའི་ཕྱིར། དེའི་དོན་མིན་ཚུལ་སྔར་ལྟར་ཡིན་ཏེ། རྣམ་བཤད་ལས། དེས་ན། སྨོན་སེམས་ནི་ཚོགས་ལམ་ནས་བཟུང་སྟེ་ས་ཐོབ་ནས་ཀྱང་ཁས་བླངས་པ་ལ་ཉེས་པ་མེད་པར་མངོན་ཏེ། ནས། དེས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་སྐབས་དུ་མར་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། སློབ་པའི་སེམས་བསྐྱེད་ཡིན་ན་ཕྱིན་དྲུག་གི་ཉམས་ལེན་གྱིས་དངོས་སུ་ཟིན་པས་ཁྱབ་པར་ཐལ། དེ་ཡིན་ན་གོ་སྒྲུབ་ཡིན་པས་ཁྱབ་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་བསྐྱེད་ཀྱི་ཚོགས་པ་དེ་ཙམ་མ་ཡིན་པར་སེམས་ཅན་གྱི་དོན་ལ་ཞུགས་ཤིང་ཕར་ཕྱིན་དང༌། ཚད་མེད་བཞི་དང༌། བསྡུ་བཞི་སོགས་ཐབས་ཤེས་གཉིས་དངོས་སུ་ཚང་བ་ཅིག་དགོས་པའི་ཕྱིར། དེར་ཐལ། སྒོམ་རིམ་ལས། འཇུག་སེམས་ཀྱི་བྱ་བ་དེ་ལྟར་བཤད་པའི་ཕྱིར། སྨོན་སེམས་ནི། སྒོམ་རིམ་དང་པོ་ལས། བྱང་ཆུབ་ཀྱི་སེམས་དེ་སྒྲུབ་པ་དང་མི་ལྡན་ཡང་འཁོར་བའི་ནང་ན་འབྲས་བུ་ཆེ་བར། ཞེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་བྱ་བའམ་སྒྲུབ་པ་སྟོན་པར། སྒོམ་རིམ་དང་པོ་ལས། བྱང་ཆུབ་སེམས་དཔའི་སྒྲུབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་230པ་བཞི་དང༌། བསྡུ་བའི་དངོས་པོ་ལ་སོགས་པའི་བྱེ་བྲག་ཡིན་པར་བློ་གྲོས་མི་ཟད་པས་བསྟན་པ་དང་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་རྒྱས་པར་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་རང་ཉིད་རང་གི་ཟིན་བྱེད་ལ་སུ་ཞིག་སྨྲ །

(230) པར་ཐེངས་གཉིས་པ། པ་དང།

    གཞན་ཡང༌། བསླབ་བཏུས་ལས། དེས་ཀྱང་འཁོར་བའི་བདེ་བ་མཐའ་ཡས་པ་སྐྱེད་པའི་ཕྱིར་བྱང་ཆུབ་231ཀྱི་སྤྱོད་པ་དང་བྲལ་བ་ལ་ཡང་བརྙས་པར་མི་བྱ་སྟེ། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། རྡོ་རྗེ་རིན་པོ་ཆེ། ནས། རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནི་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་232ཀྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །ཞེས་པའི་དོན་མ་གྲུབ་པར་ཐལ། སེམས་བསྐྱེད་ཀྱང་སྒྲུབ་པ་ཉམས་ལེན་གྱིས་དངོས་སུ་མ་ཟིན་པའི་སྨོན་སེམས་དེས་ཀྱང་ཉན་རང་ཟིལ་གྱིས་གནོན་པའི་ཞི་མཐའ་འགོག་པའི་ཕར་ཕྱིན་དང༌། འཁོར་བའི་དབུལ་བ་འཁོར་མཐའ་འགོག་པ་གཉིས་ཀྱི་ཁྱད་པར་བཤད་པ་མ་ཡིན་པའི་ཕྱིར། དེར་ཐལ། ཕྱིན་དྲུག་གི་བྱ་བས་དངོས་སུ་མ་ཟིན་པའི་སེམས་བསྐྱེད་མེད་པའི་ཕྱིར། འདིའི་བྱམས་པའི་རྣམ་ཐར་གྱི་ལུང་དོན་ལ། 233མཁས་པ་ཁ་ཅིག །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པར་བཤད་པ་ཡིན་ཟེར་ན། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཙམ་དང་སྟོང་ཉིད་རྟོགས་པ་ཁོ་ནས་སྲིད་ཞིའི་མཐའ་ཁེགས་པ་དེ་ཙམ་ལ་འཚང་རྒྱ་བའི་ཐབས་རྫོགས་པར་ཚང་པར་ཐལ། སེམས་བསྐྱེད་དང་སྤྱོད་པ་ཉམས་ལེན་གྱི་སྤྱོད་པར་སྟོང་ཉིད་རྟོགས་པ་གཅིག་པུ་དེ་བཞག་པའི་ཕྱིར། འདོད་ན། རྣམ་རྫོགས་སྦྱོར་བ་བརྒྱ་དང་དོན་གསུམ་བཤད་པ་དང༌། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང༌། ས་བརྒྱད་པ་ལ་སངས་རྒྱས་ཀྱིས་བསྐུལ་བར་བཤད་པ་རྣམས་མི་འཐད་པར་ཐལ། ཤེས་སྒྲིབ་སྤོང་བ་དང་རྣམ་མཁྱེན་ཐོབ་པ་ལ་234དེ་དག་དགོས་པ་མ་ཡིན་པའི་ཕྱིར། ཁྱབ་ཅིང༌། འདོད་མི་ནུས་ཏེ། དེ་དགོས་ངེས་ཡིན་པའི་ཕྱིར། དེ་སྐད་དུ་སྒོམ་རིམ་ལས། 235འདིར་འཇིག་རྟེན་གྱི་བཟོ་ལ་སོགས་པའི་གནས་ཀྱི་བར་དག་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱ་བ་ཡིན་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པ་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཐམས་ཅད་སེམས་ཅན་དང་མཐུན་པའི་སྤྱོད་པ་དེའི་དོན་སྒྲུབ་ཚུལ་ཡིན་པའི་ཕྱིར་ཏེ། ལུང་དེའི་འཕྲོར། སྒོམ་རིམ་ལས། དེ་ལྟར་མ་ཡིན་ན་སེམས་ཅན་གྱི་དོན་གྱི་རྣམ་པ་ཐམས་ཅད་ཇི་ལྟར་བྱ། ཞེས་གསུངས་པའི་ཕྱིར། དེས་ན་སྨོན་སེམས་མངོན་གྱུར་དང་འཇུག་སེམས་མེད་པར་སྦྱིན་སོགས་སྤྱད་ཀྱང་འདིའི་སྤྱོད་པས་ཟིན་གོ་མི་ཆོད་པར་ཐལ། འདི་ལ་སེམས་ཅན་གཞན་དོན་དུ་ཆས་པའམ། སྤྱོད་པ་ཆོ་གས་ཞུགས་པ་གང་རུང་ཅིག་དགོས་པའི་ཕྱིར། དེར་ཐལ། གཡོ་བྱས་ནས་སེམས་བསྐྱེད་པ་དང༌། རས་ཀྱི་ཁ་ཚར་ཕུལ་ནས་སེམས་ཙམ་བསྐྱེད་པ་སོགས་དང༌། གསལ་རྒྱལ་གྱིས་དགེ་བ་ཀུན་ལ་ཡི་རངས་བྱས་ནས་སངས་རྒྱས་བྱང་སེམས་ལ་ཕུལ་ནས་སེམས་བསྐྱེད་པ་ཐམས་ཅད་བསླབ་བཏུས་དང༌། སྒོམ་རིམ་གཉིས་ཀར་སྨོན་སེམས་སུ་བཤད་པའི་ཕྱིར་ཏེ། བསླབ་བཏུས་ལས། དེ་ལ་སྨོན་པའི་སེམས་ནི་སངས་རྒྱས་སུ་འགྱུར་བར་བྱའོ། །ཞེས་སྨོན་པ་ལས་སྐྱེས་པ་ཡིན་ཏེ། ཞེས་པ་ནས། དེ་ལྟར་ན་སྨོན་པ་བྱང་ཆུབ་ཀྱི་སེམས་སུ་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདི་ལ་སྨོན་སེམས་བསྐྱེད་ལ་སྨོན་སེམས་མ་ཡིན་པ་ཡང་ཡོད་པས་ཤེས་པར་གྱིས། ཐམས་ཅད་སྨོན་སེམས་སྐྱེས་ཚར་བ་ཡང་མི་བྱ་སྟེ། མ་སྦྱངས་པར་སྨོན་ཆོག་དུ་མ་ཡོད་པའི་ཕྱིར།

(231) པར་ཐེངས་གཉིས་པ། ཀྱི་སེམས།

(232) པར་ཐེངས་གཉིས་པ། ཀྱི་ཡོན་ཏན་གྱི།

(233) པར་ཐེངས་གཉིས་པ། ཁ་ཅིག་སྟོང་ཉིད།

(234) པར་ཐེངས་གཉིས་པ། དེ་དགོས།

(235) པར་ཐེངས་གཉིས་པ། འདི་ལྟར།

    ཡང་ཁ་ཅིག་ན་རེ། ས་ཐོབ་ནས་འཇུག་སེམས་དང་ས་མ་ཐོབ་པ་ལ་སྨོན་སེམས་འཇོག་པར་ཐལ། དེ་ལྟར་སངས་རྒྱས་ཡེ་ཤེས་བཞེད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། སངས་རྒྱས་ཡེ་ཤེས་དང་ཞི་བ་ལྷའི་སྔོན་དུ་ཡང་དེ་འདྲ་བྱུང་བའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སོ་སྐྱེ་ལའང་འཇུག་སྡོམ་ཡོད་པའི་ཕྱིར། དེར་ཐལ། རྩ་ལྟུང་བྱུང་བའི་བྱང་སེམས་ཡོད་པའི་ཕྱིར། ཁྱབ་སྟེ། བྱང་འཕགས་ལ་ཚུལ་འཆལ་མི་སྲིད་པའི་ཕྱིར་ཏེ། ཀུན་འབྱུང་རྗེས་བཟོད་ཁྱད་པར་ཅན་གྱི་ཉི་སྣང་ལས། རྟག་ཏུ་ཚངས་པར་སྤྱོད་པ་དང་གཞན་མི་དགའ་236བའི་གནོད་པ་མི་བསྐྱེད་པས། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྙེད་བཀུར་ལ་ཆགས་ནས་བདག་བསྟོད་གཞན་སྨོད་ཀྱི་རྩ་ལྟུང་བྱུང་བ་ཡོད་པའི་ཕྱིར། བསླབ་བཏུས་ལས། རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡི་གཞན་སྨོད་དང༌། །ཞེས་གསུངས་པའི་ཕྱིར། ཆོས་བཤེས.....ཡང་སྨོན་འཇུག་གཉིས་ཆོ་གས་བླངས་མ་བླངས་དང༌། ཕྱིར་མི་ལྡོག་ཐོབ་མ་ཐོབ་དང༌། རྒྱུ་ལ་དམ་བཅའ་བ་དང༌། འབྲས་བུ་ལ་དམ་བཅའ་བ་སོགས་ཡོད་དེ། དེ་དག་མི་འཐད་པའི་ཕྱིར། ཁོ་ན་རེ། ཆོ་གས་བླངས་པའི་སེམས་བསྐྱེད་འཇུག་སེམས་དང་མ་བླངས་པའི་སེམས་བསྐྱེད་སྨོན་སེམས་ཡིན་པར་ཐལ། ཆོས་བཤེས་ཀྱིས་དེ་ལྟར་འདོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དང་པོ་237གང་གཉིས་པ་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། འཇུག་པ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ་བར་ཆད་མེད་པའི། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚིག་གསལ་ལས། སྨོན་པ་ཞེས་བྱ་བ་ནི་སྨོན་པ་ཙམ་སྟེ་ཚོགས་བསགས་པ་སེམས་དེ་བསྐྱེད་པའི་ཆོ་གས་བླང་བར་ཡང་མ་བྱས་པའོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྨོན་འཇུག་གི་སེམས་གཉིས་གཅིག་ཆར་དུ་བསྐྱེད་པའི་ཆོ་ག་ཡོད་པའི་ཕྱིར་ཏེ། མཁས་གྲུབ་རིན་པོ་ཆེའི་གསུང་ལས། དེ་ལ་ཚིགས་བཅད་དང་པོ་རྐྱང་པས་བྱེད་ན་རྐང་པ་དང་པོ་གསུམ་གྱིས་འཇུག་པ་སེམས་བསྐྱེད་ལེན་པའི་སྦྱོར་བ་སྟོན་ཅིང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པ་གཅིག་པུས་སྨོན་སེམས་ཆོ་གས་འཛིན་པ་དང་འཇུག་སེམས་ཆོ་གས་འཛིན་པ་གཉིས་ཀ་སྟོན་པར་བརྡའ་འཕྲོད་དགོས། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །སོགས་ཀྱིས། ཨ་བྷྱས་ཀྱང་དབང་རྣོན་གྱིས་བསྡུས་ནས་བསྐྱེད་པར་བཤད་པའི་ཕྱིར་ཏེ། སྤྱོད་འཇུག་ལས་ཀྱང༌། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ཅིག་ཅར་ཆོ་གས་མ་བྱས་ན་སྤྱོད་འཇུག་གི་ཆོ་ག་གཉིས་མི་རྙེད་པའི་ཕྱིར། དེར་ཐལ། དེ་བཞིན་དུ་ཐུབ་དགོངས་ལས་ཀྱང༌། ཕན་ཡོན་ཐོས་པས་ཡང་དག་པར་དགའ་བ་སྐྱེས་པ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ནས། བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ། 238འཇིག་རྟེན་འདི་ཐམས་ཅད་སྡུག་བསྔལ་ལས་བཏོན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་སྦྱར་བར་བྱའོ། །ཞེས་དབང་པོ་རབ་ཀྱིས་རབ་མདོར་བསྡུས་པས་བྱང་ཆུབ་ཀྱི་སེམས་སྡོམ་པའི་རང་བཞིན་སྐྱེད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ། རྒྱས་པར་དེར་ལྟོས། ཡང་ཁ་ཅིག་ན་རེ། འཇུག་སྡོམ་དང་འཇུག་སེམས་ཅིག་ཆར་ཁོ་ན་སྐྱེ་བ་རྣམ་བཤད་ཀྱི་དོན་ཟེར། ལ་ལས་དེ་རྣམ་བཤད་ཀྱི་དོན་དུ་བྱས་ནས་ལམ་རིམ་དང་མི་མཐུན་ཟེར། གཞན་དག་གིས་རྒྱུ་མཚན་མེད་པར་འཇུག་སེམས་ཚོགས་ལམ་འབྲིང་ཁོ་ནར་ཡོད་ཟེར། འཕགས་ཡུལ་དུའང་བཞེད་ཚུལ་མང་བས་དགག་གཞག་མང་བར་མི་བྱ་བར་རྗེ་ཡབ་སྲས་དང་ཞི་བ་ལྷའི་ལུགས་ཉུང་གསལ་ཅིག་བཀོད་ན།

(236) པར་ཐེངས་གཉིས་པ། བར་འགྱུར་བའི་གནོད་པ་མི་བསྐྱེད་པ།

(237) པར་ཐེངས་གཉིས་པ། གང་ཞིག །

(238) པར་ཐེངས་གཉིས་པ། འཇིག་རྟེན་འདི་སྡུག་བསྔལ།

    འོ་ན། འཇུག་སེམས་ལ་བློ་སྦྱངས་པའམ་སྒོམ་ཚུལ་མེད་པར་ཐལ། སངས་རྒྱས་དང་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་རྒྱལ་སྲས་ཀྱི་བསླབ་བྱ་གསུངས་པ་རྣམས་ལ་བློ་སྦྱངས་པ་དང་ཡིད་སྨོན་བྱས་ནས་སྒོམ་པ་དེ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་བློ་གོམས་ནས་མྱོང་བ་སྐྱེས་ཏེ་རྒྱལ་སྲས་ཀྱི་འཇུག་སྡོམ་ལེན་པ་མེད་པའི་ཕྱིར། ཁྱབ་སྟེ། དེ་འདྲ་བའི་མྱོང་བ་སྐྱེས་ནས་འཇུག་སེམས་སྐྱེས་ཀྱང་ཆོ་གས་མ་བཟུང་ན་འཇུག་སྡོམ་དུ་མི་འགྱུར་བའི་ཕྱིར་ཏེ། ལམ་རིམ་ཆུང་ངུ་ལས། དེས་ན་བསླབ་བྱ་རྣམས་ཤེས་པར་བྱས་ཏེ་ཡིད་ཡུལ་དུ་བྱས་ནས་དེ་དག་སྙིང་ཐག་པ་ནས་སློབ་འདོད་སྦྱངས་ཏེ་སྡོམ་པ་བླངས་239ན་ཤིན་ཏུ་བརྟན་པས། ཞེས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས། འཇུག་སེམས་བསྒོམས་སྟོབས་ཀྱིས་རྒྱུད་ལ་སྐྱེས་ཀྱང་ཆོ་གས་མ་བཟུང་ན་སྡོམ་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་གཉིས་དུས་གཅིག་ཏུ་སྐྱེས་པས་ཁྱབ་པར་ཐལ། འཇུག་སེམས་རྒྱུད་ལྡན་ཡིན་ན་འཇུག་སྡོམ་རྒྱུད་ལྡན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་གཉིས་འགལ་ཡང་ཅིག་ཆར་ཁོ་ནར་སྐྱེ་བའི་ཕྱིར་ཏེ། རྣམ་བཤད་ལས། འཇུག་སྡོམ་དང་འཇུག་སེམས་གཉིས་འགལ་ཡང་དེ་བསྐྱེད་པ་ནི་སྡོམ་པ་བཟུང་བའི་དབང་ཁོ་ན་ལས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་དུས་མཉམ་སྐྱེ་བའི་དོན་མིན་ཀྱང་ཆོ་ག་གཅིག་པའི་དོན་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་དར་ཊཱིཀ་ལས། འཇུག་སྡོམ་དང་འཇུག་པ་སེམས་བསྐྱེད་འགལ་ཡང་འཇུག་པ་སེམས་བསྐྱེད་ལེན་པའི་ཆོ་ག་ལས་ལོགས་སུ་འཇུག་སྡོམ་ལེན་དགོས་པར་འདོད་པ་ནི་མ་གོ་བ་ཆེན་པོ་ཡིན་ནོ། །ཞེས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས། ཐུན་མོང་གི་སྡོམ་པ་240དེ་གང་ཞེ་ན། བྱང་སེམས་ཀྱི་སྡོམ་པ་ལེན་པ་ཡིན་ཏེ། འཇུག་པ་སེམས་བསྐྱེད་ཆོ་གས་འཛིན་པ་དང་དོན་གཅིག ཅེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། འཇུག་སྡོམ་ཐོབ་ལ་འཇུག་སེམས་མ་སྐྱེས་པ་ཡང་ཡོད། འཇུག་སེམས་ལྡན་ཀྱང་འཇུག་སྡོམ་མི་ལྡན་པ་ཡང་ཡོད། འཇུག་སེམས་སྐྱེས་ཀྱང་འཇུག་སྡོམ་མ་ཐོབ་པ་ནི་བཤད་ཟིན་པའི་ཕྱིར། དང་པོ་གྲུབ་སྟེ། ལམ་མ་ཞུགས་ནས་འཇུག་སྡོམ་བླངས་ནས་དེ་རྗེས་བྱང་ཆུབ་ཀྱི་སེམས་བསྒོམ་པ་མང་བའི་ཕྱིར། དེར་ཐལ། བྱང་ཆུབ་ཀྱི་སེམས་ལ་མྱོང་བ་མ་སྐྱེས་ཀྱང་འཇུག་སྡོམ་ཐོབ་ནས་སླར་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཞི་བ་ལྷའི་ལུགས་ཡིན་པའི་ཕྱིར་ཏེ། ལམ་རིམ་ཆེ་བ་ལས། སྤྱིར་སྔར་བཤད་པ་ལྟ་བུའི་མྱོང་བ་མ་སྐྱེས་ཀྱང་ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་ཐེག་ཆེན་ལ་མོས་པ་བརྟན་ན་སྔོན་ལ་སེམས་བསྐྱེད་པ་དང་སྡོམ་པ་བཟུང་ནས་དེ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བའང་ཡོད་དེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མྱོང་བ་མ་སྐྱེས་ཞེས་པས་ལམ་མ་ཞུགས་སུ་བསྟན། ལྷག་མས་སྨོན་འཇུག་གི་སེམས་བཟུང་ནས་སེམས་བསྒོམ་པ་རྗེས་སུ་བྱེད་པར་བཤད་པའི་ཕྱིར་ཏེ། ལམ་རིམ་ལས། སྤྱོད་འཇུག་ཏུ་སྔོན་ལ་སྡོམ་པ་དང་སེམས་བཟུང་ནས་དེའི་བསླབ་བྱ་ཕྱིན་དྲུག་གི་བསམ་གཏན་གྱི་སྐབས་སུ་བྱང་ཆུབ་ཀྱི་སེམས་སྦྱོང་ལུགས་རྒྱས་པར་གསུངས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདི་ལའང་སྣོད་རུང་དུ་ཕན་ཡོན་སེམས་པ་དང༌། ཡན་ལག་བདུན་པས་སྐྱབས་འགྲོ་སོགས་དགོས་པར་ལམ་རིམ་དང་མཁས་གྲུབ་རིན་པོ་ཆེས་གསུངས་སོ། །གཉིས་པ་གྲུབ་སྟེ། བྱང་སེམས་ལ་བྱང་སེམས་ཀྱི་རྩ་ལྟུང་བྱུང་ལ་བྱང་སེམས་ཀྱི་འཇུག་སེམས་མ་བཏང་བ་ལྟ་བུ་ཡིན་པའི་ཕྱིར། གཞན་དུ་བཤད་ཟིན་ཏོ། །ས་མཚམས་ལ་ཁ་ཅིག་ན་རེ། འཇུག་སེམས་མ་མཐའ་ཚོགས་ལམ་འབྲིང་ནས་ཡིན་པར་ཐལ། གསེར་ཕྲེང་ལས། ཚོགས་ལམ་ཆུང་ངུར་སྨོན་སེམས་དང་འབྲིང་ནས་འཇུག་སེམས་བཞག་སྟེ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། སེམས་བསྐྱེད་ཉེར་གཉིས་ཀྱི་མདོའི་དངོས་བསྟན་དང་སྦྱར་ཙམ་རིགས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། འབྲིང་ནས་འཇུག་སེམས་བཞག་སྟེ། མདོ་ལས། བསམ་ལྡན་གྱི་སྐབས་སུ་ཕྱིན་དྲུག་ལ་སློབ་པར་བཤད་ཅིང༌། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཚོགས་ལམ་ཆུང་ངུ་ན་ཡང་འཇུག་སྡོམ་དང་འཇུག་སེམས་གཉིས་ཡོད་པའི་ཕྱིར། ཁྱབ་སྟེ། འཇུག་པའི་སྡོམ་པ་བཟུང་ནས་ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་པའི་སེམས་བསྐྱེད་ལ་འཇུག་སེམས་ཀྱིས་ཁྱབ་པའི་ཕྱིར་ཏེ། རྣམ་བཤད་ལས། སེམས་བསྐྱེད་ཀྱི་སྤྱིའི་མཚན་ཉིད་ཞུགས་པར་ཁྱད་པར་མེད་པ་ལ་སྤྱོད་པ་ཉམས་སུ་ལེན་པའི་བྱ་བས་དངོས་སུ་ཟིན་པ་དང་མ་ཟིན་པ་གཉིས་སུ་དབྱེ་བ་ནི་ལུང་སྔ་མའི་241དོན་ནོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྤྱོད་འཇུག་དར་ཊཱིཀ་ལས། སྨོན་འཇུག་གི་སེམས་བསྐྱེད་ཙམ་ཞིག་ནི་ཚོགས་ལམ་ཁྱད་པར་ཅན་མ་ཐོབ་པ་ནས་ཀྱང་ཡོད་ལ་ཞེས་གསུངས་པའི་ཕྱིར།

(239) པར་ཐེངས་གཉིས་པ། པ་ཤིན་ཏུ་བརྟན་པས་འདི་ནི་ཐབས་བཟང་པོའོ། །

(240) པར་ཐེངས་གཉིས་པ། དེ་དག

(241) པར་ཐེངས་གཉིས་པ། དོན་ཡིན་ལ།

    ཡང་ཁ་ཅིག་ན་རེ། ཐེག་ཆེན་སེམས་བསྐྱེད་ཀྱི་སེམས་རྟེན་ཡིན་ན་གཙོ་སེམས་ཡིན་པས་ཁྱབ་ཟེར་ན། དཀོན་མཆོག་སྒྲོན་མེ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །ནས། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་སྐྱེ་འོ། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་དང༌། ཛེ་ཏཱ་རིས། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན། །ཞེས་གསུངས་པའི་དོན་མ་གྲུབ་པར་ཐལ། ཐེག་ཆེན་སེམས་བསྐྱེད་ཀྱི་སེམས་རྟེན་ལ་རྒྱལ་བ་ལ་དམིགས་པའི་དད་པ་ཡང་མེད། སྐྱབས་འགྲོ་ཁྱད་པར་ཅན་ཡང་མེད་པའི་ཕྱིར། དེར་ཐལ། དེའི་སེམས་རྟེན་དུ་གྱུར་པའི་སེམས་བྱུང་མེད་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། རྣམ་འགྲེལ་ལས། རྣམ་ཤེས་མིན་པས་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ ཅེས་གསུངས་པ་མི་འཐད་པར་ཐལ། རྣམ་ཤེས་ཀྱི་ཉེར་ལེན་ལ་རྣམ་ཤེས་ཀྱི་རིགས་ཤིག་མི་དགོས་པའི་ཕྱིར། དེར་ཐལ། ཐེག་ཆེན་སེམས་བསྐྱེད་ཀྱི་ཉེར་ལེན་ལ་རྣམ་ཤེས་ཤིག་མི་དགོས་པའི་ཕྱིར། དེར་ཐལ། དེའི་སེམས་རྟེན་ལ་རྣམ་ཤེས་ཤིག་མི་དགོས་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དེའི་སེམས་རྟེན་ཡིན་ན་དེའི་ཉེར་ལེན་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། སེམས་དེ་སེམས་རྟེན་དེའི་ངོ་བོར་བསྐྱེད་པ་དེ་དེའི་སེམས་རྟེན་གྱི་དོན་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན་སེམས་རྟེན་དེས་གཟུགས་སོགས་གཞལ་བ་སོགས་མི་རུང་ན་དེ་གཟུགས་ལ་ལྟ་བའི་རྣམ་ཐར་དུ་མི་རུང་བར་མངོན་པ་ལས་ཡང་ཡང་བཤད་པའི་ཕྱིར་ཏེ། གསེར་ཕྲེང་ལས། འདི་ནི་མཁར་གཞོང་ལ་རྒྱ་ཤུག་རྟེན་པ་དང། ནས། བརྟེན་པར་བཤད་པ་དེ་རྣམ་པ་གང་དང་གང་གི་ངོ་བོར་སྐྱེས་པ་ལ་བརྟེན་པའི་ཐ་སྙད་བྱས་པ་སྟེ་ཚུལ་འདི་ནི་ལམ་གྱི་སེམས་རྟེན་ཐམས་ཅད་ལ་ལ་རིག་པར་བྱ་སྟེ། ཆོས་མངོན་པ་བའི་ཐུན་མོང་མ་ཡིན་པའི་བརྡའོ། །ཞེས་གསུངས་པའི་ཕྱིར།

    གཉིས་པ་རང་ལུགས་ལ། རང་གི་རྒྱུར་གྱུར་པའི་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་རང་གི་གྲོགས་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་བསྟན་པའི་ཆ་ནས་བཞག་པའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད། ཁྱད་པར་ཅན་གྱི་དོན་ཡང་ལམ་གྱི་གཞུང་ཤིང་དང་ས་བོན་དང་སྡོམས་སོགས་སུ་བཤད་པའི་ཁྱད་པར་ལ་བྱ་ཞིང༌། ཐབས་ཁྱད་པར་ཅན་དུ་བྱས་ན་སློབ་ལམ་ལ་རུང་ཡང་སེམས་བསྐྱེད་གཉིས་ཀྱི་གཞི་མཐུན་འདོད་ན་མི་རུང་བས་སྔར་བཤད་པ་ཀུན་ལ་ལེགས། དེ་ལ་ངོ་བོའི་སྒོ་ནས་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཡོད། ཉམས་ལེན་གྱི་བྱ་བ་ལ་ལྟོས་མི་དགོས་པའི་རིགས་ཅན་གྱི་སེམས་བསྐྱེད་དེ་སྨོན་སེམས་ཀྱི་མཚན་ཉིད། དབྱེ་ན་སྐྱེ་འཕགས་ཀྱི་རྒྱུད་ཀྱི་གཉིས་དང༌། ས་མཚམས་ཚོགས་ལམ་ཆུང་ངུ་ནས་ས་བདུན་པའི་བར་དུ་ཡོད། ཕྱིན་དྲུག་གི་བྱ་བས་དངོས་སུ་ཟིན་དགོས་པའི་སེམས་བསྐྱེད་དེ་འཇུག་སེམས་ཀྱི་མཚན་ཉིད། དབྱེ་ན་རང་ཡིན་གྱི་སེམས་བསྐྱེད་ཉེར་གཉིས་ཡོད། སྨོན་འཇུག་གི་དོན་འཐད་དེ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། ཕྱིན་དྲུག་གི་དེས་ཟིན་པའི་ཚད་ཡོད་དེ། ཕྱིན་དྲུག་གི་བྱ་བ་དང་སེམས་བསྐྱེད་ཀྱི་ཤུགས་དངོས་སུ་ཅིག་ཆར་འཇུག་པ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་དུས་སེམས་བསྐྱེད་དངོས་སུ་མེད་ན་ཡང་དེའི་ཤུགས་དངོས་སུ་དེ་ལ་འཇུག་ན་དེ་དེས་དངོས་སུ་ཟིན་པའི་ཕྱིར་ཏེ། རྣམ་བཤད་ལས། སེམས་བསྐྱེད་ཀྱིས་ཀུན་ནས་བསླང་པ་ཙམ་དུ་མ་ཟད་གཏོང་བའི་སེམས་པ་སྤེལ་བའི་རྣམ་པ་ཤར་བའི་དུས་ཉིད་ན་རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་པ་ནི་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་དོན་ཡིན་ལ། དེ་ལྟ་བུ་མེད་པའི་དུས་ན་དངོས་སུ་མ་ཟིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སེམས་པ་ཡན་ཆད་ཀྱིས་སྦྱིན་པ་དང༌། སྤེལ་བའི་རྣམ་པ་ཤར་བ་ནི་སྦྱིན་པའི་འཁོར་གསུམ་སྤེལ་བ་སྟེ། རེས་ཀྱི་རྣམ་པ་ཤར་བ་དང༌། ལྷག་མས་རྣམ་མཁྱེན་ཐོབ་འདོད་ཀྱི་དྲན་པ་དངོས་སུ་ཡོད་པར་བཤད་པས་ཟིན་བྱ་ཟིན་བྱེད་དེ་དངོས་སུ་འཇུག་པར་བཤད་པའི་ཕྱིར། གཞན་ཡང༌། དེ་ལྟར་ཟིན་བྱ་ཟིན་བྱེད་གཉིས་གང་རུང་ཞིག་དངོས་སུ་མེད་ཀྱང་དངོས་སུ་ཟིན་པ་ཡོད་དེ། བྱ་བ་གཉིས་དངོས་སུ་ཚོགས་པས་དངོས་སུ་ཟིན་པའི་ཕྱིར་ཏེ། ལམ་རིམ་ཆུང་ངུ་ལས། སྟོང་ཉིད་རྟོགས་པའི་ཤེས་རབ་ཤུགས་དྲག་ན་སྦྱིན་པ་གཏོང་བ་དང་ཕྱག་དང་བསྐོར་བ་སོགས་བྱེད་པའི་ཚེ་དེ་དག་ལ་དམིགས་པའི་བློ་དེ་རྣམས་སྟོང་ཉིད་རྟོགས་པ་མིན་ཡང་དེའི་ཤུགས་དང་ལྡན་པར་འཇུག་པ་མི་འགལ་ལ། ཞེས་གསུངས་པའི་ཕྱིར།

    དེ་བཞིན་དུ་སེམས་བསྐྱེད་ཀྱིས་སྟོང་ཉིད་རྟོགས་པའི་མཉམ་གཞག་ཟིན་པ་ཡང་ཡོད་དེ། ལམ་རིམ་ཆུང་ངུ་ལས། ཐུན་མགོ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པོ་སྔོན་དུ་བཏང་ན་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ། བྱང་ཆུབ་ཀྱི་སེམས་དེ་དངོས་སུ་མེད་ཀྱང་དེའི་རྩིས་ཟིན་པ་མི་འགལ་ཏེ། ཐབས་ཤེས་ཡ་མ་བྲལ་བའི་ཚུལ་ཡང་དེ་ལྟར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ས་མཚམས་ཀྱི་སྒོ་ནས་མོས་པ་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་བཞི་ཡོད་དེ། ཚོགས་སྦྱོར་གྱི་སེམས་བསྐྱེད་དང་པོ། གཉིས་པ་ནི་མ་དག་ས་བདུན་གྱི་དང༌། གསུམ་པ་ནི་དག་སའི་དང༌། བཞི་པ་ནི་སངས་རྒྱས་ཀྱི་སའི་སེམས་བསྐྱེད་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པ་འོ། །ཞེས་སོ། །ཡང་དེ་ལ་སེམས་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་ན་རྒྱལ་པོ་ལྟ་བུ། རྫི་བོ་ལྟ་བུ། མཉན་པ་ལྟ་བུའི་སེམས་བསྐྱེད་གསུམ་ཡོད་ལ། དང་པོ་ནི། ཐོག་མར་རང་གིས་སངས་རྒྱས་ཐོབ་ནས་སེམས་ཅན་གྱི་དོན་བྱེད་འདོད་པའི་སེམས་བསྐྱེད་དེ་དེ་ཡིན་པའི་ཕྱིར་ཏེ། ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔས་ནི་རེ་ཞིག་བདག་ཉིད་དུལ་བར་བགྱི་བདག་ཉིད་ཞི་བར་བགྱིའོ། །ཞེས་གསུངས་པའི་ཕྱིར། མདོ་བསྟན་བཅོས་དུ་མ་ལས་བཤད་དོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་བདག་འཚང་རྒྱ་བར་འདོད་པའི་སེམས་བསྐྱེད་དེ། སྤྱན་རས་གཟིགས་ཀྱིས་སེམས་བསྐྱེད་པར་བཤད་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། སེམས་ཅན་འདི་དག་བྱང་ཆུབ་ཀྱི་སྙིང་པོར་སྔར་242ཆས་འདུག་པར་བྱ། འདུག་པའི་ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དང༌། བྱང་སེམས་དེད་དཔོན་གྱི་སེམས་བསྐྱེད་ཆོས་ཡང་དག་པར་སྡུད་པ་ལས། བདག་ནི་སེམས་ཅན་ཐམས་ཅད་བསྒྲལ་ནས་སླད་ཀྱི་བདག་རྒལ་བར་འཚལ་ལོ། །ཞེས་དང༌། ཡང་མདོ་དེ་ཉིད་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཐོག་མར་སེམས་ཅན་ཐམས་ཅད་བྱང་ཆུབ་པར་འཚལ་གྱི་བདག་ཉིད་ནི་མ་ལགས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། བདག་དང་སེམས་ཅན་ཐམས་ཅད་དུས་མཉམ་དུ་འཚང་རྒྱ་བར་སྨོན་པའི་སེམས་བསྐྱེད་243དེ། སུམ་ཅུ་རྩ་གསུམ་པའི་ལེའུའི་མདོ་ལས། བདག་ཉིད་དང་ནི་གཞན་དག་གིས། །གཉིས་པའི་དུཿཁ་རབ་ཤེས་ནས བདག་གི་དུཿཁ་ཞི་བྱེད་ཅིང༌། །གཞན་གྱི་དུཿཁ་ཀུན་ཞི་བྱེད། །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས། །སེམས་དེ་ལ་ནི་འགོད་པར་བྱ། །ཞེས་གསུངས་པ་ལྟ་བུ་སྟེ་དུ་མ་ཡོད་པར་སྣང་ངོ༌། །ཡང་སྒྲས་བརྗོད་ཀྱིས་ཀུན་རྫོབ་སེམས་བསྐྱེད་དང༌། དོན་དམ་སེམས་བསྐྱེད་གཉིས་ཡོད། བསྡུས་ན་དམ་པ་གསུམ་ཚང་བའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད། གོ་ཐོབ་བྱས་ན་ལུང་དམ་པ་མང་དུ་ཐོས་པ་དང༌། རྒྱུ་དམ་པ་ཚོགས་གཉིས་བསགས་པ་གཉིས་དང་ལྡན་པ་དང། ཁོང་དུ་ཆུད་པ་དམ་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་དེའི་མཚན་ཉིད་ཡིན་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ནི་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་དང༌། གསེར་ཕྲེང་ལས། ཁྱད་པར་དེ་གསུམ་གྱིས་སེམས་བསྐྱེད་པ་དོན་དམ་པ་ཉིད་དུ་སྟོན་ཏོ། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་ཡང་ཡོད་དེ། དང་པོ་གསུམ་གྱི་མ་མཐའ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ནས་རིམ་གྱིས་ཐོབ། བཞི་པ་སྦྱོར་ལམ་ནས་ཐོབ། སྦྱིན་པ་དང་ལྡན་པའི་དེ་ནས་ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པའི་དེ་བཅུ་ས་བཅུ་ལ་རིམ་གྱིས་ཐོབ། མངོན་ཤེས་དང་ལྡན་པ་སོགས་ལྔ་ནི་ས་བཅུ་པའི་ཁྱད་པར་གྱི་ལམ་དུ་ཐོབ། ཐ་མ་གསུམ་ནི་སངས་རྒྱས་ཀྱི་སའི་སྦྱོར་དངོས་མཇུག་གསུམ་གྱི་རིམ་གྱིས་ཐོབ་པའི་ཕྱིར་ཏེ། འགྲེལ་པ་ལས། སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ལས་དང་པོ་བའི་ས་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སེམས་བསྐྱེད་ཚུལ་དུ་མ་ཡོད་དེ། རྒྱུ་བཞི་དང་རྐྱེན་བཞི་སྟོབས་བཞིས་བསྐྱེད་ཚུལ་དུ་མ་ཡོད་པའི་ཕྱིར། དེར་ཐལ། བསླབ་བཏུས་དང་བྱང་ས་ལས་བཤད་པའི་ཕྱིར། དེ་དག་བསྡུས་ན་ལྔར་འགྱུར་ཏེ། བླ་མ་སོགས་གྲོགས་ཀྱི་སྟོབས། རིགས་སོགས་རྒྱུའི་སྟོབས། དགེ་རྩའི་སྟོབས། མང་དུ་ཐོས་པའི་སྟོབས། དགེ་བ་གོམས་པའི་སྟོབས་དང་ལྔར་འདུ་ལ། སྔ་མ་མི་བརྟན་ཕྱི་མ་བཞི་བརྟན་པའི་ཕྱིར། རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་བྱུང་དང༌། །ཞེས་དང༌། གསེར་ཕྲེང་ལས། དང་པོ་མི་བརྟན་ལ། ལྷག་མ་བཞི་བརྟན་པའོ། །ཞེས་སོ། །

(242) པར་ཐེངས་གཉིས་པ། ཆོས།

(243) པར་ཐེངས་གཉིས་པ། དེ་དེ་ཡིན་པའི་ཕྱིར།

    རྩོད་སྤོང་ལ་ཁོ་ན་རེ། འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཆོས་ཅན། ཚོགས་ལམ་ཆུང་ངུས་བསྡུས་པར་ཐལ། འགྲེལ་པ་ལས། དང་པོ་གསུམ་ནི། ཞེས་གསུངས་པའི་ཕྱིར། འདོད་ན། ཚོགས་ལམ་ཆུང་ངུ་བའི་རྒྱུད་ཀྱི་སེམས་བསྐྱེད་ཡིན་པར་ཐལ། དེས་བསྡུས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། སངས་འཕགས་ཀྱི་རྒྱུད་ཀྱི་འདུན་ལྡན་གྱི་སེམས་བསྐྱེད་ཡོད་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན་མི་ཟད་པའོ། །ཞེས་དང༌། དགོངས་རྒྱན་ལས། སེམས་བསྐྱེད་པ་དང་པོ་ནི་ཆེད་དུ་བྱ་བ་དང་བཅས་པ་བྱང་ཆུབ་ལ་འདུན་པའི་མཚན་ཉིད་ཅན་མི་ཟད་244པ་དང་ས་དང་མཚུངས་པ་སྟེ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཚོགས་ལམ་ཆུང་ངུའི་སེམས་བསྐྱེད་ཆོས་ཅན། འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་མ་ཡིན་པར་ཐལ། འདུན་པ་དང་མཚུངས་ལྡན་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེ་དང་མཚུངས་ལྡན་མིན་ཀྱང་རྣམ་མཁྱེན་དོན་གཉེར་གྱི་འདུན་པ་དང་སེམས་བསྐྱེད་བྱ་བ་གཅིག་པ་དང་བྱ་བ་མཚུངས་པར་འཇུག་པ་དང་ལྡན་པས་ཚིག་བསྡུས་ནས་མཚུངས་ལྡན་ཞེས་བཤད་པའི་ཕྱིར། དེས་གཞན་ཀུན་ཀྱང་ཤེས་པར་བྱ། ཡང་ཁོ་ན་རེ། སྦྱོར་བ་དང་ལྡན་པའི་སེམས་བསྐྱེད་ཆོས་ཅན། སྦྱོར་ལམ་མན་ཆད་ན་མེད་པར་ཐལ། སྦྱོར་ལམ་གྱིས་བསྡུས་པའི་དོན་ས་མཚམས་ཀྱི་དོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚོགས་ལམ་ན་སྦྱོར་བ་དང་མཚུངས་ལྡན་གྱི་དེ་ཡོད་པའི་ཕྱིར། དེར་ཐལ། དེ་ན་རང་གི་གྲོགས་སྦྱོར་བ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འདིའི་སྦྱོར་བ་མེ་ལྟ་བུ་དེ་སྟོང་ཉིད་རྟོགས་པའི་ལྷག་མཐོང་གི་སྦྱོར་བ་ཞིག་ལ་བྱེད་པའི་ཕྱིར། རྣམ་བཤད་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་མངོན་གྱུར་པ་སྲེག་པའི་ཕྱིར་རོ ཞེས་གསུངས་པའི་ཕྱིར། འོ་ན། སྦྱོར་བ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཀྱི་སྦྱོར་བ་ལ་སྟོང་ཉིད་རྟོགས་པས་ཁྱབ་པར་ཐལ། དེའི་མེ་དང་དཔེ་དོན་བྱེད་པའི་སྦྱོར་བ་ལ་སྟོང་ཉིད་རྟོགས་པས་ཁྱབ་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་སྦྱོར་བ་ལ་རྒྱལ་སྲས་ཀྱི་སྦྱོར་བའི་རིགས་ཐམས་ཅད་ཡོད་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་མི་ཟད་པ་སྟེ། བཞི་གང་ཞེ་ན། བྱང་ཆུབ་སེམས་ཀྱི་སྦྱོར་བ་མི་ཟད་པ་དང༌། ཆོས་ཀྱི་སྦྱིན་པ་སྟོན་པའི་སྦྱོར་བ་མི་ཟད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པའི་སྦྱོར་བ་མི་ཟད་པ་དང༌། དགེ་བའི་རྩ་བ་བསགས་པའི་སྦྱོར་བ་མི་ཟད་པ་སྟེ། ཞེས་གསུངས་པའི་ཕྱིར་དང༌།

(244) པར་ཐེངས་གཉིས་པ། པ་དང་མཚུངས་ཏེ།

    དགོངས་རྒྱན་ལས། འདུན་པ་ལ་སོགས་པ་འདི་དག་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་པོ་འདི་རྣམས་ཀྱང་བཅོམ་ལྡན་འདས་མ་ཆེན་པོ་དག་ཏུ་གསུངས་པ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་མཐའ་དག་གིས་ནི་དེ་རྣམས་ལ་གོ་རིམ་ཇི་ལྟ་བར་མི་ཟད་པ་བརྒྱད་ཅུ་རྣམས་གསུངས་སོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ས་གཉིས་པ་ནས་འཇོག་མི་རིགས་པར་ཐལ། དེ་ས་དང་པོ་མན་ཆད་ན་ཡོད་པའི་ཕྱིར། དེར་ཐལ། དེ་མན་ཆད་ན་རང་གི་གྲོགས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། འདིའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་མི་ཟད་པ་དྲུག་ཅུ་རྩ་ལྔ་ལྷག་པར་ཐོབ་པ་ཡན་ཆད་ཅིག་དགོས་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། རྣམ་པ་དྲུག་ཅུ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་མི་ཟད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིས་གཞན་ལ་རིགས་འགྲེ་ལ་ཞིབ་ཆ་ཡང་དགོས་སོ། །ཡང་ཁོ་ན་རེ། ཁྱད་པར་གྱི་ལམ་དེ་ས་བཅུའི་ཁྱད་པར་ལ་བྱེད་ཟེར་ན། དེ་མི་འཐད་པར་ཐལ། དེ་སློབ་དཔོན་གྱི་ལུགས་ལ་ས་བཅུ་པའི་ཁྱད་པར་ལ་བྱེད་དགོས་པའི་ཕྱིར་ཏེ། གསེར་ཕྲེང་ལས། དེས་ན་ས་བཅུ་པའི་ཁྱད་པར་གྱི་ལམ་ལ་བཞག་གོ །ཞེས་གསུངས་པའི་ཕྱིར། བོད་ཀྱི་མང་ཐོས་དབང་པོ་ཁ་ཅིག་ན་རེ། རྫི་བོ་དང་མཉན་པ་ལྟ་བུའི་སེམས་བསྐྱེད་གཉིས་ཀྱི་སེམས་བསྐྱེད་ཚུལ་མི་འཐད་པར་ཐལ། དེ་གཉིས་ལོག་ཤེས་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱི་འཛིན་སྟངས་མེད་པའི་ཕྱིར་ན་མ་ཁྱབ་སྟེ། ཞེ་ཐག་པས་ངེས་པ་དྲངས་ནས་མི་འཛིན་པར་མ་ཟད་ཐེ་ཚོམ་གྱིས་ཀྱང་དེ་ལྟར་མི་འཛིན་པས་ལོག་ཤེས་ལོག་རྟོག་གི་དོན་མི་ཚང་བའི་ཕྱིར་ཏེ། དེས་ན། དེ་ནི་འཛིན་སྟངས་མེད་པའི་མོས་སྒོམ་ཡིན་པས་མོས་སྒོམ་ལ་མཐའ་མེད་པའི་ཕྱིར། ཡང་ཁོ་ན་རེ། ཚོགས་ལམ་ཆེན་པོ་པ་ཟླ་ཚེས་ལྟ་བུའི་བྱང་སེམས་ཡིན་པར་ཐལ། དེའི་རྒྱུད་ཀྱི་སེམས་བསྐྱེད་ཟླ་ཚེས་ལྟ་བུའི་སེམས་བསྐྱེད་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འདིས་ཟླ་ཚེས་ཡར་ངོ་དང་སྦྱོར་ཀྱང་ཚེས་མ་ཐག་དང་མི་སྦྱོར་བའི་ཕྱིར་ཏེ། རྒྱན་ལས། ཟླ་བ་ཡར་གྱི་ཚེས་པ་བཞིན། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མདོ་ལས། འོད་སྲུང༌། ཟླ་བ་ཚེས་པ་ལ་ཕྱག་བྱའི། ཞེས་པའི་དངོས་བསྟན་གྱི་བྱང་སེམས་མ་ཡིན་པའི་ཕྱིར། དེར་ཐལ། ཚོགས་ལམ་ཐོབ་མ་ཐག་མན་ཆད་ཀྱི་དེ་མ་ཡིན་པའི་ཕྱིར། འོ་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་དེ་ལྗོན་ཤིང་གི་མྱུ་གུ་ལྟ་བུའི་བྱང་245སེམས་སུ་ཐལ། དེ་འདྲའི་བར་ཆད་མེད་ལམ་དེ་མྱུ་གུ་ལྟ་བུའི་ལམ་ཡིན་པའི་ཕྱིར། ཁྱབ་པ་འགྲིག རྟགས་གྲུབ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་མྱུག་སོགས། ཞེས་སོགས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཟླ་ཚེས་དང་མྱུ་གུ་ལྟ་བུའི་བྱང་སེམས་གཉིས་བྱང་སེམས་ལས་དང་པོ་བ་ལ་བྱེད་པའི་ཕྱིར། གཞན་ཡང༌། བྱང་སེམས་ས་བཅུ་པ་བའི་སེམས་བསྐྱེད་སྤྲིན་ལྟ་བུའི་སེམས་བསྐྱེད་ཡིན་པར་ཐལ། བྱང་སེམས་ས་བཅུ་པ་བའི་སྤྲིན་ལྟ་བུའི་བྱང་སེམས་ཡིན་པའི་ཕྱིར་ཏེ། འཇུག་པ་ལས། ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཏོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ། །ཅེས་གསུངས་པའི་ཕྱིར།

(245) པར་ཐེངས་གཉིས་པ། སེམས་ཡིན་པར་ཐལ།

 

    སྨྲས་པ།

     གང་ཞིག་ཐོབ་ན་འབད་མི་དགོས་པར་རྒྱལ་བ་ཀུན་གྱི་གདུང་འཚོབ་སྲས་འགྱུར་ཞིང༌། །ལྷ་དང་ལྷ་མིན་མི་དང་ཀླུ་བཅས་ཕྱག་འོས་དགྲ་བཅོམ་ཉན་རང་སོགས་ཟིལ་གནོན། །རྒྱལ་ཀུན་དགྱེས་བཞིན་སྲས་མཆོག་རྣམས་དང་དཀར་ཕྱོཊ་མ་ལུས་དགའ་བའི་སྟོབས་བསྐྱེད་པའི། །བྱང་ཆུབ་སེམས་ཀྱི་རིན་ཆེན་སྔོན་མེད་སྲིད་ཞིའི་246གཙུག་རྒྱན་མཆོག་དེར་ཕྱག་འཚལ་ལོ། །བརྒྱ་བྱིན་གཙུག་གི་ནོར་བུ་དང༌། །འཁོར་ལོས་བསྒྱུར་བའི་འཁོར་ལོ་མཆོག །རྒྱ་མཚོའི་འཛིན་པའི་རིན་ཆེན་ཀྱང བྱང་ཆུབ་སེམས་ཀྱི་ཕྱོགས་རེའི་དཔེ། །སྲོག་བཞིན་ཐེག་ཆེན་ལམ་གྱི་འཇུག་ལྡོག་247རྒྱུ། །སངས་རྒྱས་ས་བོན་ཡོན་ཏན་སྡོམ་བཞིན་བྱེད། །དུས་མཐའི་མེ་བཞིན་སྡིག་ཅན་ཐམས་ཅད་བསྲེག །ནོར་བུ་མཆོག་དེས་རེ་བ་མ་ལུས་སྐོངས། །

(246) པར་ཐེངས་གཉིས་པ། གཙུག་གི་རྒྱན་མཆོག་དེར་ཕྱག་འཚལ། །

(247) པར་ཐེངས་གཉིས་པ། ཏུ། །

ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

                                                                                                                            རྩོམ་སྒྲིག་པ། མང་ར་བ།

                 གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།