ཀུན་མཁྱེན་ཕར་ཕྱིན་ལས་ཤེར་ཕྱིན་ཕར་ཕྱིན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-08 21:56:00     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

 236388974482820697.jpg

    གཉིས་པ་བསྡུས་དོན་ལ་མཚམས་སྦྱར། ལུས་འགོད་པ་དང༌། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་དང་གསུམ། དང་པོ་ནི། འགྲེལ་བ་ལས། དེ་ལྟར་འབྲེལ་བ་ལ་207སོགས་པ་བསྙད་ནས། ཞེས་པ་ནས། ལུས་རྣམ་པར་བཞག་པ་གསུངས་ཏེ། ཞེས་སོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ལ། མདོར་བསྟན་དང༌། གྲངས་བཤད་པ་གཉིས། དང་པོ་ནི། རྩ་བར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད ཅེས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ།

(207) པར་ཐེངས་གཉིས་པ། སོགས་བསྙད།

    དང་པོ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད། སོགས་ཀྱིས་དགོས་སོགས་བཤད་ནས་གདུལ་བྱས་རྟོགས་སླ་ཞིང་འཇུག་བདེ་བའི་མདོར་བསྟན་གྱིས་འཆད་པར། རྩ་བར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ནས། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་བྱུང༌། དེའི་ཡན་ལག་དོན་བདུན་ཅུ་བཤད་པ་ལ། རྩ་བར། སེམས་བསྐྱེད་པ་དང༌། ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས། གཉིས་པ་ནི། རྗེ་བཙུན་ཆོས་ཅན། རྒྱན་འདིར་གཞུང་ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་ཡང་དག་པར་བཤད་པ་ཡིན་ཏེ། དེའི་རྗོད་བྱེད་རྣམས་སྐབས་བརྒྱད་དང༌། བརྗོད་དོན་རྣམས་དངོས་པོ་བརྒྱད་དུ་ཕྱེ་ནས་ཡན་ལག་གི་སྒོ་ནས་དོན་བདུན་ཅུ་དང༌། དེ་དག་རེ་རེ་ལའང་མཚན་ཉིད་དབྱེ་བ་སོགས་ཚིག་དོན་ཡན་ལག་གི་སྒོ་ནས་ཕྱིན་ཅི་མ་ལོག་པར་བཤད་པའི་ཕྱིར།

    མཐའ་དཔྱད་པ་ལ་གསུམ་ལས། དང་པོ་ལ་བརྒྱད་ཚན་གསུམ་གྱི་དོན་དཔྱད་པ་དང༌། ཤེར་ཕྱིན་དངོས་བཏགས་ལ་དཔྱད་པ་གཉིས། དང་པོ་ལ། ཡང་ཁ་ཅིག་ན་རེ། དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པའི་དངོས་པོ་ལ་གཞུང་སྐབས་བརྒྱད་དང་དོན་བརྒྱད་གཉིས་ཡོད་ཟེར་ན། འོ་ན། འདིའི་དངོས་པོ་བརྒྱད་རྣམ་མཁྱེན་ནས་ཆོས་སྐུའི་བར་བརྒྱད་ལ་མི་བྱེད་པར་ཐལ། དེ་ལ་གཞུང་བརྒྱད་དང་དོན་བརྒྱད་གཉིས་བྱས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཅེས་པ་ནས། ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད། །ཅེས་དང། གསེར་ཕྲེང་ལས། ཁ་ཅིག དངོས་པོ་བརྒྱད་ཀྱིས་བཤད་ཅེས་པས་འཁྲུལ་གཞི་བྱས་ནས་གཞུང་དང་དོན་གཉིས་ཀ་དངོས་པོ་བརྒྱད་དུ་208འདོད། ཅེས་གསུངས་པའི་ཕྱིར། དོན་བསྡུས་སྒྲོན་མེ་ན་རེ། དངོས་པོ་བརྒྱད་བྱེད་ཚུལ་དུ་མར་འདོད་དེ། ཐོགས་མེད་ཀྱིས་209མངོན་རྟོགས་སྦྱོར་བཞི་དང༌། ཡུམ་མཁྱེན་གསུམ་དང་ཆོས་སྐུ་སྟེ་བཞི་དང་བརྒྱད་དུ་འདོད། འཕགས་པས་སྦྱོར་བཞི་དང་སྦྱོར་བའི་ཡུམ་མཁྱེན་གསུམ་དང་འབྲས་བུ་ཆོས་སྐུ་དང་བརྒྱད་དུ་འདོད། གསེར་གླིང་བ་དང་ཤནྟི་པས་མངོན་རྟོགས་བདུན་དང་ཆོས་སྐུ་དང་བརྒྱད། སེང་བཟང་དང་བུདྡྷ་ཤྲཱིས་དངོས་པོ་བརྒྱད་ཀ་མངོན་རྟོགས་སུ་འདོད་པའི་ཕྱིར། དང་པོ་ནི། སྒྲོན་མེ་ལས། སྦྱོར་བ་བཞི་ནི་མངོན་ཕྱོགས་ཡིན། །འཕགས་པ་ཐོགས་མེད་དེ་ལྟར་བཞེད། །ཅེས་གསུངས་པའི་ཕྱིར། གཉིས་པ་ནི། སྒྲོན་མེ་ལས། རྣམ་པར་གྲོལ་སྡེའི་གཞུང་གིས་ནི། །མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །ཞེས་སོ། །གསུམ་པ་ནི། སྒྲོན་མེ་ལས། གསེར་གླིང་ཤཱནྟི་རྣམ་གཉིས་ཀྱིས། །མངོན་རྟོགས་བདག་ཉིད་བདུན་ཡང་སྟེ། །ཞེས་སོ། །བཞི་པ་ནི། སྒྲོན་མེ་ལས། བརྒྱད་ཀ་མངོན་རྟོགས་སེང་བཟང་དང༌། །བུདྡྷ་ཤྲཱིཛྙཱ་ནའང་བཞེད། །ཅེས་སོ། །འདི་ཇོ་བོའི་མིན་གསུངས་པ་ལྟར་རམ། ཡང་ན་འགྱུར་སོགས་ཀྱིས་མ་ཐོན་པས་བརྗོད་བྱ་ནོར་བ་གང་རུང་དུ་སྣང་ངོ༌ ཐོགས་མེད་དེ་ལྟར་བཞེད་པ་མ་ཡིན་པར་ཐལ། སྐད་ཅིག་སྦྱོར་འཕགས་པའི་མངོན་རྟོགས་ཡིན་ཡང་གཞན་གསུམ་ལ་སྐྱེ་འཕགས་གཉིས་ཀའི་ལམ་ཡོད་པའི་ཕྱིར། གསེར་ཕྲེང་ལས། ཐོགས་མེད་འཁྲུལ་པ་ག་ལ་སྲིད། །ཅེས་གསུངས་པའི་ཕྱིར། གཉིས་པ་ལ། ཉི་སྣང་ལས། དེ་ལ་དངོས་པོ་བརྒྱད་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་ཤེས་པ་ཉིད་དང། ཐམས་ཅད་ཤེས་པ་ཉིད་དང། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང། རྩེ་མོའི་མངོན་པར་རྟོགས་པ་དང། མཐར་གྱིས་པའི་མངོན་པར་རྟོགས་པ་དང༌། སེམས་ཀྱི་སྐད་ཅིག་མ་གཅིག་གིས་མངོན་པར་རྟོགས་པ་དང། ཆོས་ཀྱི་སྐུའོ། །ཞེས་གསུངས་པས་ཐོག་མ་གསུམ་དང་ཐ་མ་ལ་མངོན་རྟོགས་མ་སྨོས་པས་བར་པ་བཞི་ཁོ་ན་མངོན་རྟོགས་ཡིན་པར་ཐལ། འཕགས་པའི་ལུགས་ལ་མངོན་རྟོགས་བཞིར་ངེས་པའི་ཕྱིར། འདོད་མི་ནུས་ཏེ། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་ཐམས་ཅད་བསྡུས་པར་བཤད་པའི་ཕྱིར་ཏེ། ཉི་སྣང་ལས། ཉན་ཐོས་དང༌། ནས། ལམ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི། ཞེས་གསུངས་པའི་ཕྱིར། དེ་སྐད་དུ་གསེར་ཕྲེང་ལས། འདིའི་འཁྲུལ་གཞི་ནི། ནས། དང་པོ་གསུམ་དང་ཐ་མ་ལ་མངོན་རྟོགས་ཀྱི་སྒྲ་མ་སྦྱར་ལ་བར་བ་བཞི་ལ་སྦྱར་བ་ཙམ་གྱིས་བྱས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཡང་མི་འཐད་པར་ཐལ། མངོན་རྟོགས་ཀྱི་འབྲས་བུ་ཡིན་པས་མངོན་རྟོགས་མ་ཡིན་དགོས་ན། མཁྱེན་གསུམ་དང་སངས་རྒྱས་ལ་ཡང་མངོན་རྟོགས་མེད་དགོས་པའི་ཕྱིར་ཏེ། གསེར་ཕྲེང་ལས། མངོན་རྟོགས་ཀྱི་འབྲས་བུ་ཡིན་པས་དེ་ཞེས་བྱའོ། །ཞེས་བཞེད་པ་ཡང་མི་འཐད་དེ། ཞེས་གསུངས་པའི་ཕྱིར། བཞི་པ་ལ་གསེར་ཕྲེང་ལས་མ་གསུངས་ཀྱང་དངོས་པོ་བརྒྱད་མངོན་རྟོགས་སུ་མི་འཐད་ལ། མངོན་རྟོགས་བརྒྱད་བཞེད་པར་བྱས་ན་འཐད་དེ། འགྲེལ་བ་ལས། ཡུམ་དེ་དང་དེ་ལས་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག།།མཁྱེན་གསུམ་དུས་གསུམ་གྱི་འཕགས་རྒྱུད་ལ་སྐྱེད་ལ། སྦྱོར་བཞི་ད་ལྟར་བ་ཁོ་ན་ཟེར། ཡང་ཁ་ཅིག།། མཁྱེན་གསུམ་ནི་རལ་གྲི་ཐང་ལ་བཞག་པ་འདྲ་བས་ས་མཚམས་མེད། སྦྱོར་བཞི་དང་ཆོས་སྐུ་ལ་ས་མཚམས་ཡོད་ཟེར། ཡང་ཁ་ཅིག། །མཁྱེན་གསུམ་གྱི་སྐབས་ནི་ཐོས་བསམ་དང༌། སྦྱོར་བཞི་དང་ཆོས་སྐུ་སྒོམ་བྱུང་དང་ཉམས་ལེན་ཡིན་ཟེར། མི་ཤེས་པ་ཁ་ཅིག །དང་པོ་གསུམ་གྱིས་ལྟ་བ་དང༌། བར་པ་བཞིས་སྒོམ་སྤྱོད་དང༌། ཐ་མས་འབྲས་བུ་སྟོན་ཟེར། ཁ་ཅིག །ལམ་རྐྱངས་པའི་ལུགས་བྱས་ནས་རྣམ་མཁྱེན་ཚོགས་སྦྱོར་གྱི་སྐབས་དང༌། ལམ་ཤེས་ས་དང་པོ་ནས་དྲུག་པའི་བར་དང༌། སྦྱོར་བཞི་དག་ས་ལ་རིམ་ཅན་དང༌། ཆོས་སྐུ་སངས་རྒྱས་སར་སྐྱེད་ཟེར་ན། དེ་ལྔ་ཡང་མི་འཐད་པར་ཐལ། སངས་རྒྱ་བ་ལ་སྦྱོར་བཞི་མཁྱེན་གསུམ་རྒྱུད་ལ་སྐྱེད་མི་སྐྱེད་ཁྱད་པར་མེད་པའི་ཕྱིར། དང་པོ་མི་འཐད་210ལ། མཁྱེན་གསུམ་སུའི་རྒྱུད་ལ་སྐྱེད་དུས་ཡོད་པའི་ས་མཚམས་མེད་པ་ཡང་མི་འཐད་ལྷག་མ་ནི་འོག་ཏུ་འཆད་པ་དག་གིས་ཁེགས་པའི་ཕྱིར། རྣམ་བཤད་ལས། དེ་དག་ཕལ་ཆེར་བཞག་པར་དཀའ་སྟེ། ཞེས་སོ། །

(208) པར་ཐེངས་གཉིས་པ། འདོད་པ་དང། ཞེས་

(209) པར་ཐེངས་གཉིས་པ། མངོན་ཕྱོགས།

(210) པར་ཐེངས་གཉིས་པ། པར་ཐལ།

    ཡང་ཁ་ཅིག་ན་རེ། རྒྱན་ཆོས་ཅན། མདོའི་ཚིག་དོན་མ་ལུས་པ་བསྡུས་པར་ཐལ། དེ་མ་ལུས་པ་བསྡུས་ནས་སྐབས་བརྒྱད་དང་དངོས་པོ་བརྒྱད་བྱས་པའི་ཕྱིར། འདོད་ན། མདོའི་ཚིག་དོན་མ་ལུས་པར་དངོས་སུ་བསྡུས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། གླེང་གཞི་དང་རྟག་ཏུ་ངུའི་ལེའུ་ཆོས་འཕགས་ཀྱི་ལེའུ་ཡོངས་གཏད་ཀྱི་ལེའུ་དང་བཞིའི་ཚིག་རྣམས་དངོས་བསྟན་ལ་མ་བསྡུས་པའི་ཕྱིར། དང་པོ་གྲུབ་སྟེ། ཡུམ་གསུངས་ཚེ་འཁོར་བསྡུས་ཚུལ་ཡིན་པས་རྟོགས་སླ་བའི་ཕྱིར། ཁྱབ་སྟེ། གདུལ་བྱས་རྟོགས་བཞིན་དུ་སྟོན་མི་རིགས་པའི་ཕྱིར། རྟགས་ཕྱི་མ་གསུམ་པོ་གྲུབ་སྟེ། གསེར་ཕྲེང་ལས། དེ་ལ་ལེའུ་ཕྱི་མ་གསུམ་ནི་རྒྱན་སྣང་དང་གནད་ཀྱི་ཟླ་འོད་གཉིས་ཀར་གོ་སླ་བས་རྒྱན་གྱིས་མ་བསྡུས་ཞེས་གསལ་བར་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། འདིའི་ཡོངས་གཏད་ཀྱི་ཚིག་དོན་དངོས་བསྟན་ལ་བསྡུས་པར་ཐལ། རྩ་བར། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང༌། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཡོངས་གཏད་གཉིས་ཀ་དེར་སྦྱར་བའི་ཕྱིར། རྒྱན་སྣང་ལས། བྱང་ཆུབ་ཀྱི་རྒྱུ་མཚན་གྱི་དོན་ཉིད་དུ་གཞན་དག་ལ་ཡང་དག་པའི་ཚིག་དང་དོན་ལ་སོགས་པ་ཡོངས་སུ་གཏད་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོ་སོར་གཏོད་པ་སྟེ། རྒྱུ་གཉིས་པ་བཤད་པའི་གླེང་བསླང་བ་ནི། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག །སོགས་དང༌། རྒྱན་སྣང་ལས། གླེང་བསླང་བ་བྱས་ནས་དེ་བཞིན་གཤེགས་པ་དང་འབྲེལ་བའི་ཡོངས་སུ་གཏད་པ་ཆུང་ངུའི་དོན་ནི། ཀུན་དགའ་བོ་དེ་ལྟ་བས་ན། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། གསེར་ཕྲེང་ལྟར་ན་ཡོངས་གཏད་དང་པོ་ཡིན་ཀྱང་ཕྱི་མ་མ་ཡིན་ཏེ། ཕྱི་མ་མདོ་ལས་དེ་དཔེར་བཀོད་ནས་གསུངས་ཀྱི་བཤད་བྱ་མ་ཡིན་བའི་ཕྱིར། དེར་ཐལ། གསེར་ཕྲེང་ལས། ཡོངས་གཏད་གཉིས་ཡོད་པའི་དང་པོ་ནི། དེའི་རྒྱུ་ནི་ཡོངས་གཏོད་ཀྱི་དོན་ཡིན་ལ། ཐ་མ་ནི་རྟག་ངུས་ཀྱིས་དཀའ་བས་བཙལ་བ་དེའི་ཕྱིར་ཡང་ཟུངས་ཤིག ཅེས་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། 211ཚིག་གསལ་ན་རེ། བྱམས་ཞུས་མ་བསྡུས་གསུངས་པ་མི་འཐད་པར་ཐལ། བྱམས་ཞུས་ཀྱི་བསླབ་པ་རབ་དབྱེའི་ལེའུ་ཕྱིན་ཅི་ལོག་སྤོང་བའི་འཕྲིན་ལས་ཀྱི་བཤད་བྱ་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། བྱམས་པས་ཞུས་པའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུས་ནི། ལེའུ་བརྒྱད་མ་དང་དག་སྙིང་ཟླ་འོད་དང་བཅས་པར། ཕྱིན་ཅི་ལོག་སྤོང་བ་ལ་འགོད་པའི་འཕྲིན་ལས་དང་སྦྱར། ཞེས་གསུངས་པའི་ཕྱིར། གཉིས་པ། ཤེར་ཕྱིན་དང་ཕར་ཕྱིན་གྱི་དོན་ལ། ཡུམ་གསུམ་གནོད་འཇོམས་ན་རེ། བྱང་སེམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཤེར་ཕྱིན་ཡིན་ལ་ས་གཞན་གྱི་ལམ་དང་སངས་རྒྱས་ལ་ཤེར་ཕྱིན་མེད་པར་འདོད། དེ་མི་འཐད་པར་ཐལ། སངས་རྒྱས་ལ་ཤེར་ཕྱིན་མཚན་ཉིད་པ་ཡོད་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཡུམ་ཤེར་ཕྱིན་ཡིན་པའི་ཕྱིར་ཏེ། སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར།

(211) པར་ཐེངས་གཉིས་པ། ཚིག་གསལ་ལས།

    ཡང་ཁ་ཅིག་ན་རེ། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག །མཐར་ཐུག་པའི་སར་བགྲོད་ཟིན་པའམ་བགྲོད་བྱེད་གང་རུང་གི་མཁྱེན་པ་དེ་ཤེར་ཕྱིན་གྱི་མཚན་ཉིད་ཟེར་ན། ཤེར་ཕྱིན་ཆོས་ཅན། མཐར་ཐུག་གི་སར་བགྲོད་ཟིན་ཡིན་པར་ཐལ། དེ་གང་རུང་གི་མཁྱེན་པ་ཡིན། བགྲོད་བྱེད་ཀྱི་དེ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཤེར་ཕྱིན་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་གྲུབ་སྟེ། སློབ་ལམ་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། རྣམ་མཁྱེན་ཁྱོད་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སློབ་ལམ་ན་ཁྱོད་ཡོད་པའི་ཕྱིར། རྟགས་ཁས། གཞན་ཡང། འཇུག་འགྲེལ་ལས། དེ་ལ་ཕ་རོལ་ནི་འཁོར་བའི་རྒྱ་མཚོའི་ཕར་འགྲམ་མམ་ངོགས་ཏེ། སྒྲིབ་གཉིས་མ་ལུས་པར་སྤངས་པའི་རང་བཞིན་མངའ་བའི་སངས་རྒྱས་ཉིད་དོ། །ཞེས་གསུངས་པ་མི་འཐད་པར་ཐལ། འབྲས་བུ་ཤེར་ཕྱིན་ཞེས་པའི་ཕ་རོལ་དེ་སངས་རྒྱས་ཀྱི་ས་ལ་མི་བྱེད་པའི་ཕྱིར། དེར་ཐལ། འབྲས་བུ་ཤེར་ཕྱིན་ནམ་ཕྱིན་སྒྲ་ཕྱིན་ཟིན་ལ་བྱེད་པའི་ཚེ་སངས་རྒྱས་སའི་མཁྱེན་པ་ཞིག་མི་དགོས་པའི་ཕྱིར། ཁྱབ་སྟེ། འབྲས་བུ་ཤེར་ཕྱིན་ཞེས་པའི་ཕྱིན་པའི་སྒྲ་ཕྱིན་ཟིན་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། འབྲས་བུ་མཐར་ཐུག་འདིར་ཕྱིན་པ་ཞེས་ལས་སྒྲུབ་ཁོ་ན་བྱེད་དགོས་པའི་ཕྱིར། རྒྱན་སྣང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། ཞེས་དང༌། ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །སྒྲུབ་བྱ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་ཤེར་ཕྱིན་ལ་ལྟོས་ནས་བཏགས་པ་བ་ཡིན་པས། ཤེས་རབ་ཀྱི་ཕར་ཕྱིན་བཏགས་པ་བ་ཡིན་མི་དགོས་པ་ཉེར་ལེན་བཞིན་ཡིན་པའི་ཕྱིར། དེར་ཐལ། འདིར་ཡང་འབྲས་བུ་རྒྱུ་ལ་བཏགས་པ་ཡིན་ཀྱང༌། སྤྱིར་བཏང་ཕར་ཕྱིན་གཙོ་ཕལ་གཉིས་ཀྱི་ཕལ་བ་ལ་བྱེད་པའི་ཕྱིར། ཁྱབ་སྟེ། ཕལ་བ་ལ་དེ་ཡིན་མིན་གཉིས་ཡོད་པའི་ཕྱིར། བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་བ་ལས། འདིས་ནི་212ཕ་རོལ་ཏུ་ཕྱིན་པའི་སྒྲས་དོན་རྣམ་པ་གཉིས་སུ་བསྟན་ཏེ། གཙོ་བོ་དང་ཕལ་བའོ། །དེ་ལ་གཙོ་བོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཕལ་བ་ནི་གཞུང་དང་ལམ་གྱི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང། གསེར་ཕྲེང་ལས་ཀྱང། དགོངས་པ་བཙལ་ན་ནི་མཚན་བཏགས་ཀྱི་དོན་དུ་མི་སྣང་གི་གཙོ་ཕལ་ལ་བཞེད་པར་སྣང་སྟེ། ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཕར་ཕྱིན་གྱི་དོན་འབྲས་བུ་ཤེར་ཕྱིན་ལ་འཆད་མི་རིགས་པར་ཐལ། པཱར་ཕ་རོལ་དང་དམ་པ་གཉིས་ཀར་བཤད་ཆོག །ཕྱིན་པ་ཡང་ཕྱིན་བྱེད་དང་ཕྱིན་ཟིན་གཉིས་ལ་བྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དམ་པ་བཅུའི་བདག་ཉིད་ལ་ཕར་ཕྱིན་གྱི་སྒྲ་འཇུག་པ་རྗེ་བཙུན་དང་དབྱིག་གཉེན་ཡབ་སྲས་སོགས་བཞེད། ཡང་ན་པཱ་ར་མའི་ཨ་ཕྱིས་ནས་མའི་མཐའ་ཅན་བྱེད་པ་བྲྀཥོ་ད་ར་སོགས་ཀྱི་དོན་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དབུས་མཐའ་ལས། དེ་ཕྱིར་དམ་པའི་དོན་གྱི་ནི། །ཕ་རོལ་ཕྱིན་པ་བཅུར་འདོད་དོ། །ཞེས་དང༌། དབྱིག་གཉེན་འགྲེལ་བ་ལས། དམ་པ་བཅུ་གཉིས་པོ་འདི་དག་དེ་དག་ལ་ཡོད་པའི་ཕྱིར་དམ་པ་ཞེས་བྱ་སྟེ། དོན་འདིས་ཕ་རོལ་ཏུ་ཕྱིན་པ་བཅུར་འདོད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དམ་པ་རེ་ཕར་ཕྱིན་རེའི་དོན་དུ་ངེས་ཚིག་གིས་བཤད་པའི་ཕྱིར་ཏེ། དམ་པའི་སྐད་དོད་པཱ་ར་མའི་ཨ་ཕྱིས། ཕྱིན་པའི་སྐད་དོད་ཨི་ཏ་སྦྱར་བས་པ་ར་མི་ཏ་གྲུབ་པས་ན་ཚིག་དོན་གཉིས་ཀ་ལ་213ཚང་བའི་ཕྱིར་ཏེ། དེའི་འགྲེལ་བཤད་ལས། དམ་པ་ཞེས་བྱ་སྟེ་དོན་འདིས་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱི་སྦྱིན་པ་ལ་སོགས་པ་ཡེ་ཤེས་ལ་ཐུག་པ་རྣམས་ངེས་པའི་ཚིག་གི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཏུ་སྟོན་ཏོ ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དམ་པ་དྲུག་མ་ཚང་ན་ཡང་ཕར་ཕྱིན་དྲུག་ལྡན་པའི་སྦྱིན་སོགས་ཀྱི་ཕར་ཕྱིན་མ་ཡིན་པའི་ཕྱིར། ཐེག་བསྡུས་ལས། འདི་དག་གི་མཚན་ཉིད་ཇི་ལྟར་བལྟ་ཞེ་ན། དམ་པ་དྲུག་གིས་བལྟ་བར་བྱ་སྟེ། ཞེས་གསུངས་པའི་ཕྱིར་དང༌། ལམ་རིམ་ལྟར་རོ། །དམ་པ་དྲུག་དང་དམ་པ་བཅུ་དབྱེ་བསྡུ་ཙམ་ཡིན་ཏེ། ཕར་ཕྱིན་དྲུག་ཏུ་ཕར་ཕྱིན་བཅུ་འདུ་བའི་ཕྱིར། གོང་གི་རྟགས་གཉིས་གྲུབ་སྟེ། འཇུག་འགྲེལ་ལས། བྲྀ་ཥོ་ད་ར་ལ་སོགས་པ་ཡིན་པའི་ཕྱིར། མའི་མཐའ་ཅན་ཉིད་དུ་བཞག་གོ །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། དེའི་ཕྱིན་པའི་དོན་ལ་ཕྱིན་བྱེད་ཡོད་པ་གང་ཞིག །ཕྱིན་ཟིན་ཡང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དེ་ལྟར་དུ་སྟོན་པ་དང་རྒྱལ་ཚབ་ཤིང་རྟ་ཆེ་རྣམས་བཞེད་པའི་ཕྱིར། དེར་ཐལ། ཡུམ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཕྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །དེ་བཞིན་ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་དང༌། འཇུག་པ་ལས། ཇི་ལྟར་ལོང༌། ནས། ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་དང༌། ཐེག་བསྡུས་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་མི་གནས་པའི་ཚུལ་གྱིས་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕ་རོལ་ཕྱིན་བྱེད་ཀྱི་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱེད་དགོས་པར་སྟོན་པའི་གསུང་བཞིན་དབུ་214སེམས་མཐུན་པའི་ཕྱིར། ཡུམ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང༌། ཐེག་བསྡུས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་215རྟོག་པའི་ཡེ་ཤེས་ནི་ཁྱད་པར་མེད་དེ། ཞེས་དང༌། འཇུག་འགྲེལ་ལས། ཤེས་རབ་གཟུང་ནས་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་དང༌། ཚིག་གསལ་ལས་ཀྱང༌། དེ་དག་ལས་ཀྱང་མི་རྟོག་ཡེ་ཤེས་ནི་ཤེར་ཕྱིན་གཙོ་བོ་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འབྲས་བུ་ཤེར་ཕྱིན་ཡོད་པའི་ཕྱིར།

(212) པར་ཐེངས་གཉིས་པ། ཤེས་རབ་ཀྱི་ཕ་རོལ།

(213) པར་ཐེངས་གཉིས་པ། ཚང་དགོས་པའི།

(214) པར་ཐེངས་གཉིས་པ། སེམས་ཀུན་མཐུན།

(215) པར་ཐེངས་གཉིས་པ། རྟོགས།

    གཞན་ཡང༌། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་ལགས། སྤྱན་རས་གཟིགས་དབང་ཕྱུག་ལྔའི་ཕྱིར་ཏེ། ཆགས་པ་མེད་པ་ཉིད་དང༌། མི་ལྟ་བ་ཉིད་དང༌། ཁ་ན་མ་ཐོ་བ་མེད་པ་ཉིད་དང༌། རྣམ་པར་མི་རྟོག་པ་ཉིད་དང༌། ཡོངས་སུ་བསྔོ་བ་216ཉིད་དོ། །ཞེས་པའི་དོན་མ་གྲུབ་པར་ཐལ། སྦྱིན་སོགས་དམ་པ་དྲུག་ལྡན་བྱས་པ་དེ་ཕར་ཕྱིན་ཀྱི་དོན་མ་ཡིན་པའི་ཕྱིར། དེར་ཐལ། བྱང་སེམས་ཀྱི་ཚོགས་ལམ་ནས་ཕར་ཕྱིན་དྲུག་ཐོབ་པས་མ་ཁྱབ་པའི་ཕྱིར། གཞན་ཡང༌། ཕར་ཕྱིན་ལ་ཕར་ཕྱིན་ཙམ་དང༌། ཉེ་བའི་ཕར་ཕྱིན་དང༌། ཕར་ཕྱིན་ཆེན་པོ་གསུམ་འཇོག་མི་རིགས་པར་ཐལ། བྱང་སེམས་ཀྱི་ཚོགས་ལམ་ནས་བཟུང་སྟེ་ཕར་ཕྱིན་མེད་པའི་ཕྱིར་ཏེ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སེམས་མོས་སྤྱོད་པའི་ཕར་ཕྱིན་ཕར་ཕྱིན་ཙམ་དང༌། ས་བདུན་གྱི་217དེ་ཉེ་བའི་ཕར་ཕྱིན་དང༌། ས་བརྒྱད་པ་ནས་ཕར་ཕྱིན་ཆེན་པོ་འཇོག་པའི་ཕྱིར། དང་པོ་གྲུབ་སྟེ། དགོངས་འགྲེལ་ལས། མོས་པ་སྤྱོད་པའི་ས་ལ་མོས་པ་ཆུང་ངུ་དང་འབྲིང་ལ་ཞུགས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དགོངས་འགྲེལ་ལས། ས་དང་པོ་ནས་བཟུང་བ་དེ་ནི་ཉེ་བའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་སོ། །གསུམ་པ་གྲུབ་སྟེ། དགོངས་འགྲེལ་ལས། ས་བརྒྱད་པ་ནས་བཟུང་བ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དབུས་མཐའ་ལས། ཁྱད་པར་ཅན་དང་ཁྱད་མེད་པ། །ས་བཅུ་དག་ཏུ་ཤེས་པར་བྱ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ས་བཅུ་ལ་ཕར་ཕྱིན་བཅུ་ལྷག་218ཚུལ་ལ་ཁྱད་པར་ཡོད་ཕར་ཕྱིན་སྤྱོད་པ་ལ་ཁྱད་པར་མེད་པ་ལུང་དོན་མ་ཡིན་པའི་ཕྱིར་ཏེ། ས་བཅུ་ན་ཕར་ཕྱིན་མེད་པའི་ཕྱིར་སོགས་སྤྲོ། གཞན་ཡང༌། ཕར་ཕྱིན་གྱི་ཕ་རོལ་འཁོར་བའི་མཐའ་སངས་རྒྱས་ཀྱི་ས་ལ་བྱེད་ཀྱང་སློབ་ལམ་ན་ཕར་ཕྱིན་ཡོད་པར་ཐལ། ཕར་ཕྱིན་གྱི་ཕྱིན་སྒྲ་ལ་ཕྱིན་བྱེད་དང་ཕྱིན་ཟིན་གཉིས་ཡོད་ཅིང༌། ཕྱིན་བྱེད་སེམས་ཅན་གྱི་ལམ་ཁོ་ན་དང༌། ཕྱིན་ཟིན་སངས་རྒྱས་ཀྱི་མཁྱེན་པར་བྱེད་པའི་ཕྱིར། རྟགས་སྔ་ཕྱི་གསུམ་ཀ་གྲུབ་སྟེ། རྣམ་བཤད་ལས། དེས་ན་ཕ་རོལ་ཏུ་ཕྱིན་པའི་དོན་ལ། ཕ་རོལ་དེར་ཕྱིན་པ་ཞེས་ལས་ལ་སྦྱར་ན་སངས་རྒྱས་ཀྱི་སར་ཕྱིན་པ་ཡིན་ལ། འདིས་ཕ་རོལ་ཏུ་ཕྱིན་པར་བྱེད། ཅེས་བྱེད་པ་ལ་སྦྱར་ན་སློབ་ལམ་ན་ཡང་ཕར་ཕྱིན་ཡོད་དོ། །ཞེས་གསུངས་པའི་ཕྱིར།

(216) པར་ཐེངས་གཉིས་པ། ཉིད་ཀྱི་ཕྱིར་རོ། །

(217) པར་ཐེངས་གཉིས་པ། དེ་ཉིད་ཉེ་བའི།

(218) པར་ཐེངས་གཉིས་པ། ཚུལ་ཁྱད་པར་ཡོད་ཀྱང་ཕར་ཕྱིན།

    གཉིས་པ་རང་ལུགས་ལ། བསྟན་བཅོས་ཀྱི་ལུས་དང༌། བརྒྱད་ཚན་གསུམ་དང༌། ཤེར་ཕྱིན་གྱི་དོན་བཤད་པ་གསུམ། དང་པོ་ལ། མཚན་ཉིད། དབྱེ་བ། ངེས་ཚིག་219གསུམ། དང་པོ་ནི། བསྟན་བཅོས་འདིའི་ཡན་ལག་དུ་མ་འདུས་པ། འདིའི་ལུས་ཀྱི་མཚན་ཉིད་དེ། ཇི་སྐད་དུ། ཚོགས་དང་ལུས་དང་འདུས་པ་ནི། །རྣམ་གྲངས་དག་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ལུས་ལ་སྒྲས་བརྗོད་ཀྱིས་གཉིས་ཏེ། རིགས་ཐིག་གི་འགྲེལ་པར། ལུས་ནི་གཉིས་ཏེ་སྒྲ་དང་དོན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཡོད་དེ། བསགས་པ་དང༌། ཡན་ལག་ལ་ཁྱབ་པ་དང༌། དེའི་རྟེན་བྱེད་པས་ལུས་ཞེས་བརྗོད་པའི་ཕྱིར། བརྒྱད་ཚན་གསུམ་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད་གསུམ། དང་པོ་ནི། དམ་པ་བཅུ་དང་ལྡན་པའི་ལམ། ཕར་ཕྱིན་གྱི་མཚན་ཉིད། དབུས་མཐའ་དང་ཐེག་བསྡུས་ལས་བཤད་དོ། །དབྱེ་ན་ལམ་ཤེར་ཕྱིན་དང༌། འབྲས་བུ་ཤེར་ཕྱིན་གཉིས་ཡོད། འཁོར་བ་ཕྲ་རགས་ཀྱི་ཕ་རོལ་ཏུ་ཕྱིན་ཟིན་པའི་ཡེ་ཤེས་ཁྱད་པར་གསུམ་མམ་བཞི་ལྡན་དེ། ལས་སྒྲུབ་ཀྱི་ཕར་ཕྱིན་གྱི་མཚན་ཉིད། དེ་དང་འབྲས་བུ་ཤེར་ཕྱིན་དོན་གཅིག ཕ་རོལ་གྱི་དོན་ཡང་དམ་པ་དང་བླ་མེད་དང་འཁོར་བའི་ཕ་རོལ་གསུམ་ལ་བྱེད། དམ་པ་དྲུག་གམ་བཅུ་ལྡན་གྱི་སློབ་ལམ་དེ། བྱེད་སྒྲུབ་ཀྱིས་བསྟན་པའི་ཕར་ཕྱིན་གྱི་མཚན་ཉིད། ལམ་ཤེར་ཕྱིན་དང༌། སངས་རྒྱས་ཀྱི་སར་ཕྱིན་བྱེད་ཀྱི་ཕར་ཕྱིན་དོན་གཅིག །ཡང་སྒྲས་བརྗོད་ཀྱིས་གཞུང་ལམ་འབྲས་བུ་ཤེར་ཕྱིན་གསུམ་ཡོད། ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་220སྟོན་པའི་སྟོན་པའི་གསུང་རབ་དེ། གཞུང་ཤེར་ཕྱིན་གྱི་མཚན་ཉིད། དབྱེ་ན་རྒྱས་འབྲིང་བསྡུས་གསུམ་མམ་དགུར་ཡོད། འདི་དག་བཤད་ཚུལ་མང་ཡང་འདི་ཀ་རང་ཁྱད་པར་འཕགས་པ་ཡིན་ནོ། །

(219) པར་ཐེངས་གཉིས་པ། གསུམ། བསྟན་བཅོས།

(220) པར་ཐེངས་གཉིས་པ། སྟོན་པའི་གསུང་རབ།

    གསུམ་པ་རྩོད་སྤོང་ལ། ཁོ་ན་རེ། དངོས་པོ་བརྒྱད་ཆོས་ཅན། རྗེ་བཙུན་གྱིས་ཡང་དག་པར་གྲུབ་པར་ཐལ། རྗེ་བཙུན་གྱིས་ཡང་དག་པར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱིན་ཅི་མ་ལོག་པར་བཤད་ཀྱང་ཡང་དག་པར་གྲུབ་མི་དགོས་པའི་ཕྱིར། འདོད་མི་རིགས་ཏེ། བདེན་པར་མ་གྲུབ་པའི་ཕྱིར། ཁོ་རང་ལ་མེ་དུ་གཉིས་ཆོས་ཅན། གཅིག་ཆར་གྲུབ་པར་ཐལ། སངས་འཕགས་ཀྱིས་གཅིག་ཆར་གྲུབ་པའི་ཕྱིར་ཏེ། དེས་གཅིག་ཆར་གཟིགས་པའི་ཕྱིར། དེར་ཐལ། དེས་མེ་གཟིགས་དུས་སུ་དུ་བ་གཟིགས་དུ་བ་གཟིགས་དུས་སུ་ཡང་མེ་གཟིགས་པའི་ཕྱིར། འདོད་མི་ནུས་ཏེ། རིམ་ཅན་དུ་གྲུབ་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། མཁྱེན་པ་ཡིན་པར་ཐལ། ཤེར་ཕྱིན་ཡིན་པའི་ཕྱིར་ཏེ། མཐར་ཐུག་གི་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གཞན་རིག་གི་ཤེས་པ་མ་ཡིན་པའི་ཕྱིར་ཏེ། རང་རིག་ཡིན་པའི་ཕྱིར། ཡང་ཁོ་ན་རེ། སངས་འཕགས་ཀྱི་མིག་ཤེས་ཆོས་ཅན། ཤེར་ཕྱིན་ཡིན་པར་ཐལ། མཐར་ཐུག་གི་ཤེས་པ་ཡིན་པའི་ཕྱིར་ན་མ་ཁྱབ་ཅིང༌། འདོད་མི་ནུས་ཏེ། ཡིད་ཤེས་མ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཉན་རང་ལ་ཕར་ཕྱིན་ཡོད་པར་ཐལ། དེ་ལ་སྟོང་ཉིད་རྟོགས་པའི་གཞི་ཤེས་ཡོད་པའི་ཕྱིར་ན་ཡང་མ་ཁྱབ། ཁྱབ་པར་ཐལ། ཡུམ་ལས། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་དང༌། སྡུད་པ་ལས། ཆོས་རྣམས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཐལ་རང་སུའང་དེ་མི་འདོད་དོ། །འདོད་མི་ནུས་ཏེ། ཉན་རང་ལ་དམ་པ་བདུན་པོ་གཅིག་ཀྱང་མེད་པས་ཕྱིན་དྲུག་གི་མིང་མི་ཐོབ་པར་དབུ་སེམས་ཀུན་མཐུན་པའི་ཕྱིར་ཏེ། མཁས་པས། ཉན་ཐོས་བསེ་རུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །ཅེས་དང༌། དབུས་མཐའི་འགྲེལ་པ་ལས། དམ་པ་བཅུ་གཉིས་པོ་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ལ་ནི་ཡོད་ཀྱི། ཉན་ཐོས་ལ་སོགས་པའི་སྦྱིན་པ་ལ་སོགས་པ་ལ་ནི་མེད་པ་དེའི་ཕྱིར། དམ་པ་ཞེས་བྱ་སྟེ། ཞེས་གསུངས་པའི་ཕྱིར།

 

སྨྲས་པ།

ངན་རྟོག་མཚན་མཐའ་ཟད་དང་ལས་སྨོན་གྱིས། །

འོད་སྔོན་པོས་དྲངས་ཐུབ་གསུང་ཉི་ཟེར་དང༌། །

ཕྲད་པས་མ་སྦྱངས་ཉུང་འདོད་སྦུབས་ཀྱི་རྒྱ། །

གྲོལ་བའི་ལེགས་བཤད་221མཚོན་བརྒྱ་བླ་ན་མེད། །

(221) པར་ཐེངས་གཉིས་པ། ཚོགས།

    སྙིགས་མའི་འདམ་དུ་སྐྱེས་ཀྱང་ཚེ་སྔོན་གྱི། །བག་ཆགས་ཚད་མེད་དྲི་བསུང་ཕྱོགས་བརྒྱར་འགེངས། །ཀུན་དཀྲིས་ཆུ་འཛིན་ལྡན་ཡང་མང་ཐོས་ཀྱིས། །བློ་གྲོས་འོད་སྟོང་གྲོལ་བའི་བཅུ་གཉིས་བདག །ཁྱད་འཕགས་ཕར་ཕྱིན་ཕ་རོལ་ཕྱིན་པའི་དོན། །222སྐྱེ་འམ་འཆི་འམ་རྨི་ལམ་ཚུན་ཆད་དུ། །ཐུབ་གསུང་ཇི་བཞིན་འཛིན་པའི་ཆེད་དུ་འདིར། །རྒན་པོའི་ལུས་དེ་རྒས་ཀྱང་རྣམ་བརྒྱས་སྤྲོ། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 

(222) པར་ཐེངས་གཉིས་པ། སྐྱེས་སམ་འཆི་ཡང།

                                                                                                                        རྩོམ་སྒྲིག་པ། མང་ར་བ།

 

          གསལ་འདེབས། 
                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།