ཀུན་མཁྱེན་ཕར་ཕྱིན་ལས་བཀའ་བསྟན་བཅོས།
གཉིས་པ་བཀའ་བསྟན་བཅོས་ལའང་དགག་གཞག་སྤང་གསུམ་ལས། དང་པོ་ལ། ཐུན་མོང་གི་ངོ་བོ་དང༌། འགལ་མི་འགལ་དང༌། སོ་སོར་དཔྱད་པ་གསུམ། དང་པོ་ལ་ཁ་ཅིག་ན་རེ། བཀའ་བསྟན་བཅོས་ཀྱི་ངོ་བོ་མིང་ཚིག་ཡི་གེའི་རང་བཞིན་གྱི་སྐྱེ་མཆེད་བཅུའི་གཟུགས་ཡིན་ཟེར། ལ་ལས། གཟུགས་མིན་གཟུགས་ཕུང་ཟེར། དང་པོ་ལ་བཀའ་བསྟན་བཅོས་ཆོས་ཅན། སྐྱེ་མཆེད་བཅུའི་གཟུགས་མ་ཡིན་པར་ཐལ། དེའི་ནང་གི་སྒྲ་ཡིན་པའི་ཕྱིར། ཁྱབ་སྟེ། ཕྱིའི་སྐྱེ་མཆེད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ལ་གཞི་མཐུན་མི་སྲིད་པའི་ཕྱིར། དེར་ཐལ། ནང་གི་དབང་ཤེས་ལྔའི་ཡུལ་འགལ་བའི་ཕྱིར་ཏེ། རྣམ་འགྲེལ་ལས། དབང་བོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར། གཉིས་པའང་མི་འཐད་པར་ཐལ། ཁྱད་པར་དེ་ལྟར་མིན་ན་གཟུགས་དང་གཟུགས་ཕུང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། བྱེ་སྨྲ་བ་དག་ནི། བཀའ་བསྟན་བཅོས་མིང་ཚིག་ཡི་གེའི་ཚོགས་པའི་བདག་ཉིད་མིང་སྤྱི་ལྡན་མིན་རྫས་གྲུབ་ཏུ་འདོད་དེ། རང་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མིང་གི་ཚོགས་ལ་སོགས་པ་ནི་རྫས་སུ་ཡོད་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཟུགས་དང་སྒྲ་དང་དྲི་ཞེས་ཆོས་དེ་དང་དེ་ལ་མིང་བྱས་པ་ནི་མིང་དང༌། དེ་འདྲའི་མིང་དུ་མ་ནི་མིང་གི་ཚོགས་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རང་འགྲེལ་ལས། མིང་བྱེད་པ་ནི་མིང་སྟེ། དཔེར་ན། གཟུགས་སྒྲ་ཞེས་བྱ་བ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རང་འགྲེལ་ལས། དེ་ལ་མིང་གི་ཚོགས་ནི་དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་དག་ཅེས་186བྱ་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱེ་མདོ་གཉིས་ཀས་བཀའ་བསྟན་བཅོས་གཉིས་མིང་ཚིག་ཡི་གེ་གསུམ་ཀ་ཚོགས་པར་འདོད་པ་མཐུན་ཀྱང༌། བྱེ་སྨྲས་སྒྲའི་ཕྲེང་བའི་ཚོགས་སྤྱི་ལྡན་མིན་འདུ་བྱེད་དང་རྫས་ཡོད་དུ་འདོད། མདོ་སྡེ་བས་དེ་གསུམ་ཀ་ངག་གི་རང་བཞིན་སྒྲ་རང་མཚན་དང་གཟུགས་ཕུང་དུ་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། གསེར་ཕྲེང་ལས། གཉིས་ཀས་ཀྱང་མིང་ཚིག་ཡི་གེའི་ཚོགས་གསུམ་ག་བཀའི་རང་བཞིན་དུ་འདོད་པ་དང༌། ཞེས་གསུངས་པའི་ཕྱིར། འོ་ན། བཀའ་དེ་གསུམ་ཡིན་པར་ཐལ། དེ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། བུམ་པ་ཆོས་ཅན། རྡུལ་ཕྲ་རབ་ཡིན་པར་ཐལ། རྡུལ་ཕྲ་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར། ཁྱབ་པ་ཁས། རྩ་རྟགས་གཉིས་པ་གྲུབ་སྟེ། སྒྲ་སྔ་མ་ཕྱི་མའི་ཕྲེང་བའི་ཚོགས་སྤྱི་ལ་ཁས་ལེན་པའི་ཕྱིར། གསེར་ཕྲེང་ལས། གཅིག་ནི་ཚོགས་གསུམ་སྒྲ་སྤྱིའི་ཕྲེང་བར་འདོད་པས་ལྡན་མིན་དང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བྱེ་སྨྲས་སྒྲ་ཙམ་དང་ལྕེ་རྐན་ལས་བྱུང་བའི་ངག་ཙམ་གྱི་ངག་མིན་ལ། དེས་དོན་བརྗོད་པས་ཡི་གེ་དང་མིང་སྔ་ཕྱིའི་ཕྲེང་བའི་སྤྱི་ལ་བཞེད་པའི་ཕྱིར། རང་འགྲེལ་ལས། དེ་དག་ནི་ངག་གི་རང་བཞིན་མ་ཡིན་ཏེ། ནས། ངག་ནི་མིང་ལ་འཇུག་ལ་མིང་གིས་187དོན་གོ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། མདོ་སྡེ་བས་ཀྱང་ངག་སྒྲ་ཙམ་གྱིས་དོན་མི་གོ་བས་བརྡ་སྦྱོར་བ་པོས་མིང་གང་དོན་དེ་དང་དེ་ལ་བཏགས་པ་གཽ་སྒྲ་དོན་དགུ་ལ་བྱས་པ་ལྟ་བུ་ལ་འདོད་པས་སྒྲ་རང་མཚན་དང༌། གཟུགས་ཕུང་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། གཅིག་ནི་དེ་གསུམ་ངག་གི་རིག་བྱེད་ཀྱི་སྒྲ་རང་མཚན་ལ་འདོད་པས་གཟུགས་ཀྱིས་བསྡུས་པའོ། །ཞེས་གསུངས་པའི་ཕྱིར། དེ་སྐད་དུ། རང་འགྲེལ་ལས། དེ་དག་ནི་ངག་གི་རང་བཞིན་མ་ཡིན་ཏེ། ངག་གི་སྒྲ་ཡིན་ན་སྒྲ་ཙམ་གྱིས། ནས། དཔེར་ན། གཽ་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འོ་ན། བྱེ་མདོས་བཀའ་བསྟན་བཅོས་བེམ་པོར་ཁས་ལེན་པར་ཐལ། བེམ་པོའི་བདག་ཉིད་དུ་ཁས་ལེན་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་བོ། །ཡང་རྟོག་གེ་བ་དག བསྟན་བཅོས་ཀྱི་ངོ་བོ་ཀུན་བཏགས་དང་དངོས་མེད་ལ་འདོད་དེ། དངོས་ཀྱི་རྗོད་བྱེད་བསྟན་བཅོས་འཛིན་པའི་རྟོག་པ་ལ་སྣང་བའི་དོན་སྤྱི་ལ་ཁས་ལེན་ཅིང་ཞེན་པའི་རྗོད་བྱེད་སྒྲ་ལ་ཁས་ལེན་པའི་ཕྱིར། རྣམ་འགྲེལ་ལས། ཚིག་སོགས་ཀུན་བཏགས་དངོས་མེད་ལ། །དངོས་པོ་ཡི་ནི་འབྲེལ་བ་188གང། །ཇི་ལྟ་བུར་ན་འཇུག་པར་འགྱུར། །ཞེས་གསུངས་པ་དང༌། གསེར་ཕྲེང་ལས། རྟོག་གེ་བ་རྣམས་ནི་དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་ཞེན་པའི་རྗོད་བྱེད་སྒྲ་རང་མཚན་ལ་འདོད། ཅེས་གསུངས་པའི་ཕྱིར། འདིར་ཞིབ་ཆ་འགའ་དགོས་སོ། །ཐེག་ཆེན་ལུགས་ལ་ཡང་ཁ་ཅིག་ན་རེ།.....བོད་སྔ་མ། བཀའ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདག་རྐྱེན་དང་གདུལ་བྱའི་དད་པའི་རྒྱུའི་རྐྱེན་གྱིས་མིང་ཚིག་ཡི་གེའི་རྣམ་པར་སྣང་བ་དང༌། ཉན་པ་པོ་ཁོ་ནའི་རྒྱུད་དང་འབྲེལ་གྱི་སངས་རྒྱས་ཀྱི་རྒྱུད་དུ་མ་འབྲེལ་ཏེ། ཐེག་བསྡུས་བཤད་སྦྱར་ལས། རྐང་པ་དང་ཚིགས་སུ་བཅད་པའི་སྒྲར་སྣང་བ་འདོད་པའི་དོན་གྱི་རྣམ་པའི་རྗེས་སུ་འཇུག་པ་ཉན་པའི་རྣམ་པར་རིག་པའི་ཚོགས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེས་གདུལ་བྱའི་རྒྱུད་ཀྱི་བཀའ་ཡང་ཕྱི་དོན་དུ་མ་གྲུབ་པ་ཙམ་དུ་བཤད་ཀྱི་སྤྱིར་སངས་རྒྱས་ཀྱི་རྒྱུད་ཀྱི་བཀའ་མེད་པར་མ་བཤད་པའི་ཕྱིར། གཞན་དུ་ན་མདོ་སྡེ་རྒྱན་ལས། བདེ་གཤེགས་གསུངས་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་ཅུ་བསམ་མི་ཁྱབ། །ཅེས་དང༌། བྱང་ས་སོགས་སུ་ཡན་ལག་དྲུག་ཅུ་བཤད་པ་མི་འཐད་པར་ཐལ་ལོ། །དེ་བཞིན་དུ་ཉི་སྣང་དབུ་མ་སྙིང་པོ་རྟོག་གེ་འབར་བ་སོགས་ལས་ཡན་ལག་དྲུག་ཅུ་བཤད་པ་མི་འཐད་པར་ཐལ་བ་དང༌། 189སངས་རྒྱས་ཀྱི་སྐུ་གསུང་ཐུགས་མེད་པར་ཐལ་ལོ། །ཡང་རློམས་པ་ཁ་ཅིག་ན་རེ།.....རོང། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །ཅེས་པའི་བསྟན་བཅོས་མངོན་རྟོགས་རྒྱན་ལ་བྱེད་ཟེར་ན། ཉི་ཁྲི་དེ་ཉིད་རྣམ་ངེས་མདོ་རྒྱན་སྦྱར་བའི་འགྲེལ་པ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་རིགས་ཏེ། མདོ་རྒྱན་སྦྱར་བའི་འགྲེལ་བའི་ཐོག་མ་ཉི་སྣང་ཡིན་པའི་190ཕྱིར༌ཏེ། བསྟན་བཅོས་མཐའ་དག་མ་རྙེད་ཅེས་པའི་བསྟན་བཅོས་ཀྱང་རྒྱན་ལ་བྱེད་པར་ཐལ་ལོ། །འདོད་ན། ཤེས་རབ་འབྱུང་གནས་ཀྱིས་ཐོགས་མེད་ཀྱིས་མདོ་རྒྱན་སྦྱར་བའི་འགྲེལ་བ་མ་མཛད་གསུངས་པ་མི་འཐད་པར་ཐལ་ལོ། །ཡང་ཁ་ཅིག།།སྤོབས་པ་བཞི་ལྡན་གྱི་ངག་དེ་བཀའི་མཚན་ཉིད་ཟེར་ན། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་དང༌། གསེར་འོད་རྔ་སྒྲའི་མདོ་ཚིག་དང༌། ལྗོན་ཤིང་རླུང་གིས་བསྐུལ་བ་ལས་བྱུང་བའི་ཆོས་ཀྱི་སྡོམ་བཞི་སྟོན་པའི་མདོ་གསུམ་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་དག་ཡོད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ལུས་ཅན་ཀུན་གྱི་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་ཐོས་པར་ཤོག །ཅེས་གསུངས་པའི་ཕྱིར། འདོད་ན། རང་རྒྱུ་སྐྱེས་བུའི་བྱེད་པ་ལྕེ་རྐན་ལས་བྱུང་བར་ཐལ། ངག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་དང་གཅིག་ཡིན་པའི་ཕྱིར།
(186) པར་ཐེངས་གཉིས་པ། བྱ་བ་སྟེ།
ཡང་ཁ་ཅིག སྤོབས་པ་བཞི་ལྡན་གྱི་སངས་རྒྱས་ཀྱི་གསུང་དེ་བཀའི་མཚན་ཉིད་ཟེར་ན། འོ་ན། བཀའ་སྡུད་པ་པོས་བསྡུས་པའི་བཀའ་ལ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མེད་པར་ཐལ། དེས་བསྡུས་པའི་བརྒྱད་ཁྲི་བཞི་སྟོང་བཀའ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སངས་རྒྱས་ཀྱི་གསུང་ཡིན་པར་ཐལ། སྤོབས་པ་བཞི་ལྡན་གྱི་སངས་རྒྱས་ཀྱི་གསུང་ཡིན་པའི་ཕྱིར། ཁྱབ་ཅིང༌། འདོད་མི་ནུས་ཏེ། སངས་རྒྱས་འདའ་ཚུལ་བསྟན་རྗེས་ཀྱི་བཀའ་ཡིན་པའི་ཕྱིར། གཞན་ཡང༌། བཀའ་བརྒྱད་སྟོང་པ་ཡིན་ན། སངས་རྒྱས་ཀྱི་གསུང་ཡིན་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྒྱན་ལས། ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་གསུངས་པ་ལྟར། བརྒྱད་སྟོང་པའི་ཚིག་བློ་ལ་ལེན་ཅིང་ངག་ནས་སྨྲ་བ་མེད་པར་ཐལ། སེམས་ཅན་གྱི་རྒྱུད་ཀྱི་བཀའ་མེད་པའི་ཕྱིར། དེར་ཐལ། དེ་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་སངས་རྒྱས་ཀྱི་གསུང་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པར་ཐལ། སངས་རྒྱས་ཀྱི་སྐུ་ཡིན་ན་སངས་རྒྱས་ཡིན་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། སངས་རྒྱས་ཀྱི་འཕྲིན་ལས་ལ་སངས་རྒྱས་ཀྱིས་ཁྱབ་པར་ཐལ། སངས་རྒྱས་ཀྱི་གསུང་ལ་དེའི་ཕྱིར་ན་མ་ཁྱབ་སྟེ། སངས་རྒྱས་ཀྱི་སྐུ་གསུང་191ཐུགས་སངས་རྒྱས་ཡིན་པའི་ཕྱིར། ཡང་ཁ་ཅིག།།སྤོབས་པ་བཞི་ལྡན་གྱི་གསུང་རབ་དེ་བཀའི་མཚན་ཉིད་ཟེར་ན། འགྲེལ་བ་དོན་གསལ་ཆོས་ཅན། བཀར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སྤོབས་པ་བཞི་དང་ལྡན། གསུང་རབ་ཀྱང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། བརྗོད་བྱའི་ཞེན་དོན་དང་ལྡན། རྗོད་བྱེད་ཚིག་སྐྱོན་མེད་པའི་འབྲེལ་ཆགས་པ་དང༌། བྱེད་ལས་ཉོན་མོངས་སྤོང་ཕྱིར་དུ་གསུངས། ཕན་ཡོན་ཞི་བ་མྱང་འདས་སྟོན་པར་བྱེད་པའི་ཕྱིར། དེར་ཐལ། བསྟན་བཅོས་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཅེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སློབ་དཔོན་སེང་བཟང་སངས་འཕགས་མ་ཡིན་པའི་ཕྱིར།
(191) པར་ཐེངས་གཉིས་པ། ཐུགས་གསུམ་སངས་རྒྱས།
ཡང་ཁ་ཅིག་ན་རེ། སྤོབས་པ་བཞི་པོ་གང་རུང་དང་ལྡན་པའི་སངས་རྒྱས་ཀྱི་གསུང་རབ་དེ་བཀའི་མཚན་ཉིད་ཟེར་ན། འོ་ན། བཀའ་ཡིན་ན་སྤོབས་པ་བཞི་དང་ལྡན་པས་མ་ཁྱབ་པར་ཐལ། གང་རུང་སྨོས་པའི་དགོས་པ་ཡོད་པའི་ཕྱིར། འདོད་ན། བརྗོད་བྱ་མེད་པའི་བཀའ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། བརྗོད་དོན་ལོག་པར་སྟོན་པའི་བཀའ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཡིན་ན་དོན་ལྡན་དང༌། སྙིང་རྗེས་བསྟན་པའི་ཞི་བའི་དོན་ལྡན་དང༌། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། མིང་གི་སྒོ་ནས་བསྟན་བཅོས་དགུ་ཡོད་པའི་དྲུག་ལྟར་སྣང་དང༌། ནང་པའི་བསྟན་བཅོས་ལ་ཕྱི་མ་192གསུམ་ཀས་ཁྱབ་པའི་ཕྱིར་ཏེ། རྣམ་པར་གཏན་ལ་དབབ་པ་ལས། ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང༌། །དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་སྙིང་མེད་སྡུག་བསྔལ་སྤོང༌། །བསྟན་བཅོས་193དྲུག་བྲལ་གསུམ་དུ་འདོད། །ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། རྐང་པ་གསུམ་གྱིས་གསུམ་རེ་བསྟན་ནས་དང་པོ་གཉིས་གཉིས་གཞན་གྱི་བསྟན་བཅོས་ལྟར་སྣང་དང་སྒྲུབ་པ་ལྷུར་ལེན་དང་སྡུག་བསྔལ་སྤོང་དང་དོན་དང་ལྡན་པ་གསུམ་རྣམ་དག་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། བསྟན་བཅོས་ཡིན་ན་བཀའི་དགོངས་འགྲེལ་ཡིན་པས་ཁྱབ་ཟེར་ན། བཀའ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བཀའ་ཡིན་པའི་ཕྱིར། ཁྱབ་སྟེ། བསྟན་བཅོས་ཀྱི་གཙོ་བོ་བཀའ་སྡེ་སྣོད་གསུམ་ལ་འཇོག་པའི་ཕྱིར་ཏེ། ལུང་རྣམ་འབྱེད་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་ནི། །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་པ་ཉིད་194ཡིན། །ཞེས་དང༌། རྣམ་བཤད་རིགས་པ་ལས་ཀྱང༌། དོན་དམ་པར་སངས་རྒྱས་ཀྱི་གསུང་ཉིད་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཁྱོད་ཀྱི་འགྲེལ་བ་དང་ཁྱོད་ཁྱོད་ཀྱི་རྩ་བ་གཉིས་ཀ་མ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། རང་ཉིད་བཀའི་དགོངས་འགྲེལ་དུ་བརྩམས་ཤིང་ཐར་པ་ཐོབ་པའི་ཐབས་སྟོན་པ་དང་རྗེས་སུ་མཐུན་པའི་རྗོད་བྱེད་རྣམ་དག་དེ། བསྟན་བཅོས་ཀྱི་མཚན་ཉིད་དུ་འཇོག་ཅིང་བཀའ་བསྟན་བཅོས་གཉིས་འགལ་ཟེར་ན། མདོ་སྡེ་དགོངས་འགྲེལ་ཆོས་ཅན། བསྟན་བཅོས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། རང་གི་བཤད་བྱའི་བཀའ་ཐམས་ཅད་ཀྱི་དགོངས་འགྲེལ་ཡིན་པའི་ཕྱིར། དེར་ཐལ། རང་གི་བཤད་བྱའི་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་བསྡུས་ནས་དྲང་ངེས་སྟོན་པའི་མདོ་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། ཆོས་ཀྱི་འཁོར་ལོ་ཐོར་བུ་ཐོར་བུ་གསུང་བ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་གོ་སླ་བར་བསྡུས་ནས་འཁོར་ལོ་རིམ་པ་གསུམ་གྱི་ཐ་སྙད་ཀྱིས་དངོས་སུ་གསུངས་པ་དོན་ཟབ་དགོངས་པ་ངེས་པར་འགྲེལ་བ་ལས་བྱུང་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དངོས་སུ་འགལ་ལོ། །
(192) པར་ཐེངས་གཉིས་པ། གསུམ་ཡིན་པས་ཁྱབ།
གཞན་ཡང༌། གཟུངས་རྒྱལ་གྱི་མདོ་ཆོས་ཅན། བསྟན་བཅོས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བཀའ་ཐམས་ཅད་ཀྱི་དོན་ནོར་བུ་སྦྱོང་བའི་དྲི་མ་གསུམ་འཁྲུད་པ་ལྟར་རགས་པའི་མི་རྟག་སྡུག་བསྔལ་སྟོང་བདག་མེད་སོགས་འཁོར་བ་ལ་ཡིད་འབྱུང་བའི་གཏམ་དང༌། འཁོར་བ་ལས་གྲོལ་བྱེད་ཀྱི་རྣམ་ཐར་སྒོ་གསུམ་དང༌། ཐེག་ཆེན་རིགས་ངེས་མ་ཟད་ཉན་རང་དགྲ་བཅོམ་པ་ལ་ཡང་སྲིད་ཞི་མཐའ་གཉིས་འགོག་པའི་ཕྱིར་མི་ལྡོག་པའི་འཁོར་ལོའི་ཕྱིན་དྲུག་གི་གཏམ་མདོ་རིམ་པ་གསུམ་དུ་བསྡུས་ནས་བཤད་པ་གང་ཞིག །བཀའ་ཐམས་ཅད་དེ་གསུམ་དུ་འདུ་བའི་ཕྱིར། དང་པོ་གྲུབ་སྟེ། རྣམ་བཤད་ལས། ནོར་བུ་སྦྱོང་བའི་ཚུལ་དཔེར་བླངས་ནས་གདུལ་བྱ་དཀྲི་བའི་རིམ་པ་གསུམ་མཛད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གདུལ་བྱ་གྲོལ་བྱེད་ཀྱི་ཆོས་དེར་མ་འདུས་པའི་བཀའ་མེད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རང་ཉིད་རྩོམ་པ་པོ་རྣམ་གཡེང་སྤངས་པའི་ཡིད་ཅན་གྱིས་བཤད་བྱའི་བཀའི་དགོངས་འགྲེལ་དུ་བརྩམས་ཤིང་དགོས་པ་བསྟན་པའི་ཆེད་དུ་བརྗོད་བྱ་ཐར་པ་ཐོབ་པའི་ཐབས་སྟོན་པའི་རྗོད་བྱེད་རྣམ་དག་དེ་བསྟན་བཅོས་ཀྱི་མཚན་ཉིད་དང་རྒྱུད་བླ་མའི་དོན་ཡིན་ཟེར་ན། འགྲེལ་བ་དོན་གསལ་ཆོས་ཅན། མཚན་ཉིད་དེར་ཐལ། བསྟན་བཅོས་ཡིན་པའི་ཕྱིར། འདོད་ན། སློབ་དཔོན་སེང་བཟང་གིས་རྣམ་གཡེང་སྤངས་པར་ཐལ། འགྲེལ་པ་དོན་གསལ་རྣམ་གཡེང་སྤངས་པའི་ཡིད་ཅན་གྱིས་བརྩམས་པའི་བསྟན་བཅོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་བདག་འཛིན་དང་ཤེས་སྒྲིབ་མ་སྤངས་པའི་ཕྱིར་དང༌། བདེན་འཛིན་སྟོང་ཉིད་ལ་རྣམ་གཡེང་ཡིན་པའི་ཕྱིར་ཏེ། ཐོགས་འགྲེལ་ལས། དེ་ལ་གང་དག་སྟོང་པ་ཉིད་ཀྱི་ཚུལ་འདི་ལས་ཕྱིན་ཅི་ལོག་ཏུ་རྣམ་པར་གཡེང་ཞིང་རྣམ་པར་འཕྲོ་ལ། མཉམ་པར་མི་འཇོག་ཅིང་རྩེ་གཅིག་ཏུ་མི་འགྱུར་བ་དེས་ན་སྟོང་པ་ཉིད་ལས་སེམས་རྣམ་པར་གཡེང་བ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག།།མཚན་ཉིད་དེ་བཞག་ནས་བཀའ་བསྟན་བཅོས་འགལ་ཟེར་ནའང༌། དགོངས་འགྲེལ་གྱི་ལེའུ་བཅུ་རེ་རེ་ནས་ཆོས་ཅན། 195བསྟན་བཅོས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། ས་བཅུའི་སེམས་དཔའ་བཅུས་བཀའ་དུ་མའི་དགོངས་པ་སྟོན་པ་དང་དྲིས་ལན་གྱིས་བཤད་པའི་རྗོད་བྱེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བཀའ་ཡིན་པའི་ཕྱིར། དེས་ན་བཀའ་དང་བསྟན་བཅོས་མི་འགལ་བར་ཐལ། ལུང་རིགས་དེ་སྙེད་ཀྱིས་ཤེས་པའི་ཕྱིར། རྗེ་དབྱིག་གཉེན་སློབ་དཔོན་སོགས་ཀྱི་དགོངས་པ་ཡིན་པའི་ཕྱིར་ཏེ། གསེར་ཕྲེང་ལས། སངས་རྒྱས་ཀྱི་བཀའ་ཡང་བསྟན་བཅོས་སུ་འདོད། ཅེས་གསུངས་ལ། གཞན་བཤད་ཟིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བཀའ་བསྟན་བཅོས་གཉིས་འགལ་བར་ཐལ། དེ་གཉིས་རྩོམ་པ་པོ་གཉིས་འགལ་བའི་ཕྱིར། དེར་ཐལ། སངས་རྒྱས་བྱང་སེམས་འགལ་བའི་ཕྱིར་ན་མ་ཁྱབ་སྟེ། སངས་རྒྱས་ཀྱིས་བརྩམས་པའི་དེ་གཉིས་ཡོད་པའི་ཕྱིར། ཡང༌། དེ་གཉིས་འགལ་བར་ཐལ། རྒྱུད་བླ་མར་དེ་གཉིས་ཀྱི་ངོ་བོ་སོ་སོར་བཤད་པའི་ཕྱིར། དེར་ཐལ། རྒྱུད་བླ་མར་དེ་གཉིས་སུ་ཕྱེ་བའི་བཀའ་དང༌། 196བསྟན་བཅོས་ཀྱི་ངོ་བོ་སོ་སོར་བཤད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་གཉིས་སུ་ཕྱེ་བའི་བཀའི་ངོ་བོ་ནི། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །སོགས་བྱུང༌། གཉིས་པ་བཤད་པར། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །ཞེས་སོགས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་རྩོམ་དུས་ཀྱི་རྗེ་བཙུན་གྱི་ཐུགས་རྒྱུད་ལ་ལྡན་པའི་རྒྱན་ཆོས་ཅན། བསྟན་བཅོས་ཡིན་པར་ཐལ། རྒྱན་ཡིན་པའི་ཕྱིར། འདོད་ན། སྒྲ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དུས་ཞལ་ནས་གསུངས་མ་ཟིན་པའི་ཕྱིར་ན་མ་ཁྱབ་སྟེ། མ་གསུངས་ཀྱང་རྗོད་བྱེད་ཐམས་ཅད་ཐུགས་ལ་ཡོད་པའི་ཕྱིར། དེ་དག་མཁས་པ་རྣམས་ཀྱི་དོགས་པར་སྣང་བས་བཤད། བླུན་པོས་བརྗོད་པ་ལ་དོགས་གཅོད་མ་བྱས་སོ། །
རང་ལུགས་ལ། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་རྗོད་བྱེད་རྣམ་དག་བསྟན་བཅོས་ཀྱི་མཚན་ཉིད་ཡིན་ཏེ། བསྟན་བཅོས་ཀྱི་སྐད་དོད་ཤཱསྟྲཱ་ལ་ངེས་ཚིག་གིས་བཤད་ན་ཤཱ་ས་ན་འཆོས་པ་དང༌། ཏྲའམ་ཏྲ་ཡ་ནི་སྐྱོབ་པ་དང་སྒྲོལ་བ་སོགས་ལ་འཇུག་པའི་ཕྱིར་ཏེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པའི་ཕྱིར་དང། འཆི་མེད་མཛོད་ལས་ཀྱང༌། 197ཤཱསྟྲཾ་ངེས་པར་བསྟན་དང་གཞུང༌། །ཞེས་གསུངས་པའི་ཕྱིར། སྒྲ་བཤད་སོགས་མ་སྤྲོས། དབྱེ་ན་རྒྱལ་བའི་བཀའ་དང་སེེམས་ཅན་གྱི་བསྟན་བཅོས་གཉིས། སྤོབས་པ་བཞི་ལྡན་གྱི་རྒྱལ་བའི་གསུང་རབ་དེ་བཀའི་མཚན་ཉིད་ཡིན་ཏེ། ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ། གཞན་ཡང་རྒྱུ་བཞིས་ན་སྤོབས་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་ཡིན་པར་རིག་པར་བྱའོ། །བཞི་གང་ཞེ་ན། བྱམས་པ། འདི་སྤོབས་པ་དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན་པ་མ་ཡིན་པ་དང༌། ཆོས་དང་ལྡན་པ་ཡིན་གྱི་ཆོས་དང་མི་ལྡན་པ་མ་ཡིན་པ་དང༌། ཉོན་མོངས་པ་ཟད་པར་བྱེད་པ་ཡིན་གྱི་ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་ཡིན་གྱི་འཁོར་བའི་ཉེས་པ་འཕེལ་བར་བྱེད་པ་མ་ཡིན་པ་སྟེ། ཞེས་གསུངས་པའི་ཕྱིར། དེས་ན་བཀའ་ཡིན་ན་བསྟན་བཅོས་ཡིན་དགོས་ཏེ། བཀའ་ཡིན་ན་བསྟན་བཅོས་ཀྱི་སྒྲ་བཤད་འཇུག་གཉིས་ཀ་ཡོད་པས་ཁྱབ་པའི་ཕྱིར། དབྱེ་ན། བརྗོད་བྱའི་སྒོ་ནས་དྲང་ངེས་གཉིས་དང་སྡེ་སྣོད་གསུམ་ཡོད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་ལེགས་བཤད་དེ་འདུལ་བའི་སྡེ་སྣོད་ཀྱི་མཚན་ཉིད། མདོ་སྡེ་ལ་ལྷག་པ་ཏིང་ངེ་འཛིན་དང༌། མངོན་པ་ལ་ལྷག་པ་ཤེས་རབ་སྦྱོར། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་པ་ལྟར་མངོན་པ་ལ་ཀུན་རྫོབ་པའི་མངོན་པའི་མདོ་དང་དོན་དམ་པའི་མངོན་པའི་མདོ་གཉིས་ལས། ཕྱི་མ་ལ་ཤེར་མདོ་འཇོག་ལ། མདོ་མངོན་གཉིས་མི་འགལ་བར་བཤད་198དེ། དེ་དགོངས་འགྲེལ་སོགས་ལས་ཀྱང་ངོ༌། །ཆེད་དུ་བྱ་བའི་སྒོ་ནས་ཐེག་པ་ཆེ་ཆུང་གི་མདོ་གཉིས། གཉེན་པོའི་སྒོ་ནས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང༌། ཡན་ལག་གི་སྒོ་ནས་གསུང་དབྱངས་ཡན་ལག་དྲུག་ཅུའི་བཀའ་དང༌། ངོ་བོ་དང་བྱེད་ལས་ཅི་རིགས་པའི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་དང་ཡན་ལག་དགུར་ཡོད་ལ། བཅུ་གཉིས་ཀྱི་ངོས་འཛིན་མདོ་དང་བསྟན་བཅོས་ལས་དུ་མར་བཤད། ས་སྡེར་གཅིག་ལ་ཡང་སྣ་ཚོགས་བཤད་པ་རྟེན་གཞི་མདོའི་དབང་གིས་སོ། །གཙོ་བོར་མངོན་པ་ཀུན་བཏུས་ལྟར་བྱས་ན་མང་པོ་དང་མཐུན་པས་དེ་བཅུ་གཉིས་ཡོད་དེ། སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང། །རྨད་བྱུང་གཏན་ལ་ཕབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས་སོ། །དེ་དག་སྡེ་སྣོད་གསུམ་དུ་འདུ་སྟེ། འདུལ་བ་འཁོར་དང་བཅས་ན་གླེང་གཞི་དང༌། རྟོགས་བརྗོད་དང༌། དེ་ལྟ་བུ་དང༌། སྐྱེས་རབས་ཀྱི་ཡན་ལག་བཞི་དང༌། ཐེག་དམན་གྱི་མདོ་སྡེ་ལ་མདོའི་སྡེ་དང༌། དབྱངས་བསྙད་དང༌། ལུང་བསྟན་དང༌། ཚིགས་བཅད་དང༌། ཆེད་བརྗོད་ཀྱི་ཡན་ལག་ལྔ་དང༌། རྨད་བྱུང་དང༌། ཤིན་ཏུ་རྒྱས་པ་གཉིས་ཐེག་ཆེན་གྱི་མདོ་སྡེ་དང༌། གཏན་ལ་ཕབ་པ་ཐེག་ཆེན་གྱི་མངོན་པ་སྟེ་ཐེག་དམན་གྱི་199ཡང་མངོན་པ་ཡིན། མཛོད་སོགས་ལྟར་ན་མངོན་པ་དེ་དག་གི་ནང་ན་ཡོད་པར་བཤད་པའི་ཕྱིར་ཏེ། ཀུན་བཏུས་ལས། འདི་དག་སྡེ་སྣོད་གསུམ་དུ་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ལས་ཀྱང༌། ཡན་ལག་བཅུ་གཉིས་ཀྱི་དང་པོ་ལྔ་ནི་ཐེག་དམན་གྱི་མདོ་སྡེའི་སྡེ་སྣོད་དང༌། དེ་ནས་བཞི་ནི་འདུལ་བའི་སྡེ་སྣོད་དེ། དེ་ལ་ཐེག་པ་གཉིས་ཀའི་འདུལ་བའི་སྡེ་སྣོད་ཡོད་དོ། །ཐ་མ་གསུམ་ནི་ཐེག་ཆེན་གྱི་མདོའི་སྡེ་སྣོད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་གཏན་ལ་དབབ་པ་ཐེག་ཆེན་གྱི་མདོ་མངོན་གཉིས་ཀ་ཡིན་ཏེ། ཐེག་ཆེན་གྱི་ཏིང་ངེ་འཛིན་གྱི་ཡུལ་200མདོ་སྡེའི་རང་སྤྱིའི་མཚན་ཉིད་གཏན་ལ་འབེབས་པའི་ཕྱིར། ཀུན་བཏུས་ལས། གཏན་ལ་དབབ་པར་བསྟན་པ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ། །ཞེས་དང༌། རྣམ་བཤད་རིགས་པ་ལས། གཏན་ལ་དབབ་པར་བསྟན་པའི་སྡེ་ནི། ཞེས་པ་ནས། ཆོས་མངོན་པ་ཞེས་ཀྱང་བྱ་སྟེ། མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཉིད་ཀྱིས་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བསྡུ་བ་ལྟར་ན་དེ་201དུས་ནས་མ་ཚང་བར་མངོན་ནོ། །
(197) པར་ཐེངས་གཉིས་པ། ཤཱསྟྲ།
ཡང༌། བཀའ་ལ་ཞལ་ནས་གསུངས་པ་མདོ་སྡུད་པ་དང༌། རྗེས་སུ་གནང་བ་འདི་སྐད་བདག་ཐོས་སོགས་གླེང་གཞིའི་ལེའུ་དང༌། བྱིན་གྱིས་བརླབས་པའི་བཀའ་ལ་གསུམ་ལས། སྐུས་བྱིན་གྱིས་བརླབས་པ་མདོ་སྡེ་ས་བཅུ་པ་ལྟ་བུ་དང༌། གསུང་གིས་བྱིན་གྱིས་བརླབས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ། ཐུགས་ཀྱིས་བྱིན་གྱིས་བརླབས་པ་ལ་གསུམ་ལས། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་ཤེར་སྙིང་ལྟ་བུ་དང༌། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་གནོད་སྦྱིན་དང་ལྷ་ཀླུ་སོགས་ཀྱིས་རང་རང་གི་སྔགས་སྨྲས་པ་སངས་རྒྱས་ཀྱི་ཐུགས་རྗེས་ནུས་པ་ཁྱད་པར་ཅན་དུ་བྱིན་གྱིས་བརླབས་པ་ལྟ་བུ་དང༌། ཐུགས་བདེན་པས་བྱིན་གྱིས་བརླབས་པ་དེའི་མཐུས་རི་དང་ཤིང་དང་འོད་ཟེར་སོགས་ལས་ཆོས་ཀྱི་ཚིག །བརྩམས་པར་བྱ་ཞིང་དབྱུང་བར་བྱ། །སོགས་བྱུང་བ་ལྟ་བུ་ཡིན་ནོ། །འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་སེམས་ཅན་གྱིས་བརྩམས་པའི་རྗོད་བྱེད་རྣམ་དག་དེ། བཀའ་དང་བསྟན་བཅོས་གཉིས་སུ་ཕྱེ་བའི་བསྟན་བཅོས་ཀྱི་མཚན་ཉིད་ཡིན་ཏེ། དེ་ལ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་གང་རུང་གཅིག་འཆད་པའི་དབང་དུ་བྱས་པ་དགོས་ཀྱང་འགྲེལ་བ་གཅིག་མི་དགོས། ཕྱི་བ་སོགས་ཀྱི་དེ་དེ་མ་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ཐབས་དང་རྗེས་མཐུན་202པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། བསྟན་པ་འབའ་ཞིག་203གི །དབང་བྱས། ཞེས་གསུངས་པའི་ཕྱིར། འདི་དང་རྣམ་བཤད་རིགས་པ་ཚད་མར་བྱས་ནས་ཕྱི་རོལ་པའི་བསྟན་བཅོས་བསྟན་བཅོས་སུ་བྱས་ན་འཁྲུལ་བ་ཆེའོ། །དབྱེ་ན་འཁོར་ལོ་དང་པོའི་དགོངས་འགྲེལ་མཛོད་རྩ་འགྲེལ། བར་བའི་སྤྱོད་པ་སྟོན་པ་ས་སྡེ་དང༌། ལྟ་བ་སྟོན་པ་རིགས་ཚོགས་དང༌། པྲ་ཀ་ར་ཎ་སྡེ་བརྒྱད་དང༌། ཐ་མའི་དགོངས་འགྲེལ་བསྡུ་བ་དང༌། ཐེག་བསྡུས་དང༌། འཁོར་ལོ་གསུམ་གའི་དགོངས་འགྲེལ་མངོན་པ་ཀུན་བཏུས་དང༌། དབུ་མ་སྣང་བ་དང༌། དབུ་མ་རྒྱན་ལྟ་བུ་ཡིན། གསུང་རབ་ཐམས་ཅད་ཀྱི་དགོངས་འགྲེལ་ལམ་སྒྲོན་དང༌། ལམ་རིམ་གཉིས་དང༌། ཐུབ་དགོངས་ལྟ་བུ། ཡང༌། བསྟན་བཅོས་ལ་བྱེད་ལས་ཀྱི་སྒོ་ནས་འཐོར་བ་སྡུད་པའི་བསྟན་བཅོས། འཁྲུག་པ་སྡེབས་པའི་བསྟན་བཅོས། རྒྱ་ཆེ་བ་སྡུད་པའི་བསྟན་བཅོས། མ་ཚང་བ་ཁ་སྐོང་བའི་བསྟན་བཅོས་བཞི་ཡོད། ཚད་མ་ཀུན་བཏུས་དང་པོ་དང༌། འདུལ་བ་མདོ་རྩ་བ་དང་མདོ་སྡེ་རྒྱན་གཉིས་པ། མངོན་རྟོགས་རྒྱན་དང་བརྒྱད་སྟོང་དོན་བསྡུས་གསུམ་པ། དབུ་མ་རིན་ཆེན་ཕྲེང་བ་དང༌། དབུ་མ་སྙིང་པོ་བཞི་པ་ཡིན་ནོ། །
རྩོད་སྤོང་ལ་ཁོ་ན་རེ། ཉོན་སྒྲིབ་སྤངས་པའི་བྱང་འཕགས་ཁོ་ན་ལ་གསུངས་པའི་མདོ་ཆོས་ཅན། སྤོབས་པ་བཞི་དང་ལྡན་པར་ཐལ། མདོ་ཡིན་པའི་ཕྱིར། དེར་ཐལ། གང་ཟག་རེ་རེ་ཁོ་ན་ལ་གསུངས་པའི་མདོ་ཡོད་པའི་ཕྱིར། དེར་ཐལ། ཆོས་འཁོར་གཅིག་ཆར་བསྐོར་ཚུལ་དེའི་ཕྱིར། འདོད་ན། ཉོན་མོངས་སྤོང་ཆེད་དུ་གསུངས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་བྱང་འཕགས་204ཀྱིས་ཉོན་མོངས་སྤོང་ཆེད་དུ་གསུངས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཁྱབ་པར་ཐལ། དེ་ཁོ་ན་ལ་གསུངས་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དེ་ཁོ་ན་ལ་གསུངས་ཀྱང་དེ་ཁོ་ནའི་ཆེད་དུ་མ་ཡིན་པའི་ཕྱིར། དེར་ཐལ། ཉོན་མོངས་སྤོང་དགོས་ཐམས་ཅད་ཀྱི་དོན་དུ་གསུངས་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་གྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཤཱ་རིའི་བུའི་རྒྱུད་ཀྱི་བརྒྱད་སྟོང་པ་ཆོས་ཅན། སངས་རྒྱས་ཀྱི་གསུང་རབ་ཡིན་པར་ཐལ། བཀའ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་གསུང་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། ཡང་ཁོ་ན་རེ། ཕྱི་རོལ་པའི་བསྟན་བཅོས་ཆོས་ཅན། མཚན་ཉིད་དེར་ཐལ། བསྟན་བཅོས་ཡིན་པའི་ཕྱིར། དེར་ཐལ། ཕྱི་རོལ་པའི་བསྟན་བཅོས་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱི་རོལ་པའི་བསྟན་བཅོས་དང་བསྟན་པ་དང་སྟོན་པ་གསུམ་ཀ་ལྟར་སྣང་ཡིན་པའི་ཕྱིར་ཏེ། རྗེ་རིན་པོ་ཆེའི་གསུང་ལས། སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །ཝ་སྐྱེས་ལ་ནི་སེང་གེ་བཞིན། །མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཕྱི་རོལ་པའི་སྟོན་པས་ཆོས་བསྟན་པ་བྱིས་པའི་རྡོལ་གཏམ་ལྟ་བུ་ཡིན་པར་དབུ་སེམས་ཀྱི་མཁས་པ་རྣམས་མཐུན་པའི་ཕྱིར། རྩ་ཤེ་ལས། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ། ཞེས་དང༌། བུདྡྷ་པཱ་ལི་ཏཱ་ལས། བཅོམ་ལྡན་འདས་ཀྱིས་ཕྱི་རོལ་པ་ཕས་ཀྱི་རྒོལ་བ་ཐམས་ཅད་བྱིས་པ་བསླུ་བ་དང་འདྲ་བར་ཐུགས་སུ་ཆུད་ནས། འགྲོ་བ་ལོང་བ། ནས། སྨྲ་བ་རྣམས་ཀྱི་དམ་པ་ཞེས་གསུངས་སོ། །ཞེས་དང༌། ཚིག་གསལ་ལས། དེ་བཞིན་གཤེགས་པ་ཉག་གཅིག་དོན་ཕྱིན་ཅི་མ་ལོག་པར་གསུངས་པ་ཉིད་དུ་གཟིགས་ཤིང༌། ཕ་རོལ་པོས་སྨྲ་བ་ཐམས་ཅད་བྱིས་པ་རྡོལ་ཐབས་སྨྲ་བ་དང་འདྲ་བར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྡོལ་གཏམ་ལྟ་བུའང་བསྟན་པ་དང་དེ་འདྲ་སྟོན་མཁན་སྟོན་པ་ཡིན་ན་སྟོན་པ་མ་ཡིན་པའི་གང་ཟག་མི་རྙེད་པས། ཕྱོགས་གླང་དང་ཆོས་གྲགས་སོགས་ཀྱིས་ལུགས་འབྱུང་ལྡོག་གཉིས་ཀྱིས་སྟོན་པར་སྒྲུབ་པ་དོན་མེད་ཡིན་པའི་ཕྱིར། ཚད་མ་མདོ་ལས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ། །ཅེས་དང༌། རྣམ་འགྲེལ་ལས། དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་དང༌། ཡང་དེ་ཉིད་ལས། དེ་ཕྱིར་ཚད་ཡིན་ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པ། །ཞེས་དང༌། ཀུན་བཏུས་དར་ཊཱིཀ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་གནས་སྐབས་ལ་སྟོན་པ་ཞེས་བྱ་སྟེ་སྟོན་པ་དངོས་ཐུབ་པ་205ཡིན་ཡང། ཞེས་གསུངས་པའི་ཕྱིར།
སྨྲས་པ།
བཀའ་དང་དགོངས་འགྲེལ་བརྗོད་དོན་མ་རྟོགས་པར། །
སྟོན་དང་ཤིང་རྟ་ཆེན་པོའི་ལུགས་བོར་ཏེ། །
ཡིད་བྱེད་འགོག་དང་ཆང་འཐུང་གླུ་ལེན་སོགས། །
ཐར་པའི་ལམ་སྟོན་མཁས་པའི་སྙིང་རྗེའི་ཡུལ། །
མཐོ་དམན་རང་བློའི་འགྲོས་ཀྱིས་བསྟན་པའི་མཁར། །ཐོས་པའི་བགྲོད་དང་བསམ་པའི་ཆེས་མཐོའི་འགྲོས། །སྒོམ་པའི་མཁའ་ལྡིང་རྒན་གཞོན་བགྲོད་པ་བཞིན། །མཁྱེན་གསུམ་ལྷ་ཡི་དགའ་ཚལ་འཇུག་པར་འཚལ། །མ་རྟོགས་ཚིག་བཟུང་བྱིས་པས་གཏེར་ཁ་བྱང༌། །གོ་ཡང་མི་བསམ་ཉེ་དགའི་མར་ཁུ་བཞིན། །ཕྱོགས་རེས་མཆོག་འཛིན་ཐར་པའི་རྒྱུར་གསུངས་པའི། །ཐུབ་གསུངས་གཏན་བདེའི་ལམ་རྙེད་དགའ་རྒྱུ་བསམ། །ཆོས་ཀྱི་ཕན་ཡོན་གཏམ་ལ་རབ་དགའ་བའི། །དལ་བའི་སྙིང་པོ་སྒྲུབ་པ་ལྷུར་ལེན་འདི། །རུས་སྦལ་ཁ་ཡི་ཤིང་བཞིན་ཤོར་དོགས་ནས། །206འགའ་ཡང་མི་སྨྲ་སེམས་པར་ཡིད་སྨོན་འགྱུར། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
(206) པར་ཐེངས་གཉིས་པ། དགའ།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn