ཀུན་མཁྱེན་ཕར་ཕྱིན་ལས་དགོས་སོགས་ཆོས་བཞི།
གཉིས་པ་མདོ་དང་བཟློས་པའི་སྐྱོན་སྤངས་ནས་དགོས་པ་ཡོད་པར་བཤད་པ་ལ། རྩ་བར། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་བྱུང༌། འཕྲོས་སྦྱོར་མཐའ་དཔྱད་པ་གསུམ། དང་པོ་ལ། ཉན་ཐོས་ཞི་བ། ནས། དེ་ལ་ཕྱག་འཚལ་ལོ། །ཞེས་པའི་མཆོད་བརྗོད་ཀྱིས་ཤུགས་ལ་རྒྱན་རྩོམ་པར་དམ་བཅས་ནས་དགོས་སོགས་བཞི་འཆད་པར་འདི་བྱུང༌། གཉིས་པ་ནི། བསྟན་བཅོས་རྒྱན་འདི་བརྩམས་པ་ལ་ཆོས་ཅན། དགོས་སོགས་བཞི་ཡོད་དེ། མདོ་གསུམ་གྱི་བརྗོད་བྱ་རྣམ་མཁྱེན་དུ་བགྲོད་པའི་ལམ་མངོན་རྟོགས་བརྒྱད་དུ་བྱས་པ་བརྗོད་བྱ་དང༌། བསྟན་བཅོས་དང་དགོས་པ་ལ་བརྟེན་ནས་མདོའི་དོན་བྱང་སེམས་ཀྱིས་མངོན་སུམ་དུ་རྟོགས་པར་འགྱུར་བ་གནས་སྐབས་ཀྱི་ཉིང་དགོས་དང༌། མཐར་ཐུག་གི་ཉིང་དགོས་དེ་ལས་ཐོབ་འགྱུར་གྱི་རྣམ་མཁྱེན་དང༌། བསྟན་བཅོས་འདི་ལ་བརྟེན་ནས་མདོ་གསུམ་གྱི་དོན་བདེ་བླག་ཏུ་རྟོགས་པ་དགོས་པ་དང། ཉིང་དགོས་སྔ་མ་ལས་ཕྱི་མ་དེ་བྱུང་དུ་འབྲེལ་བ་ཤུགས་ལ་བསྟན་པ་དང་བཞི་ཡོད་པའི་ཕྱིར་ཏེ། རྣམ་བཤད་ལས། རྐང་པ་དང་པོ་གཉིས་ཀྱིས་བརྗོད་བྱའི་ངོ་བོ་དང༌། དེ་ནས་གཅིག་གིས་ཁྱད་པར་དང༌། དེ་ནས་གསུམ་གྱིས་ཉིང་དགོས་དང༌། ཐ་མ་གཉིས་ཀྱིས་དགོས་པ་བསྟན་ནས་འབྲེལ་བ་དོན་གྱིས་འཕངས་སོ། །ཞེས་གསུངས་པའི་ཕྱིར།
གསུམ་པ་མཐའ་དཔྱད་པ་ལ། དགོས་སོགས་བཞིའི་མཐའ་དཔྱད་པ་དང༌། བཀའ་བསྟན་བཅོས་ཀྱི་མཐའ་དཔྱད་པ་གཉིས། དང་པོ་ལ། དགག་གཞག་སྤང་གསུམ། དང་པོ་ལ་པཎྜི་ཏ་ཁ་ཅིག་ན་རེ།.....བུ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་དེ་རྒྱན་གྱི་དགོས་འབྲེལ་གྱི་ངག་ལ་བརྟེན་ནས་རྒྱན་ལ་དགོས་སོགས་ཡོད་པར་ཚད་མས་ངེས་ནས་འཇུག་ཟེར་ན། མི་འཐད་པར་ཐལ། དེས་ཕལ་ཆེར་ཡོད་ལས་ཆེ་སྙམ་པའི་ཐེ་ཚོམ་གྱི་སྒོ་ནས་འཇུག་པའི་ཕྱིར་ཏེ། འགྲེལ་བ་ལས། དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་འཇུག་པའི་ཡན་ལག ཅེས་གསུངས་པའི་ཕྱིར། ཁྱབ་པར་ཐལ། དེ་ལྟར་སློབ་དཔོན་ཆོས་མཆོག་དང༌། རྗེ་རྒྱལ་ཚབ་གསུམ་གྱིས་བཤད་པའི་ཕྱིར། འཐད་ལྡན་ལས། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་དང༌། གསེར་ཕྲེང་ལས། དོན་མི་འགྱུར་གྱི་དོགས་པ་བཞི་བསལ་ནས་དེ་བཞི་ཕལ་ཆེར་ཡོད་ལས་ཆེ་སྙམ་པའི། ཞེས་དང༌། རྣམ་བཤད་ལས། དགོས་སོགས་བཞི་ལ་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་འཇུག་པའི་ཡན་ལག་སྟོན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་པཎྜི་ཏ་འགའ་ཞིག་ན་རེ།.....བྲམ་ཟེ་བུདྡྷ། དགོས་འབྲེལ་གྱི་དགོས་པ་གཞུང་མཛེས་པའོ་ཟེར། སྤྱིར་ལུས་མཛེས་པ་རུང་ཡང༌། དགོས་པ་ལུས་མཛེས་ཙམ་མ་ཡིན་པར་ཐལ། དེ་ལས་དོན་རྟོགས་པ་སོགས་དགོས་པ་ཡོད་པའི་ཕྱིར་ཏེ། གསེར་ཕྲེང་ལས། འོན་ཀྱང་མཛེས་པ་དགོས་པར་འཆད་པ་སྐབས་སུ་མ་བབས་པའོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་གྱི་ཉིང་དགོས་ཡིན་ན། རྒྱན་གྱི་ཉིང་དགོས་མཐར་ཐུག་ཡིན་པས་ཁྱབ་ཟེར་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་རྒྱན་ལ་ཐོས་སོགས་ཀྱི་ཞུགས་པ་ལ་བརྟེན་ནས་ཐོབ་པའི་ས་བཅུའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་རྒྱན་གྱི་གནས་སྐབས་ཀྱི་དགོས་པའི་དགོས་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། ངོ་བོ་ཉིད་སྐུ་དེ་རྒྱན་གྱི་ཉིང་དགོས་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་རྒྱན་གྱི་རྗེས་སུ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྒྱན་མ་གྲུབ་པའི་སྔ་རོལ་ནས་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་གྱི་འབྲེལ་བ་ཡིན་ན། དགོས་སོགས་བཞིའི་ནང་གི་འབྲེལ་བ་ཡིན་པས་ཁྱབ་ཟེར་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་ཐོབ་བྱའི་འགོག་ལམ་རྒྱན་དང་འབྲེལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་རྒྱན་ལ་རག་ལས་པའི་ཕྱིར། འདོད་ན། དེ་བྱུང་འབྲེལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། འདུ་མ་བྱས་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་གྱི་འབྲེལ་བ་ཡིན་ན། བདག་གཅིག་འབྲེལ་ཡིན་པས་ཁྱབ་ཟེར་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་ཡུམ་དོན་རྟོགས་པའི་ཐོས་བསམ་ལས་བྱུང་བའི་རྣམ་མཁྱེན་དེ་ཐོས་བསམ་དེ་དང་འབྲེལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེ་བྱུང་འབྲེལ་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་ཐོབ་པའི་རྣམ་མཁྱེན་183དེ་ཉིང་དགོས་མཐར་ཐུག་ཟེར་ན། དེ་འདྲའི་རྣམ་མཁྱེན་ཁོ་ཁོ་རང་ཡིན་པར་ཐལ། དེ་འདྲའི་རྣམ་མཁྱེན་ཡིན་པ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཁྱོད་ཐོབ་པའི་གང་ཟག་ཡིན་པར་ཐལ། ཁྱོད་དེས་ཐོབ་པའི་རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན། སངས་འཕགས་ཡིན་པར་ཐལ། རྣམ་མཁྱེན་ཐོབ་པའི་གང་ཟག་ཡིན་པའི་ཕྱིར། དེས་ཚིག་གི་འཁྲི་ཚུལ་གཞན་ཡང་ཤེས་སོ། །
(183) པར་ཐེངས་གཉིས་པ། དེ་རྒྱན་གྱི།
རང་ལུགས་ལ། བསྟན་བཅོས་ཀྱི་དགོས་སོགས་བཞི་དགོས་འབྲེལ་ངག་གི་བརྗོད་བྱ་དང༌། དེ་ལ་བརྟེན་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་རྒྱན་ལ་དགོས་སོགས་ཡོད་པར་རྟོགས་པ་དགོས་པ་དང༌། དེ་ལ་བརྟེན་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་རྒྱན་ལ་184ཐོས་བསམ་ཀྱིས་ཞུགས་པ་ཉིང་དགོས་དང༌། འབྲེལ་བ་དེ་བྱུང་འབྲེལ་བ་སོགས་ཡིན་ནོ། །བསྟན་བཅོས་འདིའི་དགོས་སོགས་བཞི་ཡོད་དེ། མདོའི་དོན་མངོན་རྟོགས་བརྒྱད་དང༌། དོན་བདུན་ཅུ་བརྗོད་བྱ་དང༌། འདི་ལ་བརྟེན་ནས་དེ་དག་བདེ་བླག་ཏུ་རྟོགས་པ་དགོས་པ་དང༌། དེ་ལ་བརྟེན་ནས་ས་བཅུ་ཐོབ་པ་དགོས་པའི་གནས་སྐབས་ཀྱི་དགོས་པ་དང༌། དེ་ལ་བརྟེན་ནས་རྣམ་མཁྱེན་ཐོབ་པ་དགོས་པའི་མཐར་ཐུག་གི་དགོས་པ་ཡིན། བསྟན་བཅོས་དང༌། དགོས་པའི་ཤེས་རབ་གསུམ་དང༌། ཉིང་དགོས་185ཤེས་རབ་གསུམ་གྱི་ཕྱི་མ་སྔ་མ་ལ་འབྲེལ་བ་དེ་བསྟན་བཅོས་ཀྱི་འབྲེལ་བ་ཡིན་པའི་ཕྱིར་རོ། །རྒྱན་གྱི་དགོས་སོགས་ལ་བཞིར་ངེས་ཏེ། རྟོགས་ལྡན་འཇུག་པའི་ཡན་ལག་དོན་མེད་པ་སོགས་བཞི་བསལ་ནས་འཇུག་པའི་ཡན་ལག་དགོས་སོགས་བཞི་ཡོད། དེ་ལས་མང་མི་དགོས་ཉུང་ན་མི་འདུ་བའི་ཕྱིར།
རྩོད་སྤོང་ལ་ཁོ་ན་རེ། རྒྱན་གྱི་སྐབས་གཉིས་པ་བརྩམས་པ་ལ་དགོས་པ་མེད་པར་ཐལ། རྒྱན་གྱི་བརྗོད་བྱ་ལ་དང་པོའི་བརྗོད་བྱས་ཁྱབ་པའི་ཕྱིར་ན་མ་ཁྱབ། འོ་ན། དགོས་འབྲེལ་དང་མཆོད་བརྗོད་ཟུར་དུ་བཤད་པ་ལ་དགོས་པ་མེད་པར་ཐལ། རྒྱན་གྱི་བརྗོད་བྱ་ལ་དེའི་བརྗོད་བྱས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། ཡང་ཁོ་ན་རེ། རྒྱས་འབྲིང་བསྡུས་གསུམ་གྱི་དོན་རྟོགས་པ་རྒྱན་གྱི་དགོས་པ་ཡིན་པར་ཐལ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་དེ་རྟོགས་པ་རྒྱན་གྱི་དགོས་པ་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། རྒྱན་ལ་མ་བརྟེན་པར་དེ་རྟོགས་པ་ཡོད་པའི་ཕྱིར། ཡང་ཁོ་ན་རེ། དགོས་སོགས་ལ་བཞིར་མ་ངེས་པར་ཐལ། བསྟོད་འགྲེལ་ལས། རྗོད་བྱེད་ཕུན་ཚོགས་དང་ལྔར་བཤད། ཀ་ཤིས། བརྗོད་བྱ། དགོས་པ། འབྲེལ་བ་གསུམ་དུ་བསྟན་པའི་ཕྱིར་ན་མ་ཁྱབ་སྟེ། རྗོད་བྱེད་ལེགས་ཙམ་གྱིས་རྟོགས་ལྡན་འཇུག་པའི་གཙོ་བོ་མིན་ལ། གསུམ་དུ་བསྟན་པ་ནི་དགོས་པ་གཉིས་གཅིག་ཏུ་བསྡུས་ཙམ་ཡིན་གྱི། ཉིང་དགོས་ཆད་པ་མ་ཡིན་པའི་ཕྱིར་རོ། །རྟོགས་སླ།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn