ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་གྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 12:13:17     རྩོམ་པ་པོ།   ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

             དྲི་གཞི་བཅུ་བདུན་པ། རྩ་བ་ལས། གྲུབ་མཐས་ཆོས་བདག་བཏགས་པ་ཡང་ལྷན་སྐྱེས་ཀྱིས་བཟུང་བའི་ཆོས་བདག་སྒྲུབ་པའི་དོན་ཡིན་པའི་ཕྱིར་དང་རིགས་པའི་དགག་བྱའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར་རོ། ། ཞེས་པའི་སྐབས་ཀྱི་གཙོ་ཕལ་གཉིས་ལ་སོ་སོར་གང་འཇོག རྒྱུ་མཚན་ཅི། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་ཇི་ལྟར་ཡིན།

 

                                                                                                       ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

            དགག་བྱ་གཙོ་ཕལ་ངོས་བཟུང་སྟེ་རྒྱུ་མཚན་བཤད་པ་དང་། ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་ན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་གཉིས། དང་བོ་ནི། སྐབས་འདིར་དགག་བྱ་ཆོས་ཀྱི་བདག་འཛིན་ཀུན་ བཏགས་དང་ལྷན་སྐྱེས་གཉིས་ལས། ཀུན་བཏགས་གྲུབ་མཐས་བཏགས་ནས་འཐད་འཛིན་དང་། ཆ་མེད་རྩོམ་གཞིར་བྱས་པའི་ཕྱི་དོན་འདོད་པ་ལྟ་བུ་ཡོད་ལ། ལྷན་སྐྱེས་ནི་རྟོག་པ་ཡིད་ཤེས་ལ་ལྟོས་པའི་ཆོས་བདག་དང་རྟོག་མེད་དབང་ཤེས་ལ་ལྟོས་པའི་ཆོས་བདག་གཉིས་ལས་གཙོ་བོ་ཆོས་བདག་ལྷན་སྐྱེས་དང་། དེའི་ནང་ནས་ཀྱང་རྟོག་པ་ཡིད་ཤེས་ཀྱི་དེ་དང་དེའི་ཡུལ་དང་ཡུལ་ཅན་གཉིས་ལས་གཙོ་བོ་ཡུལ་འགོག་དགོས་པ་རྣམ་འགྲེལ་རྩ་བར། འདི་ཡུལ་སུན་ཕྱུང་མེད་པར་ནི། ། དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་པ་ལྟར། རྟོག་སྣང་ལས། དེ་གཉིས་ལས་གཙོ་བོ་ཡུལ་ཡིན་གྱི་ཡུལ་ཅན་མ་ཡིན་ཏེ། ཞེས་དང་། དྲང་ངེས་ཆེན་མོར། སྤྱིར་དགག་བྱ་གཞན་ལ་ལྟོས་ན་དེ་དག་ཞེན་ཡུལ་དང་བཅས་པ་དགག་བྱའི་གཙོ་བོ་ཡིན་ཀྱང་། ཞེས་པ་ནས། གཙོ་བོ་ལྷན་སྐྱེས་ཀྱི་ཞེན་ཡུལ་དགག་བྱར་བྱེད་དགོས་པའི་ཕྱིར་ཞེས་གསུངས་པས་ན་སྐབས་འདིར་ཆོས་བདག་ལྷན་སྐྱེས་ཡུལ་བཅས་རིགས་པའི་དགག་བྱ་གཙོ་བོ་དང་ ཀུན་བཏགས་ཡུལ་བཅས་ཕལ་བའོ། །

           གཙོ་བོའི་རྒྱུ་མཚན་ནི་དེའི་དབང་གིས་འཁོར་བ་རྩ་བ་ནས་སྤོང་བ་མི་སྲིད་པ་དང་ཀུན་བཏགས་ཀྱང་དེའི་ཡན་ལག་ལྟ་བུར་སྣང་བའི་ཕྱིར་རོ། ། གཉིས་པ་ནི། ཀུན་བཏགས་གཉིས་ལས་དོན་སྨྲ་ལྟ་བུས་གྲུབ་མཐའི་དབང་གིས་འཐད་འཛིན་གྱི་ཞེན་ཡུལ་ཁེགས་ན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་སམ་སྙམ་སྟེ། དཔེར་ན་སྒྲ་རྟག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པས་སྒྲ་མི་རྟག་པར་རྟོགས་དགོས་པ་ལྟ་བུའོ། ། ཆ་མེད་རྩོམ་གཞིར་བྱས་པའི་གཟུགས་རགས་པ་ལྟ་བུའི་ཡོད་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་ཀྱང་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པའི་ཕྱིར་ཏེ། རྡུལ་ཕྲ་རབ་ཀྱང་ཆ་བཅས་སུ་འདོད་པའི་གྲུབ་མཐའ་གོང་མ་རྣམས་ཀྱིས་ཀྱང་དེ་མེད་པ་རྟོགས་པའི་ཕྱིར། འོ་ན་ཕྱི་དོན་འགོག་སྐབས་དེ་བཀག་པ་ཅི་ཞེ་ན། ཆོས་ཀྱི་བདག་མེད་རྟོགས་པའི་ཡན་ལག་ལྟ་བུར་སྣང་བས་ཡིན་ནོ། །དཔེར་ན། སྒྲ་རྟག་འཛིན་ཕྲ་རགས་མང་བོ་ཡོད་པ་ལྟར་འདི་ལ་ཡང་ཡོད་སྙམ། དགོངས་པ་རབ་གསལ་ལས་ཕྱི་དོན་མེད་པ་རྟོགས་པའི་བློ་ཡོད་པར་གསུང་པ་ཡང་དེ་ལ་དགོངས་པར་སྣང་སྙམ་སྟེ། སྤྱིར་ཐལ་འགྱུར་བས་ཕྱི་དོན་འདོད་པའི་ ཕྱིར། གྲུབ་མཐའ་རྩ་བར། ཐ་སྙད་དཔྱོད་བློས་མི་ཁེགས་མི་འགྲུབ་ཕྱིར། ། ཕྱི་དོན་ཡོད་དང་། ཞེས་སོ། །
 

          ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།