ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་གྱི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-23 12:09:40     རྩོམ་པ་པོ།   རེབ་ཚ་འཇམ་དབྱངས་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

            དྲི་གཞི་བཅུ་བདུན་པ། རྩ་བ་ལས། གྲུབ་མཐས་ཆོས་བདག་བཏགས་པ་ཡང་ལྷན་སྐྱེས་ཀྱིས་བཟུང་བའི་ཆོས་བདག་སྒྲུབ་པའི་དོན་ཡིན་པའི་ཕྱིར་དང་རིགས་པའི་དགག་བྱའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར་རོ། ། ཞེས་པའི་སྐབས་ཀྱི་གཙོ་ཕལ་གཉིས་ལ་སོ་སོར་གང་འཇོག རྒྱུ་མཚན་ཅི། ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་པ་ལ་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་མིན་ཇི་ལྟར་ཡིན།

                                                                                                                                ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ། རྔོག་རྒྱལ་མོ་དགོན།

              རྩ་བ་ལས། རིགས་པའི་དགག་བྱའི་གཙོ་བོ་ཡང་དེ་ཡིན་པའི་ཕྱིར། ཞེས་པའི་སྐབས་ཀྱི་གཙོ་ཕལ་གཉིས་ལ་གང་འཇོག་ཅེ་ན། དེ་ལ་རིགས་པའི་དགག་བྱ་ལ་གཉིས་ཡོད་པས། རིགས་པའི་དགག་བྱ་གཙོ་བོ་ལ་ཆོས་བདག་འཇོག་ལ། ཕལ་བ་ལ་ལམ་རིམ་ལས། ཕྱིན་ཅི་ལོག་གི་འཛིན་པ་རིགས་པའི་དགག་བྱར་བཞག་ཡོད་པ་ལྟར་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ལྟ་བུ་བཞག་ཆོག་ལ། དེ་དག་གཙོ་ཕལ་ཡིན་པའི་རྒྱུ་མཚན། ཆོས་ཀྱི་བདག་འཛིན་ཁེགས་པ་ལ་ངེས་པར་སྔོན་དུ་ཆོས་བདག་ཁེགས་དགོས་པས། ཆོས་བདག་ཏུ་གྲུབ་པ་དེ་མེད་པ་ཡིན་པར་མ་ཤེས་པར་དེ་ལྟར་གྲུབ་པར་འཛིན་པ་དེ་ཕྱིན་ཅི་ལོག་ཡིན་པར་མི་ཤེས་པའི་ཕྱིར་ཏེ། ལམ་རིམ་ཆེན་མོ་ལས། ཕྱིན་ཅི་ལོག་གི་ འཛིན་པ་ལ་དགག་བྱར་གསུངས་པ་དང་དེས་བཟུང་བའི་རང་བཞིན་ཡོད་པ་ལ་དགག་བྱར་མཛད་པ་གཉིས་ཡོད་དོ། ། འོན་ཀྱང་དགག་བྱའི་གཙོ་བོ་ནི་ཕྱི་མ་ཡིན་ཏེ། ཡུལ་ཅན་ཕྱིན་ཅི་ལོག་ལྡོག་པ་ལ་དེས་བཟུང་བའི་ཡུལ་ཐོག་མར་དགག་དགོས་པས་སོ་ཞེས་དང་། མེད་པ་ལ་མེད་པར་ངེས་ཤེས་བསྐྱེད་པ་སྟེ་མེད་པར་ངེས་པ་སྐྱེས་ན་ཡོད་པར་འཛིན་པའི་འཁྲུལ་ཤེས་ལྡོག་པ་ཡིན་ནོ། །

            ཞེས་གསུངས་པ་ལྟར་གྲུབ་མཐའི་ཁྱད་ཙམ་མ་གཏོགས་སྐབས་འདིར་ཡང་འདྲ་བའི་ཕྱིར་རོ། ། ཡང་ཆོས་ཀྱི་བདག་འཛིན་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་ན་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་སམ་ཞེ་ན། སྐབས་འདིར་ཆོས་ཀྱི་བདག་འཛིན་ལ་གཉིས་ཡོད་པས་དེ་གཉིས་ལ་ཕྲ་རགས་མེད་ཀྱང་རྟོགས་དཀའ་སླ་ཡོད་སྟབས་འདི་ལྟར་ཆ་ཕྱེ་དགོས་པར་སྙམ་སྟེ། གཟུགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་ན་ངེས་པར་གཟུང་འཛིན་ རྫས་གཞན་དུ་འཛིན་པའི་འཛིན་པ་ཁེགས་མི་དགོས་ལ། ཡང་འཛིན་ཚུལ་གཅིག་ལ་སྦྱར་ཏེ་གཟུགས་ཕྱི་དོན་དུ་གྲུབ་པར་འཛིན་པའི་འཛིན་པ་ཀུན་བཏགས་ཀྱི་ཞེན་ཡུལ་ཁེགས་ན་གཟུགས་ཕྱི་དོན་དུ་གྲུབ་པར་འཛིན་པའི་ འཛིན་པ་ལྷན་སྐྱེས་ཀྱི་ཞེན་ཡུལ་ཁེགས་དགོས་པར་སྙམ་སྟེ། འདིའི་འཛིན་པ་ཀུན་ལྷན་གཉིས་ཀའི་ཞེན་ཡུལ་མེད་པ་གཟུགས་ཀྱི་སྟོང་ཉིད་ཡིན་པས་ལྡོག་ཆ་ནས་ཕྱེ་ན་མ་གཏོགས་གཅིག་ཡིན་སྟབས། གཅིག་ཤེས་ཁེགས་ནས་གཅིག་མ་ཁེགས་པའི་གོ་སྐབས་མེད་པའི་ཕྱིར་སྙམ། འོན་ཀྱང་འདི་ལྟར་གང་ཟག་གི་བདག་འཛིན་ཀུན་ལྷན་ལ་སྦྱར་ན་དཔྱད་པར་བྱ་བ་འདི་ཡོད་དེ། ཐར་ལམ་གསལ་བྱེད་ལས། རྟགས་དེ་གཉིས་ལ་བརྟེན་ནས་ཀུན་བཏགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་རྣམ་པར་བཅད་པ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་འགྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་འགྲུབ་བོ། །

            ཞེས་གསུངས་པའི་གཞུང་གི་ཚིག་ཙམ་ལ་བརྟེན་པ་ཁ་ཅིག་གིས། སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བདག་མེད་གཉིས་ནི་ཀུན་བཏགས་ཀྱི་ཞེན་ཡུལ་བཀག་ཙམ་ཡིན་ཟེར། དེ་ནི་མི་འཐད་དེ། སྡུག་བདེན་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་མེད་པ་ཡང་འདིའི་ཁྱད་ཆོས་ཡིན་ལ། ཀུན་བཏགས་ཀྱི་མ་རིག་པ་འཁོར་བའི་རྩ་བ་མི་འཐད་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། ། བདེན་བཞིའི་རྣམ་བཞག་མཁས་པའི་དགའ་སྟོན་ལས། གཞན་ཡང་སྡུག་བསྔལ་བདེན་པའི་ཁྱད་ཆོས་ཀྱི་སྟོང་བདག་མེད་གཉིས་ཀུན་བཏགས་ཀྱི་ཞེན་ཡུལ་བཀག་ཙམ་ཁོ་ནར་བཤད་པ་མི་འཐད་དེ། འདི་གཉིས་བདག་མེད་རགས་པ་ཁོ་ནར་བཤད་ན་ཡང་མི་འཐད། འདིར་བསྟན་སྒྲོ་འདོགས་དེ་བློ་ཀུན་བཏགས་ཁོ་ནར་བཤད་ན་ཡང་མི་འཐད་པའི་ཕྱིར། དང་བོ་གྲུབ་སྟེ། འདིའི་སྟོང་བ་ལ་ཉོན་མོངས་པའི་དངོས་གཉེན་བར་ཆད་མེད་ ལམ་གྱི་འཛིན་སྟངས་སུ་བྱ་རྒྱུའི་བདག་མེད་ཅིག་ཡོང་ཞིང་། དེ་ལ་འཁོར་ བའི་རྩ་བར་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་ཙམ་ཞིག་དགོས་པའི་ཕྱིར་ཏེ། ཞེས་ཀུན་བཏུས་དར་ཊིཀ་དང་ཚད་མའི་བརྗེད་བྱང་སོགས་དྲངས་ཏེ་རྒྱས་པར་གསུངས་པ་དེའོ། ། འོ་ན་རང་ལུགས་ལ་ཐར་ལམ་གསལ་བྱེད་ཀྱི་ལུང་དེ་ཇི་ལྟར་འགྲེལ་ཞེ་ན། བདག་འཛིན་རགས་པ་བདག་འཛིན་མ་ ཡིན་པ་གཞིར་བཞག་བྱས་ཏེ་བཤད་ན། འཛིན་པ་ཀུན་བཏགས་ལ་ཕྲ་རགས་གཉིས་ཡོད་པས། འདིར་ཕྲ་མོའི་དབང་དུ་བྱས་ཏེ། དེའི་ཞེན་ཡུལ་རྣམ་པར་བཅད་པ་བདག་མེད་ཕྲ་མོ་ཡིན་པས་སྐྱོན་མེད་དོ། ། དེས་ན་བདག་འཛིན་ཀུན་ལྷན་གྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་གཉིས་སྒྲུབ་བྱེད་སོ་སོར་བཀོད་པ་ཅི་ཡིན་ཞེ་ན། བློ་ལྷན་སྐྱེས་ཀྱི་སྣང་ཚུལ་དེ་དཔྱད་ནས་རྣམ་པར་འཇོག་ན་འཐད་འཛིན་ཀུན་བཏགས་སུ་འགྲོ་བས། དེ་དག་འགོག་ཚུལ་སོ་སོར་ཡོད་པ་ཙམ་ལ་དགོངས་སམ་སྙམ་སྟེ་དཔྱད་དགོས་སོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།