བྱང་ས་དང་འདི་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤང་ཚུལ་གཅིག་གོ་ཞེས་པའི་དོན་ཅི་ཡིན་གྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-22 21:33:33     རྩོམ་པ་པོ།   བློ་བཟང་རབ་གསལ།     ཀློག་ཐེངས།  

76549972386228242.jpg

དྲི་གཞི་བཅོ་ལྔ་བ། བསྡུ་བ་ལས། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་ ཡོངས་སུ་གྲུབ་པ་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་འདོགས་པའི་མཐའ་ཡིན་པར་རིག་པར་བྱའོ། ། ཞེས་གཞན་དབང་ཡོངས་གྲུབ་གཉིས་དགག་བྱ་ཀུན་བཏགས་ཀྱི་ངོ་བོར་ཡོད་པར་འཛིན་པའི་བློ་སྒྲོ་འདོགས་སུ་དངོས་སུ་བསྟན་འདུག་ན། དེ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་ནམ་མིན། མིན་ན་རྩ་བ་ལས། བྱང་ས་དང་འདི་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤང་ཚུལ་གཅིག་གོ་ཞེས་པའི་དོན་ཇི་ལྟར་འགྲེལ།

                                                                                                                                                                                                       བློ་བཟང་རབ་གསལ། ཐར་ཤུལ་དགོན།

            བྱང་ས་དང་བསྡུ་བའི་དངོས་བསྟན་གྱི་སྒྲོ་འདོགས་དང་དེའི་མཐའ་གཅིག་མིན་དཔྱད་པ་ལ། བྱང་ས་ལས་གསུངས་ཚུལ་དང་། བསྡུ་བ་ལས་གསུངས་ཚུལ། འཕྲོས་ཏེ་ཅུང་ཟད་དཔྱད་པའོ། ། དང་བོ་ནི་བྱང་ས་ ལས། གཟུགས་ལ་སོགས་པའི་ཆོས་རྣམས་དང་། གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ཡོད་པ་མ་ཡིན་པ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་། ཞེས་བྱུང་། འདིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་འཛིན་རྟོག་པའི་ཞེན་ གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་སྒྲོ་འདོགས་སུ་དངོས་སུ་བསྟན་པས་ན། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་ གྲུབ་པར་འཛིན་པའི་བློ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན། གཉིས་པ་ནི། བསྡུ་བ་ལས། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པ་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་དེ་ནི་སྒྲོ་འདོགས་པའི་མཐའ་ཡིན་པར་རིག་པར་བྱའོ། །ཞེས་པ་ལྟར་གཞན་དབང་དང་ཡོངས་གྲུབ་གཉིས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་དམ་གནས་ཚོད་ཀྱིས་གྲུབ་པར་འཛིན་པའི་བློ་འདིའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན། གསུམ་པ་ཅུང་ཟད་འཕྲོས་ཏེ་དཔྱད་པ་ལ། བྱང་སའི་དངོས་བསྟན་གྱི་སྒྲོ་ འདོགས་ཆོས་ཀྱི་བདག་འཛིན་དངོས་མིན་ལ། བསྡུ་བའི་དངོས་བསྟན་གྱི་སྒྲོ་འདོགས་ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར།

            འོ་ན་རྩ་བ་ལས། བྱང་ས་དང་འདི་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤོང་ཚུལ་གཅིག་གོ ། ཞེས་པའི་ དོན་ཇི་ལྟར་འགྲེལ་ཞེ་ན། དྲང་ངེས་ལེགས་བཤད་སྙིང་བོའི་འཇུག་ངོགས་ལས། བསྡུ་བའི་མཐའ་གཉིས་སྤོང་ཚུལ་རེ་རེ་ནས་ཆོས་ཅན། བྱང་སའི་དེ་དང་གནད་གཅིག་སྟེ། དེ་གཉིས་ཀྱི་མཐའ་གཉིས་གནད་གཅིག་ལ། དེ་ལྟ་ན་སྤོང་ཚུལ་ཡང་གནད་གཅིག་དགོས་པའི་ཕྱིར། ཞེས་པ་ལྟར་བྱེད་དགོས་ལ། དེའི་རྒྱུ་མཚན་ཡང་བསྡུ་བ་དང་བྱང་ས་གཉིས་ཀའི་དངོས་བསྟན་གྱི་སྒྲོ་ འདོགས་ཀྱིས་སྒྲོ་བཏགས་པ་ལྟར་དུ་གྲུབ་ཚུལ་དེ་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་དང་། དེ་བཀག་པ་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ ཟིན་ལ་དངོས་ལ་གནོད་བྱེད་ཡིན་པར་གནད་གཅིག་པས་ཡིན་ལ། དེ་ཡང་བྱང་ས་དང་བསྡུ་བའི་དངོས་བསྟན་གྱི་སྒྲོ་འདོགས་ཀྱི་མཐའ་འགོག་ཡུལ་དང་འགོག་བྱེད་ཁེགས་ཚུལ་སོགས་ལ་ཁྱད་པར་མེད་པས་ཡིན་ཞེས་ཡོངས་སུ་ གྲགས་པ་ལྟར་ལགས་མོད། ད་དུང་འདི་ལྟར་དཔྱད་ཆོག་གམ་སྙམ་སྟེ། གཞན་དབང་ཡོངས་གྲུབ་གཉིས་རང་འཛིན་རྟོག་པའི་ཞེན་གཞིར་རང་ མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ་ཆོས་ཅན། ཁྱོད་འགོག་ཡུལ་གྱི་ཕྱོགས་སྔ་ཡིན་ན་བསྡུ་བའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་ཡིན་པས་ཁྱབ་པར་ཐལ། ཁྱོད་དེའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་ པའི་ཕྱིར། འདོད་ན།

            སློབ་དཔོན་ལེགས་ལྡན་འབྱེད་ཆོས་ཅན། དེར་ ཐལ། དེའི་ཕྱིར། མ་གྲུབ་ན། སློབ་དཔོན་ལེགས་ལྡན་འབྱེད་ཆོས་ཅན། གཞན་དབང་ཡོངས་གྲུབ་གཉིས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་ མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་འགོག་ཡུལ་གྱི་ཕྱོགས་སྔ་ཡིན་པར་ཐལ། དེ་འགོག་དགོས་ཀྱི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། སློབ་དཔོན་ལེགས་ལྡན་འབྱེད་ཆོས་ཅན། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་ཡིན་པར་ཐལ། བསྡུ་བའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་ཡིན་པ་གང་ཞིག དེ་གཉིས་ལ་ཁྱད་པར་མེད་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་ལ་རང་སྡེ་དང་གཞན་སྡེ་གཉིས་ལས་རང་སྡེ་ལ་ཉན་ཐོས་སྡེ་བས་ཁྱབ་པའི་ཕྱིར་ཏེ། དྲང་ངེས་རྩ་བ་ལས། འདི་ལྟར་འདི་འགོག་པར་བྱང་ས་ལས་ལུང་གིས་ཀྱང་བཀག་ཅིང་ གཞན་སྡེ་ལ་རང་གི་སྟོན་པའི་ལུང་གིས་འགོག་ཏུ་མི་རུང་བས་དགག་པའི་ ཡུལ་ལ་རང་སྡེ་ཡང་ཡོད་ལ། ངོ་བོ་ཉིད་མེད་པར་སྨྲ་བ་དང་རྣལ་འབྱོར་སྤྱོད་པའི་ཁྱད་པར་ལ་འགོག་པ་མིན་པས་ཉན་ཐོས་སྡེ་བ་འོ། ། ཞེས་གསུངས་པའི་ཕྱིར།
            ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ ༧ རྗེ་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་ཞལ་སྔ་ནས་ཀྱི་རྗེས་དྲན་དུ། མགོན་པོ་གང་གི་ཐུགས་བརྩེའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས་བའི་སློབ་བུའི་གྲལ་མཐར་འཁོད་པ་བློ་བཟང་རབ་གསལ་གྱིས་བྲིས་པ་དགེའོ། །
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                  རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།