བྱང་ས་དང་འདི་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤང་ཚུལ་གཅིག་གོ་ཞེས་པའི་དོན་ཅི་ཡིན་གྱི་ལན།༡
དྲི་གཞི་བཅོ་ལྔ་བ། བསྡུ་བ་ལས། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་ ཡོངས་སུ་གྲུབ་པ་ལ་ཀུན་བཏགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་འདོགས་པའི་མཐའ་ཡིན་པར་རིག་པར་བྱའོ། ། ཞེས་གཞན་དབང་ཡོངས་གྲུབ་གཉིས་དགག་བྱ་ཀུན་བཏགས་ཀྱི་ངོ་བོར་ཡོད་པར་འཛིན་པའི་བློ་སྒྲོ་འདོགས་སུ་དངོས་སུ་བསྟན་འདུག་ན། དེ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་ནམ་མིན། མིན་ན་རྩ་བ་ལས། བྱང་ས་དང་འདི་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤང་ཚུལ་གཅིག་གོ་ཞེས་པའི་དོན་ཇི་ལྟར་འགྲེལ།
སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར། བླ་བྲང་བཀྲ་ཤིས་འཁྱིལ།
རྩ་བར་དྲངས་པའི་བསྡུ་བ་ལས། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་སོགས་ཀྱིས། གཞན་དབང་དང་ཡོངས་གྲུབ་ལ་ངོ་བོ་དང་ ཁྱད་པར་དུ་ཀུན་བཏགས་པའི་ངོ་བོར་ཞེན་པ་ནི་སྒྲོ་འདོགས་སུ་དངོས་སུ་བསྟན་ལ། དེ་སྤྱིར་བསྟན་སྐབས་ཀྱི་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་མིན་ཀྱང་། རྩ་བར། བྱང་ས་དང་འདི་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤོང་ཚུལ་གཅིག་གོ་ཞེས་པ་ནི། འདི་དང་བྱང་སའི་དེ་གཉིས་གནད་གཅིག་ལ། དེ་ལྟ་ན་སྤོང་ཚུལ་ཡང་གནད་གཅིག་དགོས་པའི་ཕྱིར། དང་བོ་གྲུབ་སྟེ། ཆོས་གང་ལ་ཡང་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་དེར་གྲུབ་པ་བཀག་སྟེ་དེར་མ་གྲུབ་པ་དབུ་མའི་ལམ་དུ་འདི་བས་བསྒྲུབས་ཤིང་། དགག་བྱ་ཀུན་བཏགས་དེ་ཉིད་རང་མཚན་གྱིས་གྲུབ་ན་ཆོས་བདག་ཏུ་ཀུན་བཏགས་པ་དོན་ལ་གནས་དགོས་པས་སོ། ། སྙམ་མོ། ། དེའི་ཕྱིར་རྩ་བར་བྱང་སའི་རྗེས་སུ་བསྡུ་བའི་བཤད་ཚུལ་བཀོད་པ་ཡང་། བྱང་སར་བཤད་པ་དེ་ཉིད་གཞན་དུ་དྲང་མི་རུང་བར་སྒྲུབ་པའི་རྒྱབ་རྟེན་ཏུ་གསུངས་པ་སོགས་ཀྱི་ཕྱིར་རོ། ། བཤད་ཚུལ་གཞན་ཡང་བྱས་ཆོག་གམ་སྙམ་ཡང་མང་གིས་དོགས་ནས་མ་བྲིས་ཏེ། བློ་གྲོས་གསལ་བ་རྣམས་ཀྱིས་དཔྱད་པར་བྱའོ།།
མཇུག་ཏུ་ཞུ་རྒྱུ་ཞིག་ལ། དེ་ཡང་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ལྷ་རམས་པ་བློ་ བཟང་དགེ་འདུན་མཆོག་རྗེས་དྲན་གྱི་དེབ་ཅིག་ཕུད་རྩིས་ཀྱིས། དྲང་ངེས་ལས་བརྩམས་པའི་དྲི་བ་ཉི་ཤུ་བཀོད་དེ་ལན་གྱི་སྐུལ་མ་བྱུང་བར། འདི་ལྟ་བུའི་སྒོ་ནས་རྗེས་དྲན་ཞུ་བ་ནི། ཞི་བར་གཤེགས་པའི་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་མཛད་པ་གཙོ་བོ་དང་རྗེས་སུ་མཐུན་པས་དོན་ཡོད་པར་བསམ་སྟེ་འབད་པས་བྲིས་པ་ཡིན་ཀྱང་། སྤྱིར་རང་ ཉིད་སྐྱེས་སྦྱངས་ཀྱི་ཡོན་ཏན་དམན་པའི་ཁར་དྲི་ལན་འབྲི་བའི་དུས་ཚོད་ཧ་ཅང་ཐུང་དྲག་པས། དྲི་བ་མང་བོ་ཞིག་ལ་ལན་འབྲི་ཁོམ་མ་བྱུང་ཞིང་། བྲིས་པའི་ལན་རྣམས་ལའང་བསྐྱར་བཤུ་བྱེད་ཁོམ་ཙམ་ཡང་མ་བྱུང་བར་དགོངས་འགལ་མེད་པ་ཞུ། ཞེས་སྒོ་མང་སྤྲུལ་མིང་བ་འོད་ཟེར་རྒྱ་མཚོས་ཕུལ་བ་དགེ ། ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn