བརྗོད་མེད་ཀྱི་སྔོན་པོ་དང་སྔོན་པོ་འཆར་ཚུལ་ལ་ཁྱད་པར་ཅི་ཡོད་ཀྱི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-22 21:16:28     རྩོམ་པ་པོ།   སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར།    ཀློག་ཐེངས།  

              76549972386228242.jpg

            དྲི་གཞི་བཅུ་བཞི་བ །མཆན་ལས། འོན་ཀྱང་ཀུན་མཁྱེན་འཇམ་དབྱངས་ བཞད་པ་རང་ཉིད་ཀྱི་དགོངས་པ་ནི་བརྗོད་དུ་མེད་པའི་དངོས་པོའི་དོན། དོན་དམ་པར་སྒྲ་རྟོག་གི་ཡུལ་མ་ཡིན་པ་ལ་བྱེད་པར་མངོན་དེ། ཞེས་གསུངས་པ་ལྟར། བརྗོད་མེད་ཀྱི་སྔོན་པོ་ནི། དོན་དམ་པར་སྒྲ་རྟོག་གི་ཡུལ་དུ་མ་གྲུབ་པའི་སྔོན་པོ་ལ་བྱེད་ན། བརྗོད་མེད་ཀྱི་སྔོན་པོ་དང་སྔོན་པོ་འཆར་ཚུལ་ལ་ཁྱད་པར་ཅི་ཡོད་སོགས་ལུང་རིགས་ཀྱིས་ཇི་ལྟར་དཔྱད།

                                                                                                                                                                                               སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར། བླ་བྲང་བཀྲ་ཤིས་འཁྱིལ།

            ཀུན་མཁྱེན་རང་གི་དགོངས་པ་ནི། འཇུག་པར། སེམས་ཙམ་པའི་འདོད་པ་བརྗོད་པའི་སྐབས་སུ། ཕྱི་རོལ་བཟུང་བ་མེད་པར་འབྱུང་ འགྱུར་ལ། ། ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། ། ཅེས་པའི་ ཁྱད་ཆོས་གསུམ་དང་བྱང་སའི་འདི་གསུམ་སྦྱར་ཞིང་། དོན་དམ་པར་སྒྲ་རྟོག་གི་ཡུལ་མིན་ཚུལ་ལྷ་ས་ལྟ་བུ་གཞན་གྱིས་བརྗོད་ཚེ་བློ་ངོར་འཆར་རྒྱུ་ཞིག་ཡོད་པ་དེ་སྒྲ་སྤྱི་ཡིན་གྱི་དོན་དེ་དངོས་ཤར་བ་མིན་ལ། ཁོ་རང་འཛིན་པའི་རྟོག་ངོའི་སྣང་ཆ་དེ་དོན་སྤྱི་ཡིན་གྱི་དོན་དངོས་མིན་ཏེ། ཡིན་ན་མིག་ཤེས་ཀྱིས་མཐོང་བ་ལྟར་རྩི་ཤིང་སོགས་ཀྱང་འཆར་དགོས་པ་ལ་མི་སྣང་བའི་ཕྱིར། དེའི་ཕྱིར་སྔོན་པོ་ལྟ་བུ་དོན་དམ་པར་སྒྲས་བརྗོད་དུ་མེད་པའི་དོན་དེ་ཡིན་ལ།

            དེ་ཡང་སྒྲ་རྟོག་གིས་ཇི་ལྟ་བ་བཞིན་དུ་བརྗོད་དུ་མེད་དེ། རང་ཅག་རྣམས་ཀྱིས་ངས་སྔོན་པོ་མཐོང་ཞེས་བརྡ་སྦྱོར་ས་དེ་སྔོན་པོ་དངོས་མ་ཡིན་པས་མིང་ཅན་ཞེས་བཤད་པའི་ཕྱིར། རང་ཅག་གིས་འདི་མཐོང་དེ་མཐོང་ཞེས་བརྗོད་རྒྱུ་ནི་སྣང་ཆ་རང་ལ་ཤར་ཚོད་ཙམ་པོ་དེ་ཡིན་ལ། སྣང་ཆ་ཀུན་བཏགས་དེ་ནི་དོན་སྤྱི་ལས་ཆེས་ཕྲ་བའི་ཚུལ་མཆན་ལས་གསུངས་ཤིང་། དེ་འདྲའི་སྣང་ཆ་ཀུན་བཏགས་དེ་སྣང་བས་སྔོན་པོ་སྣང་བར་འཇོག་ཀྱང་སྔོན་པོ་དངོས་གནས་པ་དང་བརྗོད་མེད་ཀྱི་སྔོན་པོ་སྣང་མི་ཟེར་རམ་སྙམ། སྔོན་པོ་དངོས་གནས་པ་དངོས་སུ་རྟོགས་པའི་སེམས་ཅན་གྱི་ཤེས་པ་ཡོད་མེད་དང་། ཕལ་བའི་ མིག་ཤེས་ལ་གཟུགས་དངོས་གནས་པ་མི་འཆར་བ་ལྟར། ལུས་ཤེས་ལ་རེག་བྱ་དངོས་གནས་པ་འཆར་མི་འཆར་སོགས་རིགས་ལམ་ཕྲ་མོས་དཔྱད་ན་ཐག་ཆོད་པའི་ཁས་ལེན་འཛིན་བདེ་བ་ཞིག་ཡོང་དཀའ་འོ། །
 

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།