བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་གྱི་ལན།༤
དྲི་གཞི་བཅུ་གསུམ་པ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་དང་དེའི་དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་ཕྱོགས་སྔ་གཉིས་ལ་སོ་སོར་གང་འཇོག དེ་གཉིས་འགལ་ལམ་མི་འགལ། བྱང་སའི་དངོས་ བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་ཇི་ལྟར་ཡིན།
གུང་བྱམས་པ་ཆོས་ལྡན། འབྲས་སྤུངས་སྒོ་མང་།
བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་དང་དེའི་དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་གྱི་ཕྱོགས་སྔ་གཉིས་ལས། དང་བོ་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་ལ་ལུང་གིས་འགོག་ཡུལ་དང་ རིགས་པས་འགོག་ཡུལ་གཉིས་ཡོད་པ་ལས་ལུང་གིས་འགོག་ཡུལ་ལ་རང་སྡེ་ཉན་ཐོས་སྡེ་བ་དང་རིགས་པས་འགོག་ཡུལ་ལ་རང་གཞན་གྱི་སྡེ་བ་གཉིས་ཀ་ཡོད་དོ། ། དེའི་དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་གྱི་ཕྱོགས་སྔ་ལ་ ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅེས་སྨྲ་བའི་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་འཇོག
དེ་གཉིས་འགལ་བ་ཁོ་ན་ཡིན་ཏེ། སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔར་གྱུར་བའི་རང་སྡེ་ལ་ཉན་ཐོས་སྡེ་བས་ཁྱབ་པ་གང་ཞིག སྐུར་འདེབས་འགོག་ཡུལ་ཕྱོགས་སྔ་ལ་ངོ་བོ་ཉིད་མེད་པར་སྨྲ་བས་ཁྱབ་པའི་ཕྱིར། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་དགོས་པ་སྔོན་གྱི་མཁས་པ་མང་བོ་ཞིག་འདོད་དེ། ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཆོས་བདག་ཏུ་ཁས་བླངས་ནས་འདིར་བྱང་སའི་དོན་འཆད་པའི་ཚེ་གོང་དུ་ཚིག་གིས་བཏགས་པའི་ངོ་བོ་ཉིད་གཟུགས་ལ་སོགས་པ་ཚིག་གིས་ བཏགས་པའི་གཞི་དེ་ཉིད་རང་མཚན་གྱིས་ཡོད་པར་ཞེན་པ་ལ་བྱས་ནས་ དོན་བསྡུས་ཚེ་སྤྱིར་ཀུན་བཏགས་དོན་དམ་དུ་ཡོད་པར་ཞེན་པ་ལ་གསུངས་མོད་ཀྱང་རང་ལུགས་ལ་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་མི་དགོས་ཏེ། མཆན་ལས། མཐའ་གཉིས་སྤྱིར་བསྟན་པའི་དེ་ལ་ཀུན་བཏགས་རང་མཚན་གྱིས་གྲུབ་པ་ཡོང་ཞིང་སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་ པའི་སྐབས་ཀྱི་སྒྲོ་འདོགས་ཀྱི་མཐའ་ལ་ཡང་ཡོང་ཆོག་མོད་འོན་ཀྱང་ཆོས་ བདག་དངོས་ཡིན་མི་དགོས་ཏེ། ཞེས་དང་།
ཡང་དེ་ཉིད་ལས་འདིར་ཐུན་མོང་དུ་བཀག་པ་ནི་སྔར་བཤད་པ་ལྟར་ཀུན་བཏགས་རང་མཚན་གྱིས་གྲུབ་པ་དང་ཆོས་བདག་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་དགོས་པའི་རིགས་པའི་འཕུལ་ཡིན་པས་རིགས་པའི་འཕུལ་དང་དངོས་ཀྱི་ཁས་ བླངས་གཉིས་ཁྱད་ཕྱེད་པ་གལ་ཆེའོ་ཞེས་གསུངས་པའི་ཕྱིར།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn