བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་གྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-10-08 21:55:04     རྩོམ་པ་པོ།   སྒོ་མང་སྤྲུལ་སྐུ་ལ་མོ་འོད་    ཀློག་ཐེངས།  

76549972386228242.jpg

               དྲི་གཞི་བཅུ་གསུམ་པ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་དང་དེའི་དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་ཕྱོགས་སྔ་གཉིས་ལ་སོ་སོར་གང་འཇོག དེ་གཉིས་འགལ་ལམ་མི་འགལ། བྱང་སའི་དངོས་ བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་ཇི་ལྟར་ཡིན།

                                                                                                                                                                                                    སྒོ་མང་སྤྲུལ་སྐུ་ལ་མོ་འོད་ཟེར། བླ་བྲང་བཀྲ་ཤིས་འཁྱིལ།

                བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་ཁས་ལེན་པའི་སྟེང་ནས་བདེན་གྲུབ་ཀྱི་ཁས་ལེན་ཡོད་པ་དགོས་པས་ལེགས་ལྡན་སོགས་དེ་མིན་ལ། མདོ་སྡེ་བས་ཡོངས་གྲུབ་བདེན་མེད་དུ་འདོད་ཀྱང་བྱང་སའི་ དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་མིན་པས་དེའི་ཕྱོགས་སྔ་མིན་ཏེ། བྱང་ས་ལས། གང་ཟག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ནས། འདི་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཡིན་ནོ། ། སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ། ། ཞེས་དེ་ལྟར་ལྟ་ཞིང་། དེ་སྐད་སྨྲའོ། ། ཞེས་སོ། །

              དེས་ན། མ་ཟིན་པ་ནི་ཉན་ཐོས་སྡེ་བ་སོགས་ཀྱིས་སྒྲུབ་ཚོད་མ་ཟིན་པར་སྒྲོ་འདོགས་ཀྱི་མཐར་ལྟུང་ཞིང་། ཐལ་རང་གཉིས་ཀྱིས་དགག་ཚོད་མ་ཟིན་པར་སྐུར་འདེབས་ཀྱི་མཐར་ལྟུང་ བར་བཤད་དོ། ། བྱང་ས་ལས། གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པ་ལ་སྒྲོ་ བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་། ཞེས་པའི་དངོས་པོ་ལ་ཡན་ཆད་ཀྱིས་ཀུན་བཏགས་ཀྱི་གདགས་གཞི་དང་འདོགས་པའི་ཚིག་གི་ངོ་བོ་ཉིད་ནི་ཚིག་གིས་བཏགས་པའི་ངོ་བོ་ཉིད་དེ་ཀུན་བཏགས་ཡིན་ལ་དེ་སྐབས་འདིའི་སྒྲོ་འདོགས་ཀྱི་གཞི་དང་། དེ་མན་ཆད་ཀྱིས་སྒྲོ་འདོགས་ཚུལ་བསྟན་ལ། དེ་ཡང་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་མཚན་ནམ་དོན་དམ་པར་གྲུབ་པར་འཛིན་པ་ཡིན་ཀྱང་། དེའི་ཞེན་ ཡུལ་དང་སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་འགོག་པའི་སྐབས་ཀྱི་ཆོས་བདག་གཉིས་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་ཡིན་དགོས་པས། རྩ་བར། ཞིབ་ཏུ་འཆད་པར་འགྱུར་རོ། ། གསུངས་པ་ཡིན་པས་གོང་འོག་ལ་ཁྱད་པར་འབྱེད་དགོས་སམ་སྙམ། གོང་གི་དེ་དག་ལས་འཕྲོས་ཏེ་ཅུང་ཟད་སྤྲོ་ན།

            བྱེ་མདོ་གཉིས་ཆོས་ཅན། སྐབས་འདིའི་སྐུར་འདེབས་འགོག་ཡུལ་གྱི་ཕྱོགས་སྔ་ཡིན་པར་ཐལ། སྔ་མས་བུམ་པ་དང་ཆུ་སོགས་དོན་དམ་པར་མ་ གྲུབ་པར་ཁས་ལེན། ཕྱི་མས་ཡོངས་གྲུབ་དོན་དམ་པར་མ་གྲུབ་པར་འདོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་གཉིས་སྐབས་འདིའི་སྐུར་འདེབས་སྨྲ་བ་བོ་ཡིན་ཀྱང་། བྱང་སའི་དངོས་བསྟན་གྱི་སྐུར་འདེབས་འགོག་པའི་ཕྱོགས་སྔ་སྨྲ་བ་བོ་ལ་ཆོས་ཐམས་ཅད་ལ་རེ་རེ་ནས་བཀར་ཏེ་དོན་དམ་པར་མེད་པར་འདོད་པ་གཅིག་དགོས་པའི་ཕྱིར། སྒྲོ་འདོགས་ལུང་གིས་འགོག་ཡུལ་གྱི་རང་སྡེ་ལ་ཐལ་རང་སུ་ཡང་མེད་དེ། ཐལ་འགྱུར་བས་ཕྱི་དོན་ཁས་ལེན་ཀྱང་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་གཏན་མི་བཞེད་པ་ དང་། དེས་ཕྱི་དོན་ཁས་ལེན་པའི་རྒྱུ་མཚན་ཡང་། ཕྱི་དོན་དུ་སྣང་ཙམ་པོ་དེ་ཉིད་ཕྱི་དོན་དུ་འདོད་ཅིང་། སྣང་ཙམ་པོ་དེར་ཐ་སྙད་ཚད་མས་གནོད་པ་འདི་བས་ཀྱང་མ་བརྗོད་ཅིང་དོན་དུ་ཡང་མི་འཇུག་པའི་གནད་ཀྱིས་ཡིན་ལ། ལེགས་ལྡན་མི་ཡོང་བའི་རྒྱུ་མཚན་བྲིས་ཟིན་པ་ལྟར་རོ། ། མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པའི་སྒྲོ་འདོགས་ཀྱི་མཐའ་དང་བྱེ་བྲག་ཏུ་འགོག་པའི་སྒྲོ་འདོགས་ཀྱི་མཐའ་ལ་མུ་བཞིའི་སྒོ་ནས་ཀྱང་བརྒལ་བརྟག་བྱེད་པར་འོས་སོ། །
 

              ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                     རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།