བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་གྱི་ལན།༡
དྲི་གཞི་བཅུ་གསུམ་པ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔ་དང་དེའི་དངོས་བསྟན་གྱི་སྐུར་འདེབས་འགོག་ཡུལ་ཕྱོགས་སྔ་གཉིས་ལ་སོ་སོར་གང་འཇོག དེ་གཉིས་འགལ་ལམ་མི་འགལ། བྱང་སའི་དངོས་ བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་འཇོག་མིན་ཇི་ལྟར་ཡིན།
ལྷ་རམས་པ་བསམ་འཇིགས་མེད་བསྟན་འཛིན། འབྲས་སྤུངས་སྒོ་མང་།
བློ་གྲོས་འདབ་བཟང་ཁོ་ལག་ཕྱོགས་རྫོགས་ཤིང་། །
དགེ་ལེགས་འདུན་ལྡན་ལུང་རིགས་དྲི་བསུང་གིས། །
རིང་ནས་བསྐྱངས་པའི་མཚན་ལྡན་དགེ་བའི་བཤེས། །
ཚེ་རབས་ཕྲེང་བར་མི་འབྲལ་སྐྱབས་སུ་བསྟེན། །
ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། དྲང་ངེས་ཀྱི་གཞུང་ལ་བག་ཆགས་རེ་འཇོག་ཕྱིར་དུ་བྱང་སའི་སྒྲོ་སྐུར་སྐོར་རང་ལ་ཤར་ཚོད་ཙམ་བརྗོད་པར་བྱ་བ་ལ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་དང་། སྐུར་འདེབས་ནི་གང་ཡིན་ཞེ་ན། གཟུགས་གྱི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་ བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་དང་། ཁྱད་ཆོས་གསུམ་ལྡན་གྱི་གཞན་དབང་དོན་དམ་པར་མ་གྲུབ་པར་འཛིན་པའི་འཛིན་པ་བྱང་སའི་དངོས་བསྟན་གྱི་སྐུར་འདེབས་ལ་བཞག་སྟེ། དེ་ཡང་ལེགས་བཤད་སྙིང་བོ་ལས། དེ་གཉིས་ནི་བྱང་ས་ལས། གཟུགས་ལ་སོགས་པའི་ཆོས་རྣམས་དང་། ཞེས་པ་ནས་ཐམས་ཅད་དུ་མེད་དོ་ཞེས་སྐུར་བ་འདེབས་ཤིང་། ཞེས་དང་། དྲང་ངེས་མཆན་དང་། དྲང་ངེས་བློ་གསལ་མགྲིན་རྒྱན་སོགས་སུ་ཡང་གསལ་ལོ། ། དྲང་ངེས་རྩ་བ་དང་མཆན་སོགས་གཞུང་མང་བོར་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་སུ་གསུངས་ཀྱང་། དེ་ནི་ཀུན་བཏགས་སྤྱི་ཙམ་ལ་བཤད་པ་མ་ཡིན་པར་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ལ་བྱེད་དགོས་པའི་ཕྱིར་ཏེ། རྒྱལ་དབང་དཀའ་འགྲེལ་ལས། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་ཚུལ་ཡོད་དེ། འདི་ནི་གཟུགས་སོ་ཞེས་ངོ་བོ་དང་འདི་ནི་གཟུགས་ཀྱི་སྐྱེ་བའོ་ཞེས་ཁྱད་པར་ལ་ཀུན་བཏགས་པའི་ཚིག་གི་འཇུག་གཞིར་གཟུགས་སོགས་ངོ་བོ་ཉིད་ཀྱིས་རང་གི་མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་དེ་ལྟར་གྲུབ་པར་མངོན་པར་ཞེན་པ་གང་ཡིན་པ་དེ་ལ་འདོད་པའི་ཕྱིར། ཞེས་དང་།
བྱང་ས་ལས། གཟུགས་ལ་སོགས་པའི་ཆོས་རྣམས་དང་གཟུགས་ལ་སོགས་པའི་དངོས་པོ་ལ་ཞེས་པ་ནས་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་ཞེས་དང་། བློ་གསལ་ མགྲིན་རྒྱན་ལས། དེའི་དོན་ནི། གཟུགས་སོགས་འདུས་བྱས་ཀྱི་ཆོས་རྣམས་ངོ་བོ་དང་ཁྱད་པར་ཏུ་ཀུན་བཏགས་པའི་ཚིག་གི་གཞིར་ཞེས་པ་ནས། དེ་ ལྟར་ཞེན་པའི་བློ་ཞིག་ལ་འདོད་པའི་ཕྱིར། ཞེས་སོགས་ཀྱི་གཞུང་དག་གིས་འགྲུབ་ལ། རིགས་པས་ཀྱང་མི་འཐད་དེ། ཀུན་བཏགས་རང་མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་མ་ཡིན་པར་ཐལ། དེའི་དངོས་བསྟན་གྱི་སྒྲོ་འདོགས་ཀྱི་མཐའ་ལ་གནས་པའི་དོན་སྨྲ་སྡེ་གཉིས་ཀྱིས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པའི་ཕྱིར་ཏེ། ཀུན་བཏགས་རྟོག་པའི་བཏགས་ཙམ་དུ་རྟོགས་པའི་ཕྱིར་ཏེ། ཀུན་བཏགས་ཀུན་བཏགས་ཡིན་པར་རྟོགས་པ་དྲང་ངེས་ཆེན་མོ་ དང་དཀའ་འགྲེལ་སོགས་སུ་གསལ་བའི་ཕྱིར་རོ། ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་དང་བྱང་སའི་དངོས་སུ་བསྟན་པའི་སྒྲོ་འདོགས་གཉིས་ལ་ཁྱད་པར་ཡོད་ལ། བྱང་སའི་དངོས་བསྟན་གྱི་སྐུར་འདེབས་དང་བྱང་སའི་དངོས་སུ་བསྟན་པའི་སྐུར་འདེབས་ལ་ཡང་ཁྱད་པར་ཡོད་དོ། ། གཟུགས་ཀྱི་ངོ་བོ་ དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དོན་དམ་པར་གྲུབ་པར་ འཛིན་པའི་འཛིན་པ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་ཀྱང་བྱང་ སའི་དངོས་སུ་བསྟན་པའི་སྒྲོ་འདོགས་མ་ཡིན། གཞན་དབང་རང་མཚན་གྱིས་མ་གྲུབ་པར་འཛིན་པའི་འཛིན་པ་དེ་བྱང་སའི་དངོས་བསྟན་གྱི་སྐུར་འདེབས་ཡིན་ཀྱང་བྱང་སའི་དངོས་སུ་བསྟན་པའི་སྐུར་འདེབས་མ་ཡིན་པའི་ཕྱིར་ཏེ། དྲང་ངེས་རྩ་བ་ལས། སྐབས་འདིར་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པ་ལ་སྒྲོ་འདོགས་སུ་གསུངས་ཀྱིས། དེ་དོན་དམ་པར་ཡོད་པར་འཛིན་པ་ཚིག་གིས་གསལ་བར་མ་བསྟན་ཀྱང་རང་གི་མཚན་ཉིད་ཀྱིས་ཡོད་ན་དོན་དམ་པར་ཡོད་པ་གཞུང་གི་དོན་ཡིན་པས་ཀུན་ བཏགས་དོན་དམ་པར་ཡོད་པ་སྒྲོ་འདོགས་སུ་འགྲོ་བའི་ཕྱོགས་སོ། ། ཞེས་ དང་།
དྲང་ངེས་མཆན་ལས། ཀུན་བཏགས་རང་མཚན་གྱིས་གྲུབ་པར་ལྟ་ བ་སྒྲོ་འདོགས་སུ་དངོས་སུ་བཤད་ནས་དོན་དམ་པར་གྲུབ་པར་ལྟ་བ་སྒྲོ་འདོགས་སུ་ཤུགས་ལ་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། ཞེས་དང་། དྲང་ངེས་ཆེན་མོ་ལས་ཀྱང་དེ་ལྟར་གསུངས་སོ། ། དྲང་ངེས་མཆན་ལས། གཞན་ དབང་རང་མཚན་གྱིས་མ་གྲུབ་པར་འཛིན་པ་དེ་གཞན་དབང་དོན་དམ་པར་མ་གྲུབ་པར་འཛིན་པ་ཡིན་པས་བྱང་སའི་དངོས་བསྟན་གྱི་སྐུར་འདེབས་ཡིན་ཀྱང་བྱང་སས་དེ་དངོས་སུ་སྐུར་འདེབས་སུ་བཤད་མི་དགོས་སམ་སྙམ་སྟེ་ བརྟག་པར་བྱའོ་ཞེས་སོགས་གཞུང་མང་པོས་འགྲུབ་བོ། ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་དང་སྐུར་འདེབས་འགོག་ཡུལ་གྱི་ཕྱོགས་སྔ་གང་ཡིན། དེ་གཉིས་འགལ་མི་འགལ་ཞེ་ན། བྱང་སའི་སྐབས་འདིར་སྒྲོ་འདོགས་ལུང་རིགས་གཉིས་ཀྱིས་བཀག་པས། རིགས་པས་འགོག་ཡུལ་ལ་རང་སྡེ་དོན་སྨྲ་ དང་གཞན་སྡེ་གཉིས་ཡོད་ལ། ལུང་གིས་འགོག་ཡུལ་ལ་རང་སྡེ་དོན་སྨྲ་སྡེ་གཉིས་པོ་གང་རུང་ཞིག་དགོས་ཏེ། དྲང་ངེས་རྩ་བ་ལས། དགག་པའི་ཡུལ་ལ་རང་སྡེ་ཡང་ཡོད་ལ། ངོ་བོ་ཉིད་མེད་པར་སྨྲ་བ་དང་། རྣལ་འབྱོར་སྤྱོད་པའི་ཁྱད་པར་ལ་འགོག་པ་མིན་པས་ཉན་ཐོས་སྡེ་བའོ། ། ཞེས་དང་། དྲང་ངེས་ཆེན་མོ་ལས། བྱང་སར་སྒྲོ་འདོགས་ལུང་རིགས་གཉིས་ཀྱིས་བཀག་པ་ལས། ལུང་གི་འགོག་ཡུལ་ལ་རང་སྡེའི་ཁྱབ་ཅིང་། སེམས་ཙམ་པ་ཡན་ཆད་མ་ཡིན་པས་ཉན་ཐོས་སྡེ་བས་ཁྱབ་ཅེས་པའི་དོན་ཡིན་པའི་ཕྱིར། ཞེས་དང་། བློ་ གསལ་མགྲིན་རྒྱན་ལས། དེས་ན་སྐབས་འདིར་སྒྲོ་འདོགས་རིགས་པས་འགོག་ཡུལ་ལ་རང་གཞན་གྱི་སྡེ་བ་གཉིས་ཀ་ཡོད། ལུང་གིས་འགོག་ཡུལ་ལ་ཉན་ ཐོས་སྡེ་པས་ཁྱབ་པའི་ཕྱིར། དེར་ཐལ། སྐབས་འདིར་སྒྲོ་འདོགས་འགོག་ཡུལ་གྱི་རང་སྡེ་ལ་ཉན་ཐོས་སྡེ་བས་ཁྱབ་སྟེ། ཞེས་སོགས་གསུངས་སོ། ། བྱང་སའི་སྐབས་འདིར་སྒྲོ་འདོགས་ལུང་གིས་འགོག་ཡུལ་ལ་ཉན་ཐོས་སྡེ་བ་དགོས་པ་ཡང་། ལུང་ལ་དགོངས་འགྲེལ་སོགས་མ་དྲངས་པར་ཉན་ཐོས་སྡེ་བ་རང་ལ་གྲགས་པའི་ལུང་། སྲིད་པ་འཕོ་བའི་མདོ། དོན་གྱི་སྡེ་ཚན་གྱི་མདོ། སྡུམ་བྱེད་ཀཏྱ་ནའི་བུ་ལས་བརྩམས་པའི་མདོ་གསུམ་གྱིས་བཀག་པས་ཤེས་སོ། །
བྱང་སའི་སྐབས་འདིར་སྒྲོ་འདོགས་ལུང་གིས་འགོག་ཡུལ་དང་། སྒྲོ་འདོགས་ལུང་གི་འགོག་ཡུལ་ལ་ཁྱད་པར་ཡོད་དེ། བློ་གསལ་མགྲིན་རྒྱན་ལས། ཁ་ཅིག་གིས། སྒྲོ་འདོགས་ལུང་གིས་འགོག་ཡུལ་ལ་གཞན་སྡེ་མེད་པར་ཐལ། བྱང་སའི་སྐབས་འདིར་སྒྲོ་འདོགས་ལུང་གིས་འགོག་ཡུལ་ལ་གཞན་སྡེ་མེད་ པའི་ཕྱིར་ན་མ་ཁྱབ་སྙམ། རྟགས་གྲུབ་སྟེ། སྐབས་འདིར་ལུང་གིས་འགོག་པ་ན་རང་རེའི་སྟོན་པའི་ལུང་དངོས་སུ་བཀོད་ནས་འགོག་དགོས་པ་གང་ཞིག གཞན་སྡེ་ལ་རང་གི་སྟོན་པའི་ལུང་དངོས་སུ་བཀོད་ནས་བཀག་པ་ལ་རྒྱུ་མཚན་མེད་པའི་ཕྱིར། དེར་ཐལ། གཞན་སྡེ་དེ་རང་གི་སྟོན་པའི་ལུང་ལ་ཡིད་ཆེས་མེད་པའི་ཕྱིར། ཁྱབ་སྟེ། ལུང་དངོས་སུ་བཀོད་པའི་རྒྱུ་མཚན་ནི་ཁུངས་ཡོད་པར་ཡིད་ཆེས་པའི་ཕྱིར་དུ་ལུང་བཀོད་དགོས་པ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྤྱིར་སྒྲོ་འདོགས་ལུང་གིས་འགོག་ཡུལ་ལ་གཞན་སྡེ་ཡོད་པའི་ཕྱིར། དེར་ཐལ། ལུང་གིས་སྒྲོ་འདོགས་འགོག་པའི་ཚེ་ལུང་ དངོས་སུ་བཀོད་དགོས་པའི་ངེས་པ་མེད་པའི་ཕྱིར། དེར་ཐལ། གཞན་སྡེ་ལ་སྒྲོ་འདོགས་འགོག་པའི་རིགས་པ་ཡང་དག་ཅིག་ཡོད་པ་གང་ཞིག་རིགས་པ་དེ་ལུང་དང་བྲལ་བའི་རིགས་པ་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། །
བྱང་སའི་སྐབས་འདིར་སྐུར་འདེབས་འགོག་ཡུལ་ལ་གཞན་སྡེ་མེད་ཀྱང་རང་སྡེ་ལ་ངོ་བོ་ཉིད་མེད་པར་སྨྲ་བ་ཞིག་དགོས་པའི་ཕྱིར། དྲང་ངེས་རྩ་བ་ལས། དེ་ལ་འདིར་སྐུར་འདེབས་འགོག་པའི་ཕྱོགས་སྔ་ཁས་ལེན་མཁན་ནི་གཞན་སྡེ་འོང་དོན་མེད་ལ་རང་སྡེ་ཡང་ཞེས་པ་ནས་དེས་ན་བསྡུ་བ་ལས་བཤད་པ་ལྟར་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་ཡིན་ལ། དེ་ཡང་ཆོས་རྣམས་རང་གི་མཚན་ ཉིད་ཀྱིས་མ་གྲུབ་ཅེས་སྨྲ་བའི་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་སོ། ། ཞེས་དང་། དྲང་ངེས་ཆེན་མོ་ལས། རྩ་བར་འདོད་མི་ནུས་ཏེ། སྐུར་འདེབས་ཀྱི་སྐབས་འདིའི་ཕྱོགས་སྔ་སྨྲ་བ་བོ་ལ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་བོས་ཁྱབ་པའི་ཕྱིར། དེར་ཐལ། དེ་ལ་ངོ་བོ་ཉིད་མེད་པར་སྨྲ་བ་ཐལ་རང་གཉིས་གང་རུང་གིས་ཁྱབ་པའི་ཕྱིར། ཞེས་དང་། ཡང་དེ་ཉིད་ལས། བྱས་པ་ལ་ཁོ་ན་རེ། ཐལ་འགྱུར་བ་ཆོས་ཅན། སྐབས་འདིའི་སྐུར་འདེབས་འགོག་པའི་ཕྱོགས་སྔ་སྨྲ་བ་བོ་མ་ཡིན་ཐལ། སྐབས་འདིའི་སྒྲོ་འདོགས་འགོག་པའི་ཕྱོགས་སྔ་སྨྲ་བ་བོ་ཡིན་པའི་ཕྱིར་ཏེ། ཕྱི་དོན་ཁས་ལེན་པའི་ཕྱིར་ན་མ་ཁྱབ། ཅེས་དང་། བློ་གསལ་མགྲིན་རྒྱན་ལས། རྩ་བར་མ་ཁྱབ་སྟེ། ཐལ་འགྱུར་བ་དེ་སྐབས་འདིར་སྐུར་འདེབས་འགོག་པའི་ཕྱོགས་སྔ་སྨྲ་བ་བོ་ཡིན་པའི་ཕྱིར། དེར་ཐལ། ངོ་བོ་ཉིད་མེད་པར་སྨྲ་བ་ཡིན་བའི་ཕྱིར། ཞེས་སོགས་གསུངས་སོ། ། བྱང་སའི་སྐབས་འདིའི་སྒྲོ་འདོགས་འགོག་ཡུལ་རང་སྡེ་ལ་ཉན་ཐོས་སྡེ་བ་དང་། སྐུར་འདེབས་འགོག་ཡུལ་ལ་ངོ་བོ་ཉིད་མེད་པར་སྨྲ་བ་ཞིག་དགོས་པར་གསུངས་པས་ན་དེ་གཉིས་འགོག་ཡུལ་གྱི་ཕྱོགས་སྔ་གཉིས་འགལ་བའོ། ། བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ལ་ཆོས་ཀྱི་བདག་འཛིན་ཞིག་ཡོད་དེ། གཟུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ་དེའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་ན་འཐད་སྙམ་སྟེ། སྐབས་འདིར་སྒྲོ་འདོགས་འགོག་ཡུལ་གྱི་དོན་སྨྲས་དེའི་འཛིན་སྟངས་འཐད་ལྡན་དུ་ཁས་ཀྱང་ལེན། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་ན་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་ དགོས་ལ། བྱང་སའི་སྐབས་འདིར་ཉན་ཐོས་སྡེ་བ་ལ་གཟུགས་སོགས་རང་ འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་རིགས་པ་ཡང་དག་གསུམ་གྱིས་བཀག་པར་མ་ཟད། ཉན་ཐོས་སྡེ་བ་རང་ལ་གྲགས་པའི་ལུང་གསུམ་གྱིས་བཀག་པས་ན་དེ་ལ་ཆོས་ཀྱི་བདག་འཛིན་ཞིག་ཡོད་སྙམ་མོ། །
གཞན་ཡང་། བྱང་སའི་དེ་ལ་ཆོས་ཀྱི་བདག་འཛིན་ཡོད་པར་ཐལ། བསྡུ་བའི་དངོས་བསྟན་གྱི་དེ་ལ་ཆོས་ཀྱི་བདག་འཛིན་ཡོད་པ་གང་ཞིག བྱང་ས་དང་བསྡུ་བ་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤོང་ཚུལ་གཅིག་པའི་ཕྱིར་ཏེ། དྲང་ངེས་རྩ་བ་ལས། བྱང་ས་དང་འདི་གཉིས་སྒྲོ་སྐུར་གྱི་མཐའ་དང་དེ་སྤོང་ཚུལ་གཅིག་གོ ། ཞེས་གསུངས་པས་དཔྱད་དགོས་སོ། ། འདིའི་སྒྲོ་སྐུར་འགོག་ཡུལ་གྱི་ཕྱོགས་སྔའི་ཐད་ལ་ཅུང་ཟད་བཤད་པ། གཞན་དབང་རང་མཚན་ གྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་བྱང་སའི་དངོས་བསྟན་གྱི་སྐུར་འདེབས་དང་། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་མཚན་གྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་དང་། དེ་གཉིས་འགོག་ཡུལ་གྱི་ཕྱོགས་སྔ་ལ་རིམ་བཞིན་ཐལ་འགྱུར་བ་དང་དོན་སྨྲ་སོགས་བཞག་པ་ལ་ཅུང་ཟད་དཔྱད་ན། གཞན་དབང་རང་མཚན་གྱིས་མ་གྲུབ་པར་འཛིན་པའི་འཛིན་པ་དེ་བྱང་སའི་དངོས་བསྟན་གྱི་སྒྲོ་འདོགས་ཡིན་པར་ཐལ། འདོད་ན། གཞན་དབང་རྟོག་བཏགས་ཙམ་དུ་འཛིན་པའི་འཛིན་པ་ཡང་དེར་ཐལ། འདོད་ན། གཞན་དབང་ཀུན་བཏགས་སུ་འཛིན་པའི་འཛིན་པ་ཡང་དེར་ཐལ། འདོད་ན། ཐལ་འགྱུར་བས་གཞན་དབང་ཀུན་བཏགས་སུ་ཁས་ལེན་པར་ཐལ་ལོ། །
གཞན་ཡང་། གཞན་དབང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ལྟ་བ་སྐུར་འདེབས་སུ་ལྟ་བ་ཡིན་ན། ཐལ་འགྱུར་བ་གཞན་དབང་ལ་སྐུར་བ་འདེབས་པའི་གང་ཟག་ཡིན་པར་ཐལ། འདོད་ན། ཐལ་འགྱུར་བ་ཆོས་ཅན། མཚན་ཉིད་གསུམ་ག་ལ་སྐུར་བ་འདེབས་པའི་གང་ཟག་ཡིན་པར་ཐལ། འདོད་ན། ཆོས་ཐམས་ཅད་ལ་སྐུར་བ་འདེབས་པའི་གང་ཟག་ཡིན་པར་ཐལ། འདོད་ན། ཐལ་འགྱུར་བ་རང་ཉིད་ལ་སྐུར་བ་འདེབས་པར་ཐལ། འདོད་ན། རང་ཉིད་མེད་པར་ལྟ་བར་ཐལ། རང་ཉིད་ལ་སྐུར་བ་འདེབས་པ་གང་ཞིག་སྐུར་འདེབས་ཀྱི་ལྟ་བ་ལ་ལྟ་བ་ལྔའི་ནང་གི་ལོག་ལྟ་ཞིག་དགོས་པའི་ཕྱིར་ཏེ། སྐུར་འདེབས་ནི་ལོག་ལྟ་ཡིན་པས་ལྔར་ངེས་པར་བྱའོ། ། ཞེས་དང་ཡང་ལྟ་བ་ལྔའི་ལོག་ལྟ་ལ་ཡོད་པའི་དོན་ལ་མེད་པར་ལྟ་བ་ཞིག་དགོས་པའི་ཕྱིར་ཏེ། མཛོད་ལས། མེད་དང་དམན་ལ་མཆོག་ལྟ་བ། ། ཞེས་གསུངས་པས་མེད་དང་ཞེས་པའི་ དོན་ཡོད་པའི་ཕྱིར། ཡང་ཐལ་འགྱུར་བས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་དཀོན་མཆོག་གསུམ་སོགས་ལ་སྐུར་བ་འདེབས་པར་ཐལ། འདོད་ན། ཐལ་འགྱུར་བར་གྱུར་བའི་བྱང་སེམས་དེ་དག་ལ་བྱང་སྡོམ་རྒྱུད་ལྡན་ཡོད་མེད། ཡོད་ན་ལོག་ལྟའི་རྩ་ལྟུང་དང་བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང་གཉིས་ལ་ ཀུན་དཀྲིས་ཆེན་པོའི་ཡན་ལག་མ་ཚང་ན་ཡང་བྱང་སྡོམ་གཏོང་བར་གསུངས་པས་དཔྱད་དགོས་སོ། ། བྱང་སའི་སྐབས་འདིར་སྒྲོ་འདོགས་འགོག་ཡུལ་གྱི་ཕྱོགས་སྔའི་རང་སྡེ་ལ་ཉན་ཐོས་སྡེ་བས་ཁྱབ་པར་གསུངས་པ་ལ། འོ་ན། རང་རྒྱུད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་མ་གྲུབ་ན། རང་རྒྱུད་པ་ཆོས་ཅན། དེའི་ཕྱོགས་སྔ་མ་ཡིན་པར་ཐལ། འདོད་ན། རང་རྒྱུད་པ་བྱང་སའི་སྒྲོ་འདོགས་འགོག་པའི་འགོག་ཡུལ་མ་ཡིན་པར་ཐལ། འདོད་ན། བྱང་སའི་སྐབས་སུ་རང་རྒྱུད་པ་མ་བཀག་པར་ཐལ། འདོད་ན། བྱང་སའི་སྐབས་སུ་རང་རྒྱུད་པའི་འདོད་པ་མ་བཀག་ཐལ། འདོད་ན། གཟུགས་ཀྱི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་མཚན་གྱིས་གྲུབ་པ་མ་བཀག་པར་ཐལ་ལོ། །
འདོད་ན། དེ་བཀག་ན་རང་རྒྱུད་པའི་འདོད་པ་འགོག་དགོས་མིན་དང་། རང་རྒྱུད་པའི་འདོད་པ་བཀག་ན་རང་རྒྱུད་པ་བཀག་པ་ཡིན་མིན། ཉན་ཐོས་སྡེ་བའི་འདོད་པ་བཀག་ན་ཉན་ཐོས་སྡེ་བ་ བཀག་པས་ཁྱབ་མ་ཁྱབ། སྒྲོ་འདོགས་ཀྱི་མཐའ་དེ་བཀག་པས་ཉན་ཐོས་སྡེ་བ་བཀག་པར་འཇོག་མིན། མི་འཇོག་ན་བྱང་སའི་སྐབས་སུ་ཉན་ཐོས་སྡེ་བ་བཀག་པའི་རྒྱུ་མཚན་དང་། ཉན་ཐོས་སྡེ་བ་དེའི་ཕྱོགས་སྔར་འཇོག་པའི་རྒྱུ་མཚན་གང་ཡིན་ལ་དཔྱད་པར་བྱའོ། ། ཡང་བྱང་སའི་སྐབས་སུ་ཉན་ཐོས་སྡེ་བ་ཐམས་ཅད་བཀག་པར་ཐལ། དེ་དག་གི་འདོད་པ་བཀག་པའི་ཕྱིར། འདོད་ན། འཕགས་པ་ཐོགས་མེད་ཀྱིས་བྱང་ས་བརྩམས་པའི་རྗེས་སུ་བྱུང་ བའི་ཉན་ཐོས་སྡེ་བ་དག་བཀག་མ་བཀག བྱང་སའི་འགོག་ཡུལ་ལ་བྱང་ས་རྩོམ་དུས་བྱུང་ཟིན་པ་ཞིག་དགོས་མིན་སོགས་རྣམ་འགྲེལ་གྱི་ཕྱོགས་སྒྲའི་ སྐབས་དང་དབུ་མ་ཆེན་མོའི་ཚད་འགོག་སྐབས་སོགས་ཀྱི་འགོག་ཚུལ་དང་ རིགས་འདྲ་སྦྱར་ཏེ་དཔྱད་པར་བྱའོ། །
ཁྱོད་ཐུགས་བློ་གྲོས་བུམ་བཟང་ལས། ། ལེགས་བཤད་ལུང་རིགས་བདུད་རྩིའི་བཅུད། ། ཡུན་རིང་འཐུངས་པའི་བཀའ་དྲིན་ཙམ། ། གསབ་ཕྱིར་དོགས་གཅོད་འདི་ཙམ་ཐལ། ། ཅེས་འབྲས་སྒོ་མང་བསམ་བློ་བིས་མདོ་འཇིགས་མེད་བསྟན་འཛིན་གྱིས་༢༠༡༠ ལོའི་ ༡༠ ཚེས ༢ ཉིན་བྲིས།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn