མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པའི་དགག་བྱར་འདོད་མིན་གྱི་ལན།༡
དྲི་གཞི་བཅུ་གཅིག་པ། རྩ་བ་ལས། ངོ་བོ་ཉིད་དེ་ཁོ་ནས་ཞེས་ཀུན་བཏགས་ཀྱི་ངོ་བོ་ཉིད་གོང་དུ་སྨོས་པ་ལ་གསུངས་ནས་ཁོ་ནས་ཞེས་པས་ནི་གཞན་གཅོད་པས་ངོ་བོ་ཉིད་གཞན་གཉིས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་མི་བྱེད་ཀྱི་ཀུན་ བཏགས་ཁོ་ནའི་ངོ་བོ་ཉིད་མེད་པ་ལ་ཡོངས་གྲུབ་ཏུ་བྱེད་ཅེས་པའི་དོན་ནོ། །ཞེས་གསུངས་པ་ལྟར། ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཞེས་པའི་མེད་རྒྱུའི་ངོ་བོ་ཉིད་དེ་ངོ་བོ་ཉིད་མེད་པ་གསུམ་ལས་མཚན་ཉིད་ངོ་བོ་ཉིད་ མེད་པ་ལ་བྱེད་ཅེས་པ་ཡིན་ནམ། མེད་རྒྱུའི་ངོ་བོ་ཉིད་གསུམ་ལས་ཀུན་ བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་ལ་བྱེད་ ཅེས་པ་ཡིན། དང་པོ་ལྟར་ན། མཆན་ལས་དོགས་པ་བྱས་པ་དོན་མེད་ལ། གཉིས་པ་ལྟར་ན། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པའི་དགག་བྱར་འདོད་མིན་ཇི་ལྟར་ཡིན།
ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།
དགོངས་འགྲེལ་ལས། ཀུན་བཏགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་ བདག་མ་མཆིས་པ། ཞེས་གསུངས་པ། གཞན་དབང་ཁྱད་པར་གསུམ་ ལྡན་དེ་གོང་དུ་ངོས་བཟུང་སྟེ་འོག་ནས་འཆད་འགྱུར་གྱི་སྐབས་སུ་མཁོ་བའི་ཀུན་བཏགས་སྒྲོ་བཏགས་པ་ལྟར་དུ་མ་གྲུབ་པའམ་གྲུབ་པའི་སྟོང་བ་ཁོ་ན་ ཡོངས་གྲུབ་ལ་འཇོག་ཅེས་ཡོངས་གྲུབ་ངོས་བཟུང་། དེས་ན་སྐབས་ཀྱི་ གདུལ་བྱས་ཡོངས་གྲུབ་འཇོག་ཚུལ་ཤེས་ཆེད་དུ་གསུངས་པ་ཡིན་པས་ངོ་བོ་ཉིད་གཞན་གཉིས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལ་མི་བྱེད་དེ། བདག་སྐྱེས་མེད་པ་ཡོངས་གྲུབ་མིན་ལ། ཆོས་བདག་གི་ངོ་བོར་མེད་པ་སྟོང་ཉིད་ཡིན་ཀྱང་ཆོས་ཀྱི་བདག་མེད་ངོས་མ་ཟིན་པའི་གང་ཟག་ལ་ཆོས་བདག་གི་ངོ་བོར་མེད་པ་ཆོས་ཀྱི་བདག་མེད་དོ་ཞེས་སྨོས་ན་སྟོན་པ་བོ་མི་མཁས་པ་སོགས་ཀྱི་སྐྱོན་ ཡོད་ན་གོང་ལྟར་གསུངས་པ་འབྲེལ་ལོ། ། ཡང་ཉིད་ཅེས་སྨོས་པས་ཡོངས་ གྲུབ་དགག་བྱའི་ངོ་བོར་མེད་པ་ཙམ་ལ་འཇོག་པར་གསུངས་པས་སྒྲིབ་པ་ རང་དབང་བའི་ཡོངས་གྲུབ་འདོད་པ་ལ་ཡང་གནོད་པས་ཇོ་ནང་བར་འགལ་བ་སོགས་ཀྱི་སྐྱོན་ཡང་རྩ་བར་གསལ་བ་ལྟར་རོ། ། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་མེད་རྒྱུ་ནི་དོན་དམ་པ་ངོ་བོ་ཉིད་མེད་ཅེས་མེད་རྒྱུ་རང་ལྡོག་ནས་མིན་ཀྱང་གལ་ཏེ་གྲུབ་ན་དེར་གྲུབ་དགོས་སོ། ། རང་རེའི་ཡིག་ཆ་ལྟར་ན་བདག་མེད་གཉིས་ཀ་སྟོང་ཉིད་ཡིན་པ་དང་། མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་སྟོང་ཉིད་དུ་འགྲོ་ཡང་རང་ལྡོག་ནས་མིན་པར་གསུངས་པས་ན་འདི་དག་ལ་ད་དུང་ཞིབ་ཆ་ཕྲན་ཚེགས་འགའ་དགོས། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn