ལྷས་བྱིན་དང་སྐྱེས་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ།ལྷས་བྱིན་དང་རྫས་གཞན་གྱི་སྟོང་བ་མིན་ན་དེ་ལ་ལྷན་གཅིག་དམིགས་ངེས་ཀྱི་དོན་ཚང་མིན་ཇི་ལྟར་ཡིན་གྱི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-20 13:44:30     རྩོམ་པ་པོ།   བློ་བཟང་དོན་འགྲུབ།     ཀློག་ཐེངས།  

76549972386228242.jpg

              དྲི་གཞི་བཅུ་བ། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་ བཏགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི། གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་པའི་གཞན་དབང་ལ་ཆོས་ ཐམས་ཅད་ཀྱི་སྟེང་གི་གཞན་དབང་ཡོད་མེད་ལ་ཡིག་ཆ་གཞན་གྱི་འདོད་ཚུལ་དང་རང་ལུགས་མཐུན་མིན་དང་། རང་ལུགས་ལ་ལྷས་བྱིན་དང་སྐྱེས་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ། ལྷས་བྱིན་དང་རྫས་གཞན་གྱི་སྟོང་བ་མིན་ན་དེ་ལ་ལྷན་གཅིག་དམིགས་ངེས་ཀྱི་དོན་ཚང་མིན་ཇི་ལྟར་ཡིན།


བློ་བཟང་དོན་འགྲུབ། ཐར་ཤུལ་དགོན།

               སྒྲིབ་གཉིས་དགྲ་ལས་རྟག་ཏུ་རྒྱལ་བའི་རྒྱལ་ཀུན་ཡབ་གཅིག་ཟུར་ཕུད་ལྔ་བ་ལྔ་བདོའི་དུས་ཀྱི་མཐའ་གཅིག་ཏུ། ། འགྲོ་ཀུན་ཉོན་མོངས་འདམ་ལས་འདྲེན་ཕྱིར་འདྲེན་མཆོག་བཤེས་ཀྱི་རྣམ་པར་རོལ་བའི་རོལ་གར་བྱེ་བ་ཕྲག་བརྒྱ་ལས། ། སངས་རྒྱས་དངོས་ཀྱི་མཛད་པ་བྱེད་པར་བྱེད་པོ་གང་སྟེ་ སྟོན་པ་མཆོག་གིས་མཆོག་ཉིད་གསལ་བར་ལུང་བསྟན་པའི། ། དགེ་ལྡན་ བསྟན་པའི་བདག་པོ་གཅིག་པུར་གཅིག་ཏུ་མི་ཕྱེད་དང་བའི་དད་པས་དད་ཕྱག་ཚེ་རབས་རྟག་ཏུ་བགྱིད། །
             ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། ལས་དམ་པ་གང་ལ་འཇུག་ཅེ་ན། བདག་གི་འདྲེན་མཆོག་སྟེ་དཔལ་ལྡན་བླ་མ་དམ་པ་སིདྡྷཱི་སཾགྷཱའི་མཚན་ཅན་མཆོག་རེ་ཞིག་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཚུལ་བསྟན་ཏེ་བགྲང་བྱ་གསུམ་ལྷག་འདས་ པའི་དུས་འདིར། རྗེ་བླ་མ་ཁོང་གིས་གསུང་གི་མཛད་པས་ཡུན་རིང་བསྐྱངས་པའི་སློབ་བུ་སྟོང་གི་གྲལ་མཐར་འཚང་བ་ངེད་གཞིས་ཀྱི་སློབ་བུ་འགས་གཙོ་འགན་བླངས་ཏེ་དམ་ པ་ཁོང་རྗེས་སུ་དྲན་པའི་རྗེས་དྲན་ཏེ། དྲང་བ་དང་ངེས་པའི་དོན་ལས་བརྩམས་པའི་ དྲིས་ལན་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་འདོན་འཆར་ཡོད་པ་ལ་དམིགས་ཏེ། འདིར་ཁོ་ བོས་ཀྱང་རང་ཉིད་ལ་རྣམ་དཔྱོད་ཀྱི་རྩལ་ཡོད་མེད་ལ་མ་ལྟོས་པར་བླ་ན་མེད་པའི་གོ་ འཕང་མཐོན་པོར་མ་གཤེགས་པ་དེ་སྲིད་དུ་མགོན་པོ་གང་གིས་འབྲལ་མེད་རྗེས་སུ་འཛིན་པའི་རྒྱུ་ཁོ་ནར་དམིགས་ཏེ་དྲི་གཞི་ཉི་ཤུ་ལས་བཅུ་བ་ལའོ། ། 
              དེ་ལ་དྲི་བའི་གཞི་དགོད་པ་དང་། དྲི་བ་དངོས་ལ་འཇུག་པ་གཉིས། དང་བོ་ནི། དགོངས་འགྲེལ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ། ཀུན་ བཏགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི། གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། ཞེས་པའི་གཞན་དབང་ལ་ཆོས་ཐམས་ཅད་ཀྱི་སྟེང་གི་གཞན་དབང་ཡོད་མེད་ལ་ཡིག་ཆ་གཞན་གྱི་ འདོད་ཚུལ་དང་རང་ལུགས་མཐུན་མིན་དང་། རང་ལུགས་ལ་ལྷས་བྱིན་ དང་སྐྱེ་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ། ལྷས་བྱིན་དང་རྫས་གཞན་གྱིས་སྟོང་བ་མིན་ན། དེ་ལ་ལྷན་ཅིག་དམིགས་ངེས་ཀྱི་དོན་ཚང་མིན་ཇི་ལྟར་ཡིན། ཞེས་པའོ། ། གཉིས་པ་དྲི་ལན་དངོས་ལ་ཟུར་གཉིས་སུ་ཕྱེས་ན། ཟུར་དང་བོའི་ལན་ནི། ཁྱད་པར་གསུམ་ལྡན་གྱི་གཞན་དབང་དེ་ལྟ་བུ་ཆོས་ཐམས་ཅད་ཀྱི་སྟེང་དུ་འཇོག་ཐུབ་མིན་ལ་ཡིག་ཆ་གྲགས་ཆེ་བ་ གཞན་དག་དང་རང་ལུགས་མི་མཐུན་ཏེ། མཆན་ལས། སྐབས་འདིར་ཊཱིཀ་བྱེད་ཕལ་མོ་ཆེས་འདིས་དངོས་བསྟན་གྱི་གཞན་དབང་ལ་ཆོས་ཐམས་ཅད་ ཀྱི་སྟེང་གི་གཞན་དབང་ཡོང་བར་འདོད་དེ། ཞེས་གསུངས་པ་ལྟར་རྗེ་ བཙུན་པ་དང་པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་ཆོས་ཐམས་ཅད་ཀྱི་སྟེང་དུ་དེ་ལྟ་བུའི་གཞན་དབང་དངོས་གནས་པ་རེ་འཇོག་དགོས་པར་ བཞེད་པའི་ཕྱིར། དེ་ལྟར་བཞེད་དགོས་པའི་ཁུངས་ཀྱང་དགོངས་འགྲེལ་ སོགས་ལས་གཟུགས་ཕུང་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཕུང་བོ་ལྷག་མ་བཞི་ དང་ཞེས་པ་སོགས་དང་། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་ གཞལ་བྱ། ། ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱིས། ། དོན་བྱ་དེ་ལས་འགྲུབ་ཕྱིར་རོ། །ཞེས་པ་དང་།

               རྩ་ཤེས་ཊཱིཀ་ཆེན་ལས། བདེན་པར་གྲུབ་པའི་རྟེན་རྫུན་པས་བྱེད་པ་འགལ་བའི་ཕྱིར། ཚུལ་འདི་ལ་དབུ་སེམས་གཉིས་ཀ་ མཐུན་ནོ། །ཞེས་གསུངས་པ་འདི་རྣམས་ལ་བརྟེན་པར་སྣང་ངོ་། །ལྷག་པར་དུ་ལུང་ཕྱི་མ་གཉིས་ཀྱི་སྐབས་སུ་འདུས་བྱས་མ་བྱས་ཀྱི་ཆོས་གང་ཡིན་ཡང་ རང་སྟེང་གི་ཆོས་ཉིད་གཏན་ལ་འབེབ་པའི་གཞི་སྟེ་སྟོང་གཞི་ལ་རྫུན་པ་མ་ ཡིན་པའི་གཞན་དབང་མཚན་ཉིད་པ་ཞིག་དགོས་པར་བསྟན་ཞེས་ལུང་ རིགས་ཀྱི་ང་རོ་མཐོན་པོར་སྒྲོག་པར་བྱེད་དོ། ། འོ་ན་ཊཱིཀ་བྱེད་མཁན་པོ་དེ་དག་གིས་འདུས་མ་བྱས་སུ་གྲུབ་པའི་ནམ་མཁའ་ལྟ་བུའི་གཞན་དབང་ལ་ཇི་འདྲ་ཞིག་འཇོག་ཅེ་ན། ནམ་མཁའི་གདགས་གཞིར་གྱུར་བའི་དངོས་པོ་དང་། ནམ་མཁའ་འཛིན་པའི་ཚད་མ་སོགས་འཇོག་གོ ། ཞིབ་པར་ཤེས་འདོད་ན། རྗེ་བཙུན་པའི་དྲང་ངེས་སྤྱི་དོན་སོགས་སུ་གཟིགས་པར་ཞུ། རང་ལུགས་ཀྱིས། ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་གཞན་དབང་དུ་འདོད་པའི་ཊཱིཀ་བྱེད་པ་དག་ལ། འོ་ན། ནམ་མཁའ་འཛིན་པའི་ཚད་མ་ཆོས་ཅན། ནམ་མཁའི་སྟེང་གི་སྟོང་ཉིད་ཀྱི་སྟོང་གཞི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ནམ་མཁའི་སྟེང་གི་སྟོང་ཉིད་ཁྱོད་ཀྱི་སྟེང་གི་སྟོང་ཉིད་ཡིན་པར་ཐལ། འདོད་པའི་ཕྱིར། ཞེ་ན། མཁས་དབང་དེ་དག་གིས་ཤིན་ཏུ་ནས་ཀྱང་འདོད་ཟེར་ཏེ་གཟུགས་ལ་དེ་ལྟར་ཡིན་པ་གང་ཞིག མཚུངས་པས་སོ་ཞེས་ལན་འདེབས་པར་བྱེད་དོ། །གཟུགས་ལ་དེ་ལྟར་ཡིན་པའི་ཤེས་བྱེད་དུ། རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། ། དེ་ནི་དེ་ ཡིའང་སྟོང་ཉིད་ཡིན། །ཞེས་པ་འདི་འདྲེན་པར་བྱེད་དོ། །ལུང་འདིའི་དོན་རང་ལུགས་ཀྱིས། དེ་ནི་གཟུགས་དང་དེ་འཛིན་ཚད་མ་གཉིས་དགག་བྱས་སྟོང་ཚུལ་གཅིག་པའི་དོན་ཡིན་ཏེ། གཞན་དུ་ན་འཁོར་འདས་གཉིས་དང་། སངས་རྒྱས་དང་སེམས་ཅན་གྱི་རང་བཞིན་ཕར་ཡིན་ཚུར་ཡིན་དང་། ཆོས་ཀུན་གྱི་རང་བཞིན་མཐར་ཐུག་ཡིན་ཁྱབ་མཉམ་སོགས་སུ་འགྱུར་ཏེ། རིམ་བཞིན་རྩ་ཤེས་ལས། མྱ་ངན་འདས་མཐའ་གང་ཡིན་པ། ། དེ་ནི་འཁོར་བའི་མཐའ་ཡིན་ཏེ། ། ཞེས་དང་། དེ་བཞིན་གཤེགས་པའི་རང་བཞིན་གང་། ། དེ་ནི་འགྲོ་བའི་རང་བཞིན་ཡིན། ། ཞེས་དང་། བཞི་བརྒྱ་བར། གཅིག་གི་སྟོང་ཉིད་གང་ཡིན་པ། ། དེ་ནི་ཀུན་གྱི་སྟོང་ཉིད་ཡིན། ། ཞེས་གསུངས་པ་ གང་ཞིག ཁྱེད་ཅག་ལྟར་ན་སྔར་བཞིན་འཐད་པའི་ཕྱིར། ཞེས་འགོག་པར་བྱེད་དོ། ། རིགས་པ་འདི་ཤིན་ཏུ་མད་པར་སྣང་ངོ་། །

                 གཞན་ཡང་སྐབས་ འདིར་ལྷས་བྱིན་དང་དེ་འཛིན་རྣམ་མཁྱེན་གྱི་སྟོང་ཉིད་ཀྱི་ཡིན་པ་དང་གཞི་མཐུན་སོགས་ཡོད་མེད་དང་། རྣམ་མཁྱེན་གྱི་སྟོང་ཉིད་ཡིན་ན་ངོ་བོ་ཉིད་སྐུ་ཡིན་པས་ཁྱབ་མིན། འདུས་བྱས་སྟོང་ཉིད་དང་འདུས་མ་བྱས་སྟོང་ཉིད་ཀྱི་ཡིན་པ་ཡོད་མེད་སོགས་གདན་ས་གསུམ་གྱི་དྲན་དབང་རྣམས་འཕྲད་ཚེ་ རིགས་པའི་རྩེད་མོ་ངོ་མཚར་བ་རེ་ངོམ་སྲོལ་ཡོད་ཀྱང་འདིར་མངས་སུ་ དོགས་སོ། ། རང་ལུགས་ལ་ཁྱད་པར་གསུམ་ལྡན་གྱི་གཞན་དབང་དེ་ལྟ་བུ་འདུས་བྱས་དག་ལས་གཞན་འདུས་མ་བྱས་དག་གི་སྟེང་དུ་མི་འཇོག་གོ ། འོ་ན་དགོངས་འགྲེལ་སོགས་ལས་ཆོས་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་ གསུམ་གྱི་རྣམ་བཞག་མཛད་པ་མིན་ནམ། ཞེ་ན། སྐྱོན་མེད་དེ་དེ་ལྟར་ མཛད་ཀྱང་། དེ་དང་དེའི་སྟེང་གི་མཚན་ཉིད་གསུམ་པོ་གང་རུང་ལ་མཚན་ཉིད་དེ་དང་དེ་དངོས་གནས་པ་དགོས་པར་མ་གསུངས་པའི་ཕྱིར། དཔེར་ན་ནམ་མཁའ་རང་ཉིད་ནམ་མཁའི་སྟེང་གི་གཞན་དབང་ཡིན་ཡང་གཞན་ དབང་མིན་པ་བཞིན་ཡིན་ཟེར། ནམ་མཁའ་ནམ་མཁའི་སྟེང་གི་གཞན་ དབང་ཡིན་པ་མ་གྲུབ་ཟེར་ན། ནམ་མཁའ་ནམ་མཁའི་སྟེང་གི་གཞན་དབང་ཡིན་ཏེ། ནམ་མཁའ་དེ་རྣམ་བརྟགས་ཀྱི་ནམ་མཁའ་ཡིན་པའི་ཕྱིར་ཞེས་ ཟེར་རོ། ། སྐབས་འདིའི་ཁྱད་པར་གསུམ་ལ་དཔྱད་པར་བྱ་བ་འདི་ཡོད་དེ། རྣམ་པར་རྟོག་པའི་སྤྱོད་ཡུལ། ཀུན་བཏགས་པའི་མཚན་ཉིད་ཀྱི་གནས། འདུ་བྱེད་ཀྱི་མཚན་མ་ཞེས་གསུངས་པའི་ཁྱད་པར་དང་བོའི་རྣམ་པར་རྟོག་པ་ཞེས་པ་དེ། རང་འཛིན་རྟོག་པ་དང་ཀུན་བཏགས་འདོགས་བྱེད་ཀྱི་རྟོག་པ་ལ་བྱེད་པ་གཉིས་སྣང་ཡང་། དང་བོ་ལྟར་ན་ཁྱད་པར་གསུམ་པོ་གང་རུང་ལ་འདུས་བྱས་དགོས་པར་འདོད་པ་དག་གི་བློ་རྩེ་གང་ཡིན་དང་། གཉིས་པ་ལྟར་ན་ཁྱད་པར་གཉིས་པ་དང་ཁྱད་པར་འབྱེད་དཀའ་བར་སྣང་ངོ་། ། ཁྱད་པར་གསུམ་པ་ནི་སླའོ། ། མཆན་ལས་གཙོ་བོ་རང་འཛིན་རྟོག་པ་དང་། དེའི་སྤྱོད་ཡུལ་ཡིན་ཚུལ་དམིགས་ཡུལ་ལྟ་བུ་ལ་གསུངས་ཀྱང་། རང་འཛིན་རྟོག་པ་ལ་བྱེད་ཚེ་གཙོ་བོ་འཛིན་སྟངས་ཀྱི་ཡུལ་ལ་བྱེད་དགོས་པར་སེམས་ཏེ། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། ། གཅིག་པུར་ཁོ་ནར་བརྗོད་པ་ཡིན། ། ཞེས་པའི་སྤྱོད་ཡུལ་དེ་འཛིན་སྟངས་ལ་བྱེད་དགོས་པ་དང་མཚུངས་སྙམ་མོ། །

              ད་ནི་ཟུར་གཉིས་པ་སྟེ་རང་ལུགས་ལ་ལྷས་བྱིན་དང་སྐྱེ་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ། ལྷས་བྱིན་དང་རྫས་གཞན་གྱིས་སྟོང་བ་ མིན་ན། དེ་ལ་ལྷན་ཅིག་དམིགས་ངེས་ཀྱི་དོན་ཚང་མིན་ཇི་ལྟར་ཡིན་ཞེ་ན། འདི་ནི་བློ་དམན་བདག་ལྟ་བུ་ལྷན་ཅིག་དམིགས་ངེས་ཀྱི་དོན་ལ་ཡིད་དཔྱོད་ཀྱི་ངེས་པ་ཙམ་ཡང་མ་རྙེད་པ་ཞིག་ལ་ཤིན་ཏུ་དཀའ་བའི་དྲི་བ་འབའ་ཞིག་ ཏུ་འཁུམས་ཏེ། ལྷན་གཅིག་དམིགས་ངེས་ཀྱི་དོན་འཇོག་ཚུལ་ལ་འཇམ་ མགོན་བླ་མ་ཡབ་སྲས་ཀྱི་ཡིག་ཆའི་གསུང་ཟིན་མི་མཐུན་པ་ཙམ་དུ་མ་ཟད། བླ་མ་རིན་པོ་ཆེ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་གཅིག་པུ་ལ་ མཚོན་ནའང་སྔ་ཕྱིའི་གསུང་ཟིན་མི་འདྲ་བ་དུ་མ་ཞིག་སྣང་བའི་ཕྱིར་རོ། ། དེ་དག་རེ་རེ་བཞིན་འདིར་འགོད་པར་རྔོ་མི་ཐོགས་ནའང་། མཚོན་ཙམ་རེ་འགོད་པའི་དབང་དུ་བཏང་ན། གསེར་ཕྲེང་ལས། རྟགས་ཀྱི་དོན་ནི་དེ་ གཉིས་དུས་གཅིག་པས་ན་ལྷན་ཅིག དམིགས་པ་ནི་རྟོགས་པ། ངེས་པ་ནི་གཅིག་རྟོགས་པ་ལ་གཅིག་ཤོས་རྟོགས་པས་ཁྱབ་པའོ། ། ཞེས་པ་འདི་དང་།

            རྣམ་ངེས་དར་ཊཱིཀ་ལས། སྔོན་པོ་རྟོགས་ན་སྔོ་འཛིན་རྟོགས་པ་དང་། སྔོ་འཛིན་རྟོགས་ན་སྔོན་པོ་རྟོགས་པས་ཁྱབ་པའི་དོན་དུ་བྱེད་པ་ནི་ལོག་པར་ འཆད་པ་ཡིན་ཏེ། ཞེས་པ་འདི་གཉིས་གསུང་ཟིན་འགལ་བ་ལྟར་སྣང་བ་དང་། སྡེ་བདུན་རྒྱན་ལས། ལྷན་ཅིག་ཅེས་པ་སྐབས་འདིར་ཡུལ་དུས་གཅིག་པའི་དོན་ཡིན་ལ། དམིགས་པ་ནི་ཚད་མས་དམིགས་པ་དང་། ངེས་པ་ནི་ཁྱབ་ པའི་དོན་ཡིན་པས། གཅིག་ཚད་མས་དམིགས་པའི་དུས་དེའི་ཚེ་གཅིག་ཤོས་ཀྱང་ཚད་མས་དམིགས་པས་ཁྱབ་ལ། གཅིག་ཤོས་ཚད་མས་དམིགས་པའི་དུས་དེའི་ཚེ་ཡང་གཅིག་ཚད་མས་དམིགས་པས་ཁྱབ་ཅེས་ཤེས་པར་བྱ་སྟེ། ཞེས་པ་འདི་གསེར་ཕྲེང་ལས་གསུངས་པ་དེ་དང་ཉེ་ཙམ་ཡོད་ཀྱང་། ཇི་ བཞིན་དུ་མི་སྣང་བའི་ཕྱིར། གོང་དུ་ཞུས་ཟིན་ལྟར། ཀུན་མཁྱེན་བླ་མའི་གསུང་གཅིག་པུ་ལ་མཚོན་ནའང་། གྲུབ་མཐའ་ཆེན་མོ་དང་། སྐབས་ལྔ་བའི་མཐའ་དཔྱོད་གཉིས་ཀྱང་གསུང་ཟིན་མི་མཐུན་པ་ལྟ་བུར་འདུག་སྟེ། གྲུབ་མཐའ་ཆེན་མོ་ལས། ལྷས་སྦྱིན་དང་མཆོད་སྦྱིན་གཉིས་ཀྱིས་བྱད་ གཟུགས་གཅིག་ལ་དམིགས་པའི་ཚེ་མིག་ཤེས་གཉིས་ཕན་ཚན་གཅིག་ལ་ གཅིག་དམིགས་བྱེད་ཀྱི་བདག་ཉིད་དུ་སྐྱེས་པར་ཐལ། དེའི་ཚེ་ལྷས་སྦྱིན་ གྱིས་དམིགས་པའི་གཟུགས་གང་ཡིན་མཆོད་སྦྱིན་གྱི་མིག་ཤེས་ཀྱིས་ཀྱང་ དམིགས་པའི་ཕྱིར། དེར་ཐལ། དེའི་ཚེ་དེ་བྱད་གཟུགས་གཅིག་ལ་ཐུན་མོང་དུ་དམིགས་པའི་ཕྱིར་ན་མ་ཁྱབ། ཅེས་ཕན་ཚུན་དེ་ལྟར་དགོས་པ་ལྟ་བུར་ གསུངས་པ་དང་། སྐབས་ལྔ་བའི་མཐའ་དཔྱོད་ལས། ལྷས་སྦྱིན་དང་མཆོད་སྦྱིན་གཉིས་ཀྱིས་ཡུལ་སྔོན་པོ་གཅིག་ལ་ཐུན་མོང་དུ་དངོས་སུ་དམིགས་པའི་ཚེ་དེ་འདྲ་བའི་ལྷས་སྦྱིན་གྱི་མིག་ཤེས་ཆོས་ཅན། ཁྱོད་མཆོད་སྦྱིན་གྱི་མིག་ཤེས་དེས་དངོས་སུ་དམིགས་པར་ཐལ། ཁྱོད་ཀྱིས་མཆོད་སྦྱིན་གྱི་མིག་ཤེས་ལ་སྣང་བའི་སྔོན་པོ་དེ་དངོས་སུ་དམིགས་པའི་ཕྱིར། དེར་ཐལ། སྔོན་པོ་ལ་ལྟ་བའི་ལྷས་སྦྱིན་དང་མཆོད་སྦྱིན་གྱི་མིག་ཤེས་གཉིས་ཀས་སྔོན་པོ་གཅིག་ལ་ཐུན་མོང་དུ་དམིགས་པའི་ཕྱིར་ན། རིགས་རྒྱན་གྱིས་མ་ཁྱབ་སྟེ། གཅིག་ལ་སྣང་བ་གཅིག་ཤོས་ལ་མི་སྣང་ཟེར། ཞེས་པ་ནས། དེས་ན་སྡེ་བདུན་ལྟར་ན་སྔོན་པོ་དང་སྔོ་འཛིན་ཚད་མ་དུས་མཉམ་དུ་ཚད་མས་དམིགས་པས་ཁྱབ་ ཀྱང་། སྔོན་པོ་དམིགས་བྱེད་ཀྱི་ཚད་མ་གཅིག་གིས་སྔོ་འཛིན་གྲུབ་པར་མི་ བཞེད་པའི་ཕྱིར། འདི་ལེགས་པར་སྣང་སྟེ། ཞེས་རང་ལུགས་སྡེ་བདུན་ལྟར་ཡིན་པ་ལྟ་བུ་ཞིག་ཀྱང་གསུངས་པའི་ཕྱིར་རོ། །

               འདི་ལྟར་གསུང་ཟིན་མི་ མཐུན་པ་ལྟ་བུ་མང་དུ་སྣང་མོད། ཞིབ་ཏུ་དཔྱད་ཚེ་དགོངས་པའི་གཏད་སོ་གཅིག་ཏུ་ངེས་ཏེ། སྡེ་བདུན་དང་ཐར་ལམ་གསལ་བྱེད། རྣམ་ངེས་དར་ཊཱིཀ་གསུམ་ལས་ཁྱབ་པའི་དཔེར་བདག་ཉིད་གཅིག་པའི་སྔོ་འཛིན་ཚད་མ་དང་ དེ་འཛིན་རང་རིག་བཀོད་པ་དང་། ཡིག་ཆར་ཡང་དེས་ན་སྡེ་བདུན་ལྟར་ ན་སྔོན་པོ་དང་སྔོ་འཛིན་ཚད་མ་དུས་མཉམ་དུ་ཚད་མས་དམིགས་པས་ཁྱབ་ཀྱང་། སྔོན་པོ་དམིགས་བྱེད་ཀྱི་ཚད་མ་གཅིག་གིས་སྔོ་འཛིན་གྲུབ་པར་མི་ བཞེད་པའི་ཕྱིར། འདི་ལེགས་པར་སྣང་སྟེ། ཞེས་གསུངས་པས་གང་གི་ ལུགས་ལའང་དམིགས་བྱེད་ཚད་མ་སོ་སོ་བ་ཡིན་པར་འགྲུབ་ལ། དེས་ན་ ངེས་པའི་དོན་ཡང་རྣམ་ངེས་དར་ཊཱིཀ་ལས་ངེས་པ་ནི་སྔོན་པོ་རྟོགས་ན་སྔོ་ འཛིན་རྟོགས་པ་དང་གྲུབ་བདེ་རྫས་གཅིག་ལ། སྔོ་འཛིན་རྟོགས་ན་སྔོན་པོ་རྟོགས་པ་དང་གྲུབ་བདེ་རྫས་གཅིག་ཏུ་སྐྱེས་པ་ངེས་པར་དེའི་རིགས་ལ་ གནས་པས་ཁྱབ་པའི་དོན་ཡིན་གྱི་ཞེས་གསུངས་པ་བཞིན། སྐབས་འདིའི་ངེས་པའི་དོན་ནི་རྟོགས་བྱ་རྟོགས་བྱེད་ལྟར་ཡོད་པའི་ཐ་དད་པའི་འདུས་ བྱས་གང་ཡིན་ཡང་། བློ་བྱེ་བྲག་པ་ཞིག་གིས་རྟོགས་བྱ་འདུས་བྱས་དེ་རྟོགས་པ་དུས་ཚེ་ན། བློ་བྱེ་བྲག་པ་དེ་རྒྱུད་ལྡན་གང་ཟག་དེའི་རྒྱུད་ན་རྟོགས་བྱེད་དེ་རྟོགས་པའི་རིགས་སུ་གནས་པའི་དེ་དང་གྲུབ་བདེ་རྫས་གཅིག་པའི་བློ་ ཞིག་ཡོད་པས་ཁྱབ་ལ། ཡང་བློ་བྱེ་བྲག་པ་ཞིག་གིས་རྟོགས་བྱེད་དེ་རྟོགས་པའི་ཚེ་ནའང་བློ་བྱེ་བྲག་པ་དེ་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ན་རྟོགས་བྱ་ དེ་རྟོགས་པའི་རིགས་སུ་གནས་པའི་དེ་དང་གྲུབ་བདེ་རྫས་གཅིག་པའི་བློ་ ཞིག་ཡོད་པས་ཁྱབ་ལ་བྱེད་དགོས་པའི་ཕྱིར། དེའི་ཕྱིར་ལྷས་བྱིན་དང་སྐྱེ་ འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་དེ། ལྷས་བྱིན་དང་ལྷན་ཅིག་དམིགས་ངེས་ཀྱི་དོན་མ་ཚང་ཚུལ་ཡང་གཙོ་བོར་ངེས་པའི་དོན་མ་ཚང་ཟེར་ཆོག་སྟེ། བློ་བྱེ་བྲག་པ་ཞིག་གིས་ལྷས་བྱིན་རྟོགས་པའི་ཚེ་ན་བློ་བྱེ་བྲག་པ་དེ་རྒྱུད་ལྡན་གྱི་གང་ཟག་ཡིན་ན། ཁྱོད་ཀྱི་རྒྱུད་ན་ལྷས་བྱིན་དང་སྐྱེ་འགག་གནས་གསུམ་དུས་གཅིག་པའི་རྣམ་མཁྱེན་རྟོགས་བྱེད་ཀྱི་རིགས་སུ་གནས་ པའི་བློ་དེ་དང་གྲུབ་བདེ་རྫས་གཅིག་པའི་བློ་ཞིག་ཡོད་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུད་ན་རྣམ་མཁྱེན་རྟོགས་བྱེད་ཀྱི་རིགས་སུ་གནས་པའི་བློ་ཡོད་པས་མ་ཁྱབ་པའི་ཕྱིར་རོ། ། དེ་གཉིས་ལ་ལྷན་ཅིག་པའི་དོན་ཡང་མ་ཚང་སྟེ། སྐབས་འདིའི་ཡུལ་གཅིག་པའི་དོན་མ་ཚང་བའི་ཕྱིར། དེར་ཐལ། དེ་ལྟ་བུའི་རྣམ་མཁྱེན་ཡོད་ན་ལྷས་བྱིན་ཡོད་པས་མ་ཁྱབ་པའི་ཕྱིར། རྟགས་སླའོ། །སྤྱིར་ལྷན་ཅིག་དམིགས་ངེས་ཀྱི་སྐབས་འདིར་རྟགས་ཀྱི་དོན་ལ་དཔྱད་བྱ་མང་བར་མ་ཟད་བསྒྲུབ་བྱ་ལའང་མང་སྟེ། མཚོན་ཙམ་ཞུ་ན་དེ་ལ་མེད་དགག་གིས་ཁྱབ་མིན་དང་། མ་ཁྱབ་ཚེ་རྟགས་དེ་ལ་བརྟེན་པའི་རྗེས་དཔག་གི་རྒྱུན་གོམས་པ་ལས་སྐྱེས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ འཛིན་སྟངས་ལ་མ་ཡིན་དགག་དང་སྒྲུབ་པ་ཡོང་མིན་སོགས་དཔྱད་བྱ་མང་ཡང་རེ་ཞིག་མ་སྤྲོས་སོ། །

            སྨྲས་པ། འདིར་འབད་ལེགས་བྱས་འོད་སྣང་ དཀར་བོས་ཆགས་སྡང་མུན་པའི་དབལ་བཅོམ་སྟེ། ། དུག་གསུམ་འཕྱོན་ མས་བསླུ་བྲིད་འོག་ཏུ་འཁོར་བའི་འདམ་ལ་གནས་བཅས་ཤིང་། །ཕན་བདེའི་རྩ་ལག་བཤད་དང་སྒྲུབ་པར་བར་དུ་གཅོད་ལ་རྒྱུད་གོམས་པའི། །སྐྱེ་བོ་གང་དག་རིང་མིན་མྱུར་ཏུ་རྨོངས་པའི་གཉིད་ལས་སློངས་གྱུར་ཅིག ། ཅེས་དྲིས་ལན་འདི་ནི་གོང་དུ་ཞུས་ཟིན་ལྟར་དཔལ་ལྡན་བླ་མ་གང་གིས་ཚེ་རབས་ཀུན་ཏུ་མཉེས་ བཞིན་རྗེས་སུ་འཛིན་པའི་རྒྱུ་ཁོ་ནར་དམིགས་ཏེ་བྲིས་པ་ལགས་ཤིང་། འགལ་འཁྲུལ་དང་ནོངས་པ་ཅི་མཆིས་དཔྱོད་ལྡན་དག་གི་སྤྱན་སྔར་འཆགས་སོ། །ཀླུ་འབུམ་པ་མདའ་བཞིའི་བློ་བཟང་དོན་གྲུབ་ཏུ་འབོད་པས་མང་ཡུལ་གྱི་ཆོས་གྲྭ་རྣམ་དག་ཁྲིམས་ལྡན་གླིང་ནས།
 


             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                     རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།