གྲུབ་མཐའ་གཅིག་གི་ལུགས་ལ་འཆད་ཚུལ་གོང་འོག་གཉིས་ཀ་ཁས་ལེན་ཐུབ་མིན་ཇི་ལྟར་ཡིན་གྱི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2016-09-02 14:43:29     རྩོམ་པ་པོ།   གསེར་རྟ་ཚུལ་ཁྲིམས་བསྟན་འཛིན།    ཀློག་ཐེངས།  

76549972386228242.jpg

             དྲི་གཞི་དགུ་བ། མཆན་ལས། རིགས་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་ རིགས་ངོས་དགག་བྱར་དོལ་བོ་བ་མིན་པ་དག་གིས་ཀྱང་འདོད་དགོས་སོ། ། ཞེས་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ན་སེམས་ཀྱི་རང་བཞིན་དང་དྲི་མ་གཉིས་ཡུལ་དུས་གནས་སྐབས་གང་ལ་ལྟོས་ཀྱང་དབྱེར་མི་རུང་ཡིན་དགོས་པས། སེམས་ཀྱི་གནས་ལུགས་མཐོང་བའི་ཡེ་ཤེས་ཀྱིས་དྲི་མ་མཐོང་དགོས་ལ། ཡེ་ཤེས་དེའི་ངོར་དྲི་མ་ཡོད་པ་རིགས་ངོས་དགག་བྱ་དང་། དེའི་ངོར་དྲི་མ་མེད་པ་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་དོན་ལ་གསུངས་པ་ཡིན་ན། འོ་ན་ཀ་བ་བུམ་པའི་རང་བཞིན་ལ་མ་ཞུགས་པ་དང་བུམ་པ་ཀ་བའི་རང་བཞིན་ལ་མ་ཞུགས་པ་སོགས་ཆོས་ཉིད་དུ་འདོད་ཆོག་གམ། དེ་ཆོས་ཉིད་དུ་འཆད་ཚུལ་གཞན་ཞིག་ལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། སེམས་ལ་བདག་འཛིན་གྱི་མུན་པ་བབ་པ་དེའི་རང་བཞིན་ལ་མ་ཞུགས་པའི་དོན་དེ།   ཞུགས་ན་བདག་འཛིན་གྱི་འཛིན་སྟངས་སེམས་ཀྱི་གནས་ལུགས་ལ་ཇི་ལྟར་ ཡོད་པ་དེ་དང་མཐུན་པར་འགྱུར་ལ། དེ་ལྟར་ན་བདག་མེད་མེད་ཅིང་བདག་ཡོད་པར་འགྱུར་རོ། ། ཞེས་གསུངས་པ་ལྟར་ན་གང་ཟག་གི་བདག་འཛིན་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་འཛིན་སེམས་ཀྱི་རང་བཞིན་མ་ཞུགས་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་དགོས་པ་ལྟར་འདུག་ན། རྟག་འཛིན་སེམས་ཀྱི་རང་བཞིན་མ་ཞུགས་པ་ཆོས་ཉིད་དུ་མི་འདོད་པ་ཡིན་ནམ། གྲུབ་མཐའ་གཅིག་གི་ལུགས་ལ་འཆད་ཚུལ་གོང་འོག་གཉིས་ཀ་ཁས་ལེན་ཐུབ་མིན་ཇི་ལྟར་ཡིན།


གསེར་རྟ་ཚུལ་ཁྲིམས་བསྟན་འཛིན། འབྲས་སྤུངས་སྒོ་མང་།

སྙིང་རྗེའི་བརླན་གྱིས་སྲས་བཞིའི་ལོ་ཏོག་བསྐྲུན། །
ཤེས་རབ་མེ་ཡིས་སྒྲིབ་བཞིའི་ཚང་ཚིང་བསྲེགས། །
བྱམས་པའི་མཚོན་གྱིས་བདུད་བཞིའི་གཡུལ་ངོ་བཟློག །
ཀོའུ་ཏམ་དཔའ་བོ་དེ་ལ་ཕྱག་འཚལ་ལོ། །
མཁྱེན་རབ་གློག་གི་འགྱུ་བ་དང་འགྲོགས་པའི། །
བརྩེ་ཆེན་སྤྲིན་གྱི་རླབས་ཕྲེང་དགོད་པ་ལས། །
འཕྲིན་ལས་མཁའ་མཐར་སྙེག་པའི་སྒྲ་དབྱངས་ཅན། །
བློ་བཟང་གྲགས་པའི་དབྱར་རྔ་ཕྱོགས་སུ་ལྡིར། །
གང་ཞིག་འབད་ཀྱང་མ་རྟོགས་དཀའ་བའི་གནས། །
འཇམ་མགོན་བླ་མའི་དྲིན་གྱིས་ངས་མཐོང་ཞེས། །
མི་འཇིགས་གདོང་ལྔ་བཞད་པའི་དབྱངས་གཅིག་གིས། །
གངས་ཅན་མཁས་པའི་ཚོགས་ལ་ངལ་གསོ་སྦྱིན། །
འཇམ་དབྱངས་དགྱེས་འཛུམ་བཞད་པའི་རྡོ་རྗེ་དང་། །
སྲས་ཀྱི་ཐུ་བོ་གུང་ཐང་བླ་མ་སོགས། །
དངོས་བརྒྱུད་གསེར་རིའི་ཕྲེང་བ་རིམ་བྱོན་གྱིས། །
གཞུང་དོན་འབྱེད་པའི་བྱིན་རླབས་སྙིང་ལ་སྩོལ། །
 

               ཅེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། སྐབས་དོན་གླེང་བ་ནི། དྲི་གཞི་དགུ་བ། མཆན་ལས། རིགས་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་རིགས་ངོའི་དགག་བྱར་དོལ་བོ་བ་མིན་པ་དག་གིས་ཀྱང་འདོད་དགོས་སོ། ། ཞེས་པ་ནས་གོང་འོག་གཉིས་ཀ་ཁས་ལེན་ཐུབ་མིན་ཇི་ལྟར་ཡིན་ཞེས་པའི་དྲི་བར་ལན་ཅུང་ཟད་འདེབས་པའི་ཁུལ་བྱས་ན། མཆན་ ལས། འདིར་བཤད་པ་ནི། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ན་སེམས་ཀྱི་རང་བཞིན་དང་དེ་གཉིས་ཡུལ་དུས་གནས་སྐབས་གང་ལ་ལྟོས་ཏེ་དབྱེ་མི་རུང་ཡིན་དགོས་པས་སེམས་ཀྱི་རང་བཞིན་མཐོང་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོར་ཡང་དྲི་མ་ལས་ཉོན་བག་ཆགས་དང་བཅས་པ་དེ་དག་གིས་སྤྲོས་པ་ཁེགས་མི་ནུས་ལ། རིགས་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་རིགས་ངོའི་དགག་བྱར་དོལ་བོ་བ་མིན་པ་དག་གིས་ཀྱང་འདོད་དགོས་སོ།། ཞེས་གསུངས་པ་འདིའི་དོན་ནི། དཔེར་ན། སྤྲིན་དེ་ཉིད་ནམ་མཁའི་ངོ་བོ་སྒྲིབ་བྱེད་ཙམ་དུ་མ་བསྡད་པར་ནམ་མཁའི་རང་བཞིན་དུ་སོང་ན་ཐོགས་ རེག་བཅད་ཙམ་གྱི་མེད་དགག་རྟོགས་པའི་བློ་དེ་ཉིད་ཀྱིས་སྤྲིན་ཡང་མཐོང་དགོས་པ་ལྟར་སེམས་ཀྱི་ངོ་བོ་ལ་སྒྲིབ་པའི་ཆགས་སོགས་རྣམས་དེའི་རང་ བཞིན་ལ་ཞུགས་ན་སེམས་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་དེའི་ངོར་དྲི་མ་དེ་དག་ཡོད་དགོས་པས་དེ་ལྟར་ན་རིགས་ཤེས་དེས་ཆགས་སོགས་དྲི་མ་དང་། གནས་ལུགས་གཉིས་ཀ་མངོན་སུམ་དུ་མཐོང་ དགོས་པས་རིགས་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་རིགས་ངོའི་དགག་བྱར་དོལ་བོ་བ་མིན་པ་དག་གིས་འདོད་དགོས་པས་མི་འཐད་པར་གསུངས་པ་ཡིན་ལ། སེམས་ཀྱི་རང་བཞིན་དྲི་མས་བསླད་པ་དང་བྲལ་བ་སྟོང་ཉིད་དང་། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་ན་སེམས་སྟེང་གི་གནས་ལུགས་འཇལ་བའི་ཡེ་ཤེས་ཀྱི་ངོར་ལས་ཉོན་གྱིས་སྤྲོས་པ་ཁེགས་མི་ནུས་པར་བཤད་པའི་ཤུགས་ཀྱིས་སེམས་ཀྱི་གནས་ལུགས་དང་ཡུལ་དུས་གནས་སྐབས་གང་ལ་ལྟོས་ཏེ་འབྲལ་མི་རུང་བ་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ལྟ་བུ་ ཞིག་རང་བཞིན་ལ་ཞུགས་པའི་དོན་དུ་བསྟན་པས་ཐར་ལམ་གསལ་བྱེད་དུ་གསུངས་པ་དང་འདི་གཉིས་འཇོག་ཚུལ་སོ་སོར་བྱེད་དགོས་སྙམ་མོ། །

               སེམས་དང་ཐོག་མེད་ནས་ལྷན་ཅིག་སྐྱེས་པའི་བདག་འཛིན་དང་། དེའི་ རྩ་བ་ཅན་གྱི་ཆགས་སོགས་སེམས་དེའི་རང་བཞིན་མཐོང་བ་ལ་སྒྲིབ་ཅིང་ མཐར་གཉེན་པོའི་སྟོབས་ཀྱིས་འབྲལ་རུང་གི་གློ་བུར་བ་སེམས་ཀྱི་གནས་ ལུགས་ལས་ཕྱིན་ཅི་ལོག་ཏུ་ཞུགས་པ་རྣམས་གང་དུ་ཟད་སའི་གཞི་ཡང་རང་བཞིན་དེ་དང་དེའི་ངོར་ཟད་པའི་ཆ་དེ་ཡང་རང་བཞིན་དེ་ག་རང་ལ་འཇོག་དགོས་པའི་ཚུལ་དོན་སྟེང་ནས་བཤད་དུ་ཡོད་པ་རྣམས་རང་བཞིན་ལ་ ཞུགས་མ་ཞུགས་ཇི་ལྟར་ཡིན་དཔྱད་ན་འབྲེལ་ཆེ་བ་ལས། ཀ་བ་ལྟ་བུས་ནི་བུམ་པའི་ངོ་བོ་མཐོང་བ་ཙམ་ལ་ཡང་སྒྲིབ་མི་ནུས་ལ་བུམ་པའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཡང་མ་ཞུགས། དེ་བུམ་པའི་གནས་ལུགས་མཐོང་བའི་གཉེན་པོ་གོམས་པའི་སྟོབས་ཀྱིས་འབྲལ་རུང་ཡིན་པའི་རྒྱུ་མཚན་ཙམ་ཡང་བཤད་དུ་མེད་པས་ན་དེ་བུམ་པའི་རང་བཞིན་ལ་མ་ཞུགས་པ་ཆོས་ཉིད་དུ་འཇོག་ཚུལ་ཞིག་འོང་ས་མེད་པར་སྣང་ངོ་། ། གཞན་ཡང་། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་དོན། རྣམ་འགྲེལ་ལས། ལྡོག་པ་ལ་ནི་རྐྱེན་ལ་ལྟོས། ། མི་བརྟན་སྦྲུལ་གྱི་བློ་བཞིན་ནོ། ། ཞེས་སོགས་ཀྱི་སྐབས་སུ། ཐག་ཁྲ་སྦྲུལ་འཛིན་གྱི་བློ་དང་། ཐག་ཁྲ་ཐག་ཁྲར་འཛིན་པའི་བློ་གཉིས་ཀྱི་ འཛིན་སྟངས་རིམ་པ་བཞིན་ཐག་ཁྲའི་གནས་ལུགས་ལ་མ་ཞུགས་པ་དང་ ཞུགས་པའི་ཚུལ་འདི་དཔེར་བྱས་ཏེ། དོན་ལ་སྦྱར་བ་ན། དེ་ཉིད་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། ། དྲི་མ་རྣམས་ནི་གློ་བུར་བ། ། ཞེས་བདག་འཛིན་དང་། དེའི་རྩ་བ་ཅན་གྱི་ཆགས་སོགས་གཞན་རྣམས་དང་། བདག་མེད་རྟོགས་པའི་ཤེས་རབ་གཉིས་ལས་སྔ་མ་སེམས་ཀྱི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་དང་། ཕྱི་མ་སེམས་ཀྱི་གནས་ལུགས་ལ་ཞུགས་པས་ན། སྔ་མ་བདག་འཛིན་དང་དེས་བསྐྱེད་པའི་ཆགས་སོགས་དེ་དག་ལ་གློ་བུར་བ་དང་། ཕྱི་མའི་འཛིན་སྟངས་ཀྱི་ཡུལ་དེ་རང་བཞིན་འོད་གསལ་བའི་དོན་དུ་མཛད་དེ་དེས་བཟུང་བ་ལྟར་མ་གྲུབ་པ་དྲི་མ་རང་བཞིན་ལ་མ་ཞུགས་པའི་དོན་དུ་གསུངས་པ་ན་བདག་འཛིན་གྱི་འཛིན་ཚུལ་མ་ཚང་བའི་ཆགས་སོགས་དྲི་མ་གཞན་རྣམས་ཀྱང་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཆོས་ཉིད་དུ་འཇོག་ཚུལ་ལེགས་པར་རྟོགས་པར་འགྱུར་རོ། །

                གལ་ཏེ་བདག་འཛིན་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཆོས་ཉིད་དུ་འཇོག་ཚུལ་དེ་ལྟར་ཡིན་དུ་ཆུག་ཀྱང་བདག་འཛིན་གྱི་འཛིན་ཚུལ་དང་ཡོངས་སུ་བྲལ་བའི་ ཆགས་སོགས་ཀྱི་དྲི་མ་རྣམས་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཆོས་ཉིད་དུ་འདིས་ཇི་ལྟར་འགྲུབ་ཅེ་ན། གནས་ལུགས་གང་གི་ངོར་མ་ཞུགས་པའི་དྲི་མ་དེ་དག་གློ་བུར་བར་རྣམ་བཤད་ཐར་ལམ་གསལ་བྱེད་དང་། རྣམ་བཤད་རིགས་པའི་རྒྱ་མཚོ་གཉིས་ཀར་རྒྱུ་མཚན་གཉིས་ཀྱིས་སྒྲུབ་པ་གང་ཞིག སོ་སྐྱེའི་གནས་སྐབས་སུ་དྲི་མ་གློ་བུར་བ་དེ་དག་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་རང་བཞིན་གྱི་མྱང་འདས་དང་། རྣམ་གྲོལ་ལམ་གྱི་དུས་ན་ལམ་དེའི་སྟེང་གི་འགོག་བདེན་ཡིན་པའི་ཕྱིར། རྟགས་དང་བོ་གྲུབ་སྟེ། རྣམ་བཤད་ཐར་ལམ་གསལ་བྱེད་ལས། ཆགས་སོགས་དྲི་མ་རྣམས་ནི་ཆོས་ཅན། གློ་བུར་བ་ཡིན་ཏེ། སེམས་ཀྱི་གནས་ལུགས་ལ་ལོག་པར་ཞུགས་པའི་བློ་ཡིན་པའི་ཕྱིར། ཞེས་དང་། རྣམ་བཤད་རིགས་པའི་རྒྱ་མཚོ་ལས། དྲི་མ་ཆགས་སོགས་དང་དེའི་རྩ་བ་བདག་འཛིན་རྣམས་ནི་སེམས་རྒྱུད་ལ་གློ་བུར་བ་སྟེ་ གཉེན་པོའི་སྟོབས་ཀྱིས་འབྲལ་རུང་ཡིན་པ་དེའི་ཕྱིར། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དྲང་ངེས་མཆན་ལས། དེ་ལྟར་མ་ཡིན་ན་གནས་ལུགས་ཀྱི་ངོ་བོ་སྒྲིབ་པའི་དྲི་མ་ལམ་གྱི་སྟོབས་ཀྱིས་ཟད་ཆའི་འགོག་ བདེན་དེ་སྟོང་ཉིད་མ་ཡིན་པར་ཐལ། གནས་ལུགས་ཁོ་རང་གི་བདག་ཉིད་སླད་བྱེད་ཀྱི་དྲི་མ་གདོད་ནས་ཟད་པ་དེ་ཆོས་ཉིད་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་གཉིས་ལས་ཕྱི་མ་ཆོས་ཉིད་དུ་འཇོག་པ་ལ་དོགས་པ་ཡང་ཆེར་མེད་ལ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིས་སེམས་ཀྱི་ངོ་བོ་ལ་སྒྲིབ་པའི་ཆགས་སོགས་དྲི་མ་དེ་དག་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ རང་བཞིན་གྱི་མྱང་འདས་སུ་གསུངས་པ་ཡིན་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དྲང་ངེས་མཆན་ལས། གཞན་ཡང་སེམས་ཀྱི་རང་བཞིན་དྲི་མས་བསླད་པ་མ་ཞུགས་པ་ཆོས་ཉིད་ཡིན་པར་ཐལ། སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཉིད་ཡིན་པའི་ཕྱིར། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། ། དྲི་མ་རྣམས་ནི་གློ་བུར་བ། ། ཞེས་གསུངས་ པའི་ཕྱིར། ཁྱབ་སྟེ། འདིའི་རང་བཞིན་འོད་གསལ་བ་དེ་ཆོས་ཉིད་ལ་བྱས་ནས་ནམ་མཁའ་དང་དཔེ་སྦྱར། དྲི་མ་གློ་བུར་བ་སྤྲིན་དང་དཔེ་སྦྱར་ནས་དེ་ནམ་མཁའི་ངོ་བོར་ཟད་པ་ལྟར་དྲི་མ་ཆོས་དབྱིངས་སུ་ཟད་པར་འདོད་ པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། སྤྲིན་ནམ་མཁའི་ངོ་བོར་ཟད་པ་དང་སྤྲིན་ནམ་མཁའི་རང་བཞིན་ལ་མ་ཞུགས་པ་གཉིས་ཀ་ནམ་མཁའ་ཡིན་པ་ལྟར། དྲི་མ་སེམས་སྟེང་གི་གནས་ལུགས་ཀྱི་ངོར་ཟད་པ་དང་། དེ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་གཉིས་ཀ་ཆོས་ཉིད་དུ་འཇོག་དགོས་པར་གྲུབ་བོ། །

                ལུང་རིགས་འདི་དག་གིས་རྟག་འཛིན་གྱི་ཞེན་ཡུལ་མེད་པ་ཆོས་ཉིད་མིན་ཡང་རྟག་འཛིན་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཆོས་ ཉིད་དུ་འཇོག་ཚུལ་འགྲུབ་ལ། འདིས་མཚོན་ནས་རང་ཡུལ་ལ་ཕྱིན་ཅི་ལོག་གི་བློ་གཞན་རྣམས་ཀྱང་སེམས་ཀྱི་རང་བཞིན་ལ་མ་ཞུགས་པ་ཆོས་ཉིད་དུ་ འཇོག་ཚུལ་ཤེས་པར་མ་ཟད་བུམ་པ་ཀ་བའི་རང་བཞིན་ལ་མ་ཞུགས་པ་དང་། ཀ་བ་བུམ་པའི་རང་བཞིན་ལ་མ་ཞུགས་པ་སོགས་ཀྱང་ཆོས་ཉིད་དུ་འཇོག་ ཚུལ་མེད་པ་རྟོགས་སླའོ། ། གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ལྟ་བུ་ ཞིག་རང་བཞིན་ལ་ཞུགས་པའི་དོན་དུ་གསུངས་པ་ལྟར་ན། མདོ་སྡེ་བས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་ཆགས་སོགས་ཀྱི་དྲི་མ་མེད་པར་ཁས་བླངས་ན་རང་གི་གྲུབ་མཐའ་དང་འགལ་བར་འགྱུར་བས། གྲུབ་མཐའ་རྩ་བ་ལས། མངོན་སུམ་སྣང་ཡུལ་མི་རྟག་བདག་མེད་ཤུགས། །ཞེས་གསུངས་པ་ལྟར། ཕུང་བོ་བདག་མེད་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ངོར་བདག་གིས་དབེན་པའི་འདུ་བྱེད་སྣང་དགོས་པར་འདོད་པ་བཞིན་ཆགས་སོགས་དྲི་མ་ལ་ཡང་མཚུངས་པས་ཡེ་ཤེས་དེའི་ངོར་ཆགས་སོགས་ཀྱི་དྲི་མ་དེ་དག་ཡོད་ཀྱང་ཆགས་སོགས་དོན་དམ་བདེན་པ་ཡིན་པས་རིགས་ ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་རིགས་ངོའི་དགག་བྱར་མི་འཐད་པའི་སྐྱོན་མེད་ཅེས་སྨྲ་དགོས་སམ། གཞན་ཡང་། དེ་ལྟར་འདོད་པ་མི་འཐད་པར་ཐལ། མཆན་ལས། རིགས་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་ཆོས་ཡོད་པ་རིགས་ངོའི་དགག་བྱར་དོལ་བོ་བ་མིན་པ་དག་གིས་ཀྱང་འདོད་དགོས་སོ། ། ཞེས་གསུངས་པའི་ཕྱིར་ཟེར་ན། ལུང་འདིའི་དོན་མདོ་སྡེ་བའི་ལུགས་ལ་ སྦྱར་ཚུལ་ཡོད་མེད་དང་། སྦྱོར་ལམ་གྱི་དུས་ན་བདག་མེད་ཕྲ་མོ་ལ་དོན་ སྤྱིའི་གསལ་སྣང་འབྱུང་བ་ཡོད་པ་མདོ་སྡེ་བས་ཀྱང་འདོད་དགོས་ལ། རྣལ་འབྱོར་མངོན་སུམ་གྱི་དུས་ན་སྔར་གང་ལ་དོན་སྤྱིའི་གསལ་སྣང་ཐོབ་པའི་ ཡུལ་དེ་སྣང་མི་ནུས་པས་གནད་གང་ལ་ཐུག་པ་དང་། སྦྱོར་བའི་དུས་ན་ ཡུལ་བདག་མེད་ཕྲ་མོ་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་ལ་འབྲས་དུས་སུ་དེ་ལ་གསལ་སྣང་འབྱུང་དགོས་པ་དེ་རྒྱུ་དང་འབྲས་བུའི་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་ཡིན་པས། འདི་དག་དཔྱད་པའི་གཞི་ཡིན་ལ། སེམས་ཙམ་པ་ལྟ་བུའི་ལུགས་ལ་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་མ་ཞུགས་ཀྱི་ཚུལ་གཉིས་གསུངས་པ་འཇོག་ཚུལ་སོ་སོ་བར་བྱེད་དགོས་ཀྱང་གཉིས་ཀ་ཁས་བླངས་པ་ལ་འགལ་བ་མེད་སྙམ་མོ། །

              ཕར་ཕྱིན་མཐའ་དཔྱོད་དུ། དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཀྱང་ཤེས་པའི་ངོ་བོ་ཉོན་མོངས་ཀྱིས་བསླད་པའི་ཤེས་བྱེད་དུ། ཐེག་བསྡུས་ལས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། ། དག་པ་བཞིན་དུ་དག་པར་འདོད། ། ཅེས་དྲངས་པ་དང་། དྲང་ངེས་མཆན་དང་དཀའ་འགྲེལ་གཉིས་ཀར། ཕར་ཕྱིན་མཐའ་དཔྱོད་དུ་རང་བཞིན་དྲི་མས་མ་བསླད་པའི་ཤེས་བྱེད་ལ་ཐེག་བསྡུས་ཀྱི་ཆུ་ ཁམས་གསེར་དང་ནམ་མཁའ་ཞེས་སོགས་དྲངས་པ་ལེའུ་དང་བོའི་ཆོས་ ཉིད་རྒྱས་བཤད་ཀྱི་སྐབས་ཡིན་པ་གང་ཞིག ལེའུ་བཞི་བར་ཡང་། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའ་བཞིན། ། གཉིས་ནི་གློ་བུར་བྱུང་བ་སྟེ། །ཞེས་གསུངས་པའི་ཕྱིར། འདིའི་གཉིས་ཞེས་པ་དག་མ་དག་གཉིས་ཡིན་ལ། ཞིབ་ཆ་འགྲེལ་བཤད་དུ་གསལ། ཞེས་ གསལ་བར་གསུངས་ལ། རྒྱན་སྣང་དུ་ལུང་འདི་དྲངས་པ་ན། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། ། དག་པ་བཞིན་དུ་དག་པར་འདོད། ། ཅེས་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དག་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་སོ། ། ཞེས་གསུངས་པ་ཙམ་ལས་ཐེག་བསྡུས་ཡིན་པའི་གསལ་ཁ་མི་སྣང་ལ། ཁོ་བོའི་ལག་ཏུ་རྙེད་སོན་བྱུང་བའི་ཐེག་བསྡུས་ན་བམ་པོ་བཞིའི་གྲངས་མཛད་ཀྱང་། མཆན་དང་དཀའ་འགྲེལ་སོགས་སུ་དྲངས་པ་ལྟར་ ལེའུ་དང་བོ་དང་། བཞི་བའི་རྣམ་བཞག་མཛད་པ་ཡང་མེད་ལ་གོང་དུ་དྲངས་པའི་ལུང་དེ་དག་མི་སྣང་ཡང་། དོན་ཐོབ་བྱས་པའམ་ཡང་ན་འགྱུར་མི་འདྲ་བ་གཉིས་བྱུང་བ་ཡིན་ནམ་གང་ལྟར་བླུན་པོ་བདག་ལྟ་བུས་མ་མཐོང་ན་མེད་པའི་ངེས་པ་མེད་ཀྱང་རྣམ་དཔྱོད་དང་ལྡན་པ་དག་གིས་བསམ་པར་བྱ་བ་ཡིན་ནོ། ། ཐོས་ཉུང་བློ་གྲོས་སྤར་མོས་མ་ཟིན་ན། ། མེད་པའི་ཁྱབ་པ་མེད་མོད་འོན་ཀྱང་ནི། །སོམ་ཉིས་འཇུག་པ་མཁས་པའི་ལུགས་ཡིན་པས། ། མང་དུ་མཁས་པ་དག་གིས་དཔྱད་འཚལ་ལོ། །
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།