འདི་སྒྲའི་སྙེགས་གཞི་ལ་གང་འཇོག དེས་མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་བྱེད་ཚུལ་གང་ཡིན་གྱི་ལན།།༣
དྲི་གཞི་བརྒྱད་པ། མཆན་ལས།གནད་འདི་མ་གོ་བར་རང་བཞིན་ཞེས་པའི་ ཚིག་ཙམ་ལ་རེ་བའི་གྲུབ་མཐའི་གཏིང་དཔོག་ག་ལ་ནུས་ཏེ། མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་ཡང་འདིས་བྱས་སོ། ། ཞེས་པའི་འདི་སྒྲའི་སྙེགས་གཞི་ལ་གང་འཇོག དེས་མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་བྱེད་ཚུལ་གང་ཡིན།
ཟུང་ངག་དབང་བཀྲ་ཤིས། འབྲས་སྤུངས་སྒོ་མང་།
མཐར་ཐུག་ཐེག་པ་གཅིག་དང་། གསུམ་འདོད་པའི་རྩ་བ་ཡང་འདིས་བྱས་སོ། ། ཞེས་པའི། འདི་སྒྲའི་སྙེགས་གཞི་ནི་སེམས་ཀྱི་ངོ་བོ་སྒྲིབ་བྱེད་ཀྱི་དྲི་མ་བདེན་གྲུབ་དུ་འདོད་པ་དེ་ཡིན་ལ། མཐར་ཐུག་ཐེག་གཅིག་དང་ཐེག་གསུམ་གྱི་རྩ་བ་བྱེད་ཚུལ་ཡང་། དབུ་མ་བའི་ལུགས་ལ་དྲི་མ་བདེན་པར་མ་གྲུབ་པས་མཐར་ཐུག་ཐེག་གཅིག་དང་། སེམས་ཙམ་པའི་ལུགས་ལ་དྲི་མ་བདེན་པར་འདོད་པས་མཐར་ཐུག་ཐེག་གསུམ་དུ་སྨྲ་དགོས་བྱུང་ལ། དཔེར་ན། ཐལ་རང་ལུགས་ལ་དྲི་མ་བདེན་པར་གྲུབ་ན་གཉེན་པོ་ཡང་བདེན་པར་གྲུབ་དགོས་པས། སྤང་གཉེན་གཉིས་བདེན་པར་གྲུབ་ན་ནམ་མཁས་ནམ་མཁའ་ལ་གླགས་མི་རྙེད་པ་བཞིན་བདེན་གྲུབ་ཀྱིས་བདེན་ གྲུབ་ལ་ཅི་ཡང་མི་གནོད་པས་གཉེན་པོ་གོམས་པས་སྤང་བྱ་སྤང་མི་ནུས་ཙམ་དུ་མ་ཟད། བདེན་འཛིན་གྱི་འཛིན་སྟངས་སེམས་ཀྱི་གནས་ལུགས་ལ་འགྲོ་དགོས་པས་དྲི་མ་སྤངས་པའི་གང་ཟག་མི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་གནས་ལུགས་མཐོང་བའི་ཐལ་བ་ཡང་བཟློག་ཏུ་མེད་པས་མི་འཐད་ལ། དེས་རྒྱུ་མཚན་གྱིས་དབུ་མ་བའི་ལུགས་ལ། སྤང་གཉེན་དོན་དམ་པར་མ་ གྲུབ་ཅིང་ཐ་སྙད་ཙམ་དུ་བྱ་བྱེད་ཀྱི་རྣམ་བཞག་བསྙོན་མེད་དུ་འཇོག་ནུས་ ཤིང་། གཉེན་པོ་གོམས་པ་ལ་བརྟེན་ནས་སྤང་མི་ཐུབ་པའི་དྲི་མ་གང་ཟག་སུའི་རྒྱུད་ལ་ཡང་མེད་པས་མཐར་སེམས་ཅན་ཐམས་ཅད་སྒྲིབ་པ་སྤངས་པའི་སངས་རྒྱས་སུ་འགྱུར་ངེས་ཡིན་པར་གྲུབ་ཀྱང་། དེ་ཡང་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་ཅིང་། སེམས་ཀྱི་ངོ་བོ་སྒྲིབ་པའི་དྲི་མ་བདེན་པར་མ་གྲུབ་པའི་གནད་ལ་ཐུག་གོ།
འོ་ན་སེམས་ཙམ་པའི་ལུགས་ལ་བདེན་པར་གྲུབ་པའི་དྲི་མ་ཞིག་གིས་སེམས་ཀྱི་ངོ་བོ་སྒྲིབ་པས་མཐར་ཐུག་ཐེག་གསུམ་དུ་འགྱུར་ན། རིགས་པའི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ལ་མཐར་ཐུག་ཐེག་པ་གསུམ་ཁས་ལེན་པར་ཐལ། བདེན་པར་གྲུབ་པའི་དྲི་མ་ཞིག་གིས་སེམས་ཀྱི་ངོ་བོ་སྒྲིབ་པར་འདོད་པའི་ཕྱིར་ཟེར་ན། བཤད་པར་བྱ་སྟེ་སྐབས་འདིའི་ སེམས་ཙམ་པ་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་ཡིན་པས་དེའི་ལུགས་སུ་བཤད་དགོས་ལ། དེའི་ལུགས་ལ་ཉན་རང་སློབ་པའི་རྒྱུད་ཀྱི་རིགས་དང་དེ་སྒྲིབ་བྱེད་ཀྱི་དྲི་མ་གཉིས་བདེན་པར་གྲུབ་པས་དེའི་དབང་གིས་མཐར་ཐུག་ཐེག་གསུམ་དུ་འགྲོ་ཚུལ་ཞིག་ཡོད་དམ་སྙམ། འོ་ན་རིགས་པའི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ལ་ཡང་རིགས་དང་དེ་སྒྲིབ་ཀྱི་དྲི་མ་བདེན་པར་གྲུབ་པས་མཚུངས་སོ་ཞེ་ན།
མི་མཚུངས་སྟེ། རིགས་པའི་རྗེས་འབྲང་གི་ སེམས་ཙམ་པའི་ལུགས་ལ་ཉན་རང་སློབ་པའི་རྒྱུད་ཀྱི་རིགས་དང་དྲི་མ་བདེན་པར་གྲུབ་ཀྱང་། རིགས་དེ་ཉིད་གནས་སྐབས་ཉན་རང་གི་ཐེག་པའི་ངོ་བོར་འགྲོ་རུང་དུ་བདེན་པར་གྲུབ་ཀྱང་། མཐར་ཐུག་ཐེག་ཆེན་གྱི་ཐེག་ པའི་ངོ་བོར་འགྲོ་རུང་དུ་བདེན་པར་གྲུབ་པས་ན། ཉན་རང་གི་བྱང་ཆུབ་ ཐོབ་ཟིན་པའི་རྗེས་སུ་ཐེག་ཆེན་ལམ་ཏུ་བསྒྱུར་ནུས་པས་མི་མཚུངས་ལ། ལུང་གི་རྗེས་འབྲང་གི་སེམས་ཙམ་པའི་ལུགས་ལ། ཞི་བ་བགྲོད་པ་གཅིག་པུ་བའི་ཉན་ཐོས་དང་རྒྱུད་གཅིག་པའི་སོ་སྐྱེས་རྒྱུད་ཀྱི་རིགས་དེ་ཉིད་བདེན་ པར་གྲུབ་པའི་དྲི་མས་སྒྲིབ་པར་མ་ཟད་མཐར་ཐུག་ཉན་ཐོས་ཀྱི་ཐེག་པའི་ངོ་བོར་འགྲོ་རུང་དུ་བདེན་པར་གྲུབ་པས་ན། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་རྗེས་སུ་ལམ་གང་དུའང་བསྒྱུར་མི་ནུས་པས་ན་མཐར་ཐུག་ཐེག་གསུམ་འདོད་པས་རྩ་བ་ཡང་དེ་ཡིན་ནོ། །
རྣམ་བཤད་སྙིང་བོ་རྒྱན་སྐབས་གཉིས་པ་ལས། དོན་དམ་པར་རིགས་སོ་སོར་ངེས་པ་ཡིན་པས་གནས་སྐབས་རྐྱེན་གྱི་དབང་གིས་མོས་པ་དང་བསམ་པ་ཅུང་ཟད་བསྒྱུར་ཏུ་རུང་ཡང་། དོན་དམ་པར་ངོ་བོ་ཉིད་ཀྱིས་སོ་སོར་ངེས་པས་མཐར་ཐུག་པའི་ཐེག་པ་ཡང་སོ་སོ་ཐ་དད་པ་ གསུམ་དུ་ངེས་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། སྐྱེས་སྦྱངས་ནོར་གྱིས་ཕོངས་པའི་བདག་འདྲ་ལ། ། གཞུང་དོན་དཔྱོད་པའི་བློ་ཡི་མཐུ་མེད་ཅིང་། ། ལྷག་བསམ་དད་པས་དྲངས་པའི་རྗེས་དྲན་ཙམ། ། ཚིག་གི་ལམ་ནས་བསྟན་ལ་འགལ་བ་ཅི། ། དེ་ཕྱིར་འདིར་འབད་དགེ་བ་ཅུང་མཆིས་ན། ། སྐྱེ་བའི་ ཕྲེང་བར་རྗེ་བཙུན་བླ་མ་ཡི། ། ཞབས་རྡུལ་གུས་མནོས་གསུང་གི་བདུད་ རྩི་ལ། ། ངོམས་མེད་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག །
ཅེས་རྗེ་བཙུན་བླ་མ་དམ་པའི་སློབ་འབངས་ཡོངས་ཀྱི་གྲལ་མཐའ་བ་གཙང་སྐོར་ངག་དབང་བཀྲ་ཤིས་ཀྱིས་འཕགས་ཡུལ་ལྷོ་ཕྱོགས་འབྲས་དཀར་སྤུངས་པའི་སྡེ་ཆེན་པོ་ནས།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn