འདི་སྒྲའི་སྙེགས་གཞི་ལ་གང་འཇོག དེས་མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་བྱེད་ཚུལ་གང་ཡིན་གྱི་ལན།།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 13:30:42     རྩོམ་པ་པོ།   འཇམ་དབྱངས་རྒྱ་མཚོ།    ཀློག་ཐེངས།  

         76549972386228242.jpg

              དྲི་གཞི་བརྒྱད་པ། མཆན་ལས།གནད་འདི་མ་གོ་བར་རང་བཞིན་ཞེས་པའི་ ཚིག་ཙམ་ལ་རེ་བའི་གྲུབ་མཐའི་གཏིང་དཔོག་ག་ལ་ནུས་ཏེ། མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་ཡང་འདིས་བྱས་སོ། ། ཞེས་པའི་འདི་སྒྲའི་སྙེགས་གཞི་ལ་གང་འཇོག དེས་མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་བྱེད་ཚུལ་གང་ཡིན།
 

ལྷ་རམས་པ་རེབ་ཚ་འཇམ་དབྱངས་རྒྱ་མཚོ། རྔོག་རྒྱལ་མོ་དགོན།

               གནད་འདི་མ་གོ་བར་རང་བཞིན་ཞེས་པའི་ཚིག་ཙམ་ལ་རེ་བའི་གྲུབ་མཐའི་གཏིང་དཔོག་ག་ལ་ནུས་ཏེ། མཐར་ཐུག་ཐེག་པ་གཅིག་དང་ གསུམ་འདོད་པའི་རྩ་བ་ཡང་འདིས་བྱས་སོ། ། ཞེས་པའི་འདི་སྒྲའི་སྙེག་གཞི་ལ་གང་འཇོག་ཅེ་ན། མཆན་ལས་གསལ་བ་ལྟར། སེམས་ཙམ་པས་རང་ བཞིན་དྲི་མས་མ་བསླད་པའི་སེམས་འོད་གསལ་བ་ཙམ་འདོད་ན་ཡང་། དྲི་མ་རང་གི་ངོས་ནས་སེམས་ཀྱི་ངོ་བོ་སྒྲིབ་པར་འདོད་པ་དེ་ལ། དབུ་མ་བས་གཞལ་ཚེ་རང་བཞིན་བསླད་པའི་དོན་དུ་འདོད་དེ་སེམས་ཀྱི་རང་བཞིན་དེ་ལྟར་བསྒྲིབས་སོང་བ་ཡིན་ན་འབྲལ་མི་རུང་དུ་འདོད་པའི་ཕྱིར། མདོར་ན་རང་བཞིན་གྱི་མྱང་འདས་དབུ་སེམས་གཉིས་ཀས་འདོད་པ་འདྲ་ཡང་འཇོག་ཚུལ་ལ་ཁྱད་ཆེན་པོ་ཡོད་པ་སྒྲུབ་བྱེད་དང་བཅས་བཀོད་པ་འདི་ནི་འདི་སྒྲའི་སྙེག་ས་ཡིན་ལ། དེས་མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་བྱེད་པའི་རྒྱུ་མཚན་ནི། སེམས་ཙམ་པས་མཐར་ཐུག་ཐེག་པ་གསུམ་ འདོད་པའི་རྒྱུ་མཚན་རིགས་བདེན་གྲུབ་ཏུ་འདོད་པས་ཡིན་ཏེ།

              གུང་ཐང་རིན་པོ་ཆེའི་ཞལ་ལུང་བདུད་རྩིའི་ཐིགས་འཕྲེང་ལས། སེམས་ཙམ་པ་མན་ཆད་རིགས་བདེན་གྲུབ་ཏུ་འདོད་པའི་རྒྱུ་མཚན་གྱིས་མཐར་ཐུག་ཐེག་པ་ གསུམ་དུ་བཞག་པ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར། དེ་ལ་སེམས་ཙམ་པ་ཡིན་ན་མཐར་ཐུག་ཐེག་པ་གསུམ་དུ་འདོད་པས་མ་ཁྱབ་པའི་ཕྱིར། ལུང་ འདི་མི་འཐད་ཟེར་ན། སྐྱོན་མེད་དེ། དཔེར་ན་སེམས་ཙམ་པས་ཀུན་གཞི་འདོད་ཀྱང་། སེམས་ཙམ་པ་ཡིན་ན་ཀུན་གཞི་ཁས་ལེན་པས་མ་ཁྱབ་པ་ བཞིན་དུ་འདི་ཡང་སེམས་ཙམ་པས་དེ་ལྟར་འདོད་ཀྱང་སེམས་ཙམ་པ་ཡིན་ན་དེ་ལྟར་འདོད་མི་དགོས་པའི་ཕྱིར། འོན་ཀྱང་རྣམ་འགྲེལ་རྗེས་འབྲང་གི་སེམས་ཙམ་པས་རིགས་བདེན་གྲུབ་འདོད་ཀྱང་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབས་པ་ཡང་། དགག་བྱའི་ཁྱད་ཙམ་མ་གཏོགས་དབུ་མ་བའི་རིགས་ པའི་འགྲོས་དང་སྒོ་བསྟུན་པ་ཡིན་ཏེ། ཞལ་ལུང་བདུད་རྩིའི་ཐིགས་འཕྲེང་ལས། རྣམ་འགྲེལ་རྗེས་འབྲང་གི་སེམས་ཙམ་པ་རྣམས། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཞེས་སོགས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབས་པའང་དབུ་མ་བའི་རིགས་པའི་འགྲོས་འདི་ལ་གཞོལ་བ་ཡིན་ཏེ། དགག་བྱའི་ཁྱད་ཙམ་མ་གཏོགས། སྣ་ཚོགས་སྣང་ཅན་དོན་རྣམས་ལ། ། ཞེས་སོགས་གཅིག་དུ་བྲལ་གྱི་རིགས་པ་དང་། རེས་འགའ་བ་ཉིད་ཡིན་པས་ན། ། ཞེས་སོགས་ལྟོས་གྲུབ་ཀྱི་རིགས་པས་སྒྲུབ་ཚུལ་རྩ་འཇུག་སོགས་དང་འགྲོས་མཐུན་པ་ ཤིན་ཏུ་མང་ངོ་། ། ཞེས་གསུངས་པའི་ཕྱིར།

             དེ་ལྟར་སྒྲུབ་ཚུལ་རྩ་ཤེས་དང་དབུ་མ་འཇུག་པ་སོགས་དང་འགྲོས་མཐུན་པ་ཤིན་ཏུ་མང་བའི་གནད་ཀྱིས་རྒྱ་གར་གྱི་པཎྡི་ཏ་འགའ་རེས་ཀྱང་རྣམ་འགྲེལ་ལྟ་བ་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་དང་ཁྱད་པར་མེད་པར་གསུངས་པ་ཡང་འདིས་དབང་ གིས་ཡིན་པ་འདྲ། དེས་ན་ལུང་རིགས་ཀྱི་རྗེས་འབྲང་གི་སེམས་ཙམ་པ་ གཉིས་ཀས་རིགས་བདེན་གྲུབ་འདོད་པར་མཚུངས་ཀྱང་། མཐར་ཐུག་ཐེག་གསུམ་འདོད་མི་འདོད་ཀྱི་གནད་འདི་དཔྱད་དགོས་པས་ཕྲན་གྱི་འཆར་ཚུལ་ལ་སེམས་ཡིན་ན་རང་བཞིན་འོད་གསལ་བ་ཡིན་པས་ཁྱབ་མ་ཁྱབ་ལ་ཐུག་ ཡོད་པར་སྙམ། ལུང་གི་རྗེས་འབྲང་གི་སེམས་ཙམ་པས། སེམས་ཀྱི་རང་ བཞིན་འོད་གསལ་བར་འདོད་ཀྱང་། སེམས་ཡིན་ན་རང་བཞིན་འོད་གསལ་བས་ཁྱབ་པ་དང་། སེམས་ཅན་གྱི་རྒྱུད་ཀྱི་སེམས་ཡིན་ན་འཚང་རྒྱ་རུང་ཡིན་པས་ཁྱབ་པ་གཉིས་ཀ་མི་འདོད་ལ། རིགས་པའི་རྗེས་འབྲང་གི་སེམས་ཙམ་པས་དེ་ལྟར་ཁྱབ་པ་གཉིས་ཀ་འདོད་པའི་ཕྱིར། ཡང་སེམས་ཙམ་པ་འགའ་རེས་སེམས་ཀྱི་ངོ་བོ་དང་སེམས་ཀྱི་རང་བཞིན་གཉིས་ཁྱད་ཕྱེས་ཏེ། སེམས་ཀྱི་ངོ་བོ་ལ་དྲི་མས་བསླད་པ་ཞུགས་ཀྱང་སེམས་ཀྱི་རང་བཞིན་ལ་དྲི་མས་ བསླད་པ་མ་ཞུགས་ཞེས་འདོད་མཁན་ཡང་ཡོད་པས་སོ།། སྤྱིར་རིགས་བདེན་གྲུབ་ཏུ་འདོད་པ་ཙམ་གྱིས་མཐར་ཐུག་ཐེག་པ་གསུམ་དུ་འདོད་མི་དགོས་པ་འདྲ་བས། ད་དུང་འདིའི་སྐོར་ལ་དཔྱད་བྱ་མང་བས་དཔྱད་དགོས་སོ། །
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།