འདི་སྒྲའི་སྙེགས་གཞི་ལ་གང་འཇོག དེས་མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་བྱེད་ཚུལ་གང་ཡིན་གྱི་ལན།།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 13:22:41     རྩོམ་པ་པོ།   ཀླུ་ཡོན་ཏན་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

               དྲི་གཞི་བརྒྱད་པ། མཆན་ལས།གནད་འདི་མ་གོ་བར་རང་བཞིན་ཞེས་པའི་ ཚིག་ཙམ་ལ་རེ་བའི་གྲུབ་མཐའི་གཏིང་དཔོག་ག་ལ་ནུས་ཏེ། མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་ཡང་འདིས་བྱས་སོ། ། ཞེས་པའི་འདི་སྒྲའི་སྙེགས་གཞི་ལ་གང་འཇོག དེས་མཐར་ཐུག་ཐེག་པ་གཅིག་དང་གསུམ་འདོད་པའི་རྩ་བ་བྱེད་ཚུལ་གང་ཡིན།


ལྷ་རམས་པ་ཀླུ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

                       བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
                      དེ་ལ་འདིར་དྲང་ངེས་ཀྱི་དྲི་གཞི་བརྒྱད་པར་ལན་མདོ་ཙམ་བྱ་བ་ལ། མཆན་དུ་མཐར་ཐུག་ཐེག་གསུམ་འདོད་པའི་རྩ་བ་ཡང་འདིས་བྱས་སོ། ། ཞེས་པའི་འདི་སྒྲ་འཇུག་གཞི་ནི། དེ་ཉིད་ལས། སེམས་ཙམ་པ་ཡང་རང་ བཞིན་དྲི་མས་མ་བསླད་པའི་འོད་གསལ་བ་ཙམ་འདོད་ཀྱང་། རྟོག་བཏགས་ཙམ་མ་ཡིན་པར་དྲི་མ་ཁོ་རང་གི་ངོས་ནས་སེམས་ཀྱི་ངོ་བོ་སྒྲིབ་པ་དེ། ཞེས་སེམས་དྲི་མས་སྒྲིབ་ཚུལ་བཤད་པ་དེ་ཡིན་པར་མངོན་ལ། དེས་མཐར་ཐུག་ཐེག་གསུམ་འདོད་པའི་རྩ་བ་བྱེད་ཚུལ་ནི། སྒྲིབ་བྱེད་ཀྱི་དྲི་མ་དེ་ཉིད་རྟོག་བཏགས་ཙམ་ཡིན་ན་དྲི་མ་ཡེ་མེད་དུ་འགྱུར་བས་སེམས་དྲི་མས་སྒྲིབ་ཅེས་པ་ཡང་སྒྲིབ་པར་རློམ་ཙམ་ལས་སྒྲིབ་པ་དངོས་ལ་མི་འགྱུར་བའི་ཕྱིར་ན། རྟོག་བཏགས་ཙམ་མ་ཡིན་པར་དྲི་མ་རང་གི་ངོས་ནས་སྒྲིབ་བྱེད་དུ་སྐྱེས་པ་ཞིག་ དགོས་ཞེས། སྒྲིབ་བྱའི་སེམས་དང་སྒྲིབ་བྱེད་ཀྱི་དྲི་མ་གཉིས་ཀ་བདེན་པར་གྲུབ་པའི་སྒོ་ནས་སྒྲིབ་ཚུལ་བཤད་ཅིང་། སྒྲིབ་བྱའི་སེམས་བདེན་པར་གྲུབ་པས། ཉན་རང་རིགས་ངེས་ཐེག་ཆེན་དུ་འཁྲིད་མི་ནུས་ལ། གཏན་ནས་ རིགས་ཆད་ཀྱང་ལམ་དུ་འཁྲིད་མི་ནུས་པའི་ཕྱིར་རོ། །

                 འདིའི་གནད་ཀྱང་ གཞན་དབང་བདེན་གྲུབ་ལ་ཐུག་ཅིང་དེའི་ཚུལ་ཅུང་གསལ་བར་བཤད་ན་ འདི་ལྟར་སྙམ་སྟེ། ལམ་ཤེས་ཡན་ལག་ཐད་ཀྱི་རྣམ་བཤད་སྙིང་བོའི་རྒྱན་ལས། དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་། གཞན་དབང་དང་ཡོངས་གྲུབ་གཉིས་ དོན་དམ་པར་གྲུབ་པས། སེམས་ཅན་གྱི་རྒྱུད་ཀྱི་ཐེག་པ་སོ་སོའི་ལམ་དུ་ བཀྲིར་རུང་བའི་ཟག་པ་མེད་པའི་ས་བོན་གྱི་རིགས་སོ་སོར་ངེས་པ་ཁ་ཅིག་ཀྱང་། དོན་དམ་པར་རིགས་སོ་སོར་ངེས་པ་ཡིན་པས་གནས་སྐབས་རྐྱེན་གྱི་དབང་གིས་མོས་པ་དང་བསམ་པ་ཅུང་ཟད་བསྒྱུར་དུ་རུང་ཡང་། དོན་དམ་པར་ ངོ་བོ་ཉིད་ཀྱི་སོ་སོར་ངེས་པས་མཐར་ཐུག་པའི་ཐེག་པ་ཡང་སོ་སོར་ཐ་དད་ པ་གསུམ་དུ་ངེས་པ་ཡིན་ནོ། ། ཞེས་གསུངས་པ་ལྟར། ཐེག་པ་གསུམ་གྱི་ངེས་པའི་རིགས་གསུམ་ནི་གདོད་མ་ནས་རང་ཉིད་ཐེག་པ་གང་གི་ཟག་མེད་ཡེ་ཤེས་ཀྱི་ངོ་བོར་འགྱུར་རུང་བའི་ནུས་པའི་ངོ་བོར་དོན་དམ་པར་སྟེ་བདེན་པར་གྲུབ་པའི་ངོས་ནས་ཡོད་པས་རང་ཉིད་བྱང་ཆུབ་གང་གི་རྒྱུའི་ངོ་བོར་ཡོད་པ་དེ་བྱང་ཆུབ་གཞན་གྱི་རྒྱུར་བསྒྱུར་དུ་མེད་པའི་ཕྱིར། དཔེར་ན། ཉན་ཐོས་ཀྱི་ངེས་པའི་རིགས་ཅན་དེས། ཐེག་པ་གཞན་ཐེག་ཆེན་གྱི་ཆོས་ལྟ་བུ་ལ་ཐོས་སོགས་བྱས་པའི་རྐྱེན་གྱིས་གནས་སྐབས་མོས་པ་དང་བསམ་པ་ཅུང་ཟད་བསྒྱུར་དུ་ཡོད་ཀྱང་། རང་རྒྱུད་ཀྱི་རིགས་དེ་ཉིད་ཉན་ཐོས་ཀྱི་ངེས་པའི་རིགས་ཡིན་པས་མཐར་ཐུག་གི་འབྲས་བུ་ཉན་ཐོས་ཀྱི་བྱང་ཆུབ་དུ་ངེས་པ་ལྟར། རང་རྒྱལ་ལའང་མཚུངས་བས་ན་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་བོ། །

                 འདིའི་ལུགས་ཀྱི་ངེས་མ་ངེས་ཀྱི་རིགས་ནི་འདིར་བཤད་པ་ལྟར་མཐར་ཐུག་གི་བྱང་ཆུབ་དེ་རང་རང་གི་བྱང་ཆུབ་ཏུ་ངེས་མ་ངེས་ལས་ཐེག་པ་གཞན་གྱི་ལམ་སྔོན་དུ་སོང་མ་སོང་གི་མིན་པ་གོང་དུ་དྲངས་པའི་རྣམ་བཤད་ཀྱི་ལུང་དང་། ཡང་དེ་ཉིད་ལས། དགོས་པ་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་ཐེག་ཆེན་དུ་དྲང་བར་བྱ་བ་དང་། ཞེས་དང་། བསེའི་ཀུན་གཞིའི་དཀའ་འགྲེལ་ཟིན་བྲིས་ལས་ཀྱང་། མ་ངེས་པའི་རིགས་ཅན་འགའ་ཞིག་ལྷག་བཅས་ཚེ་ཐེག་ཆེན་དུ་འཇུག་ཀྱང་། རིགས་ངེས་ནི་ཐེག་ཆེན་དུ་འཇུག་མི་སྲིད་པར་འདོད། ཅེས་སོགས་ཀྱིས་འགྲུབ་པའི་ཕྱིར། འདིའི་སྟེང་ནས་སེམས་ཙམ་པ་གཉིས་ཀས་གཞན་དབང་བདེན་གྲུབ་འདོད་པར་མཚུངས་ཀྱང་མཐར་ཐུག་ཐེག་གསུམ་འདོད་མི་འདོད་ཀྱི་ཁྱད་ལེགས་པར་འབྱེད་ཐུབ་པར་སེམས་སོ། ། ཞེས་པ་འདི་ནི་སྔར་གཞན་དུ་བྲིས་པ་ལ་འཕྲི་སྣོན་ཅུང་ཟད་བགྱིས་ཏེ་ངེས་པ་དོན་གྱི་མཁས་པའི་དབང་བོ་དགེ་བཤེས་བློ་བཟང་དགེ་འདུན་དེ་ཉིད་ཀྱི་རྗེས་དྲན་དུ་གུས་པ་ཀླུ་འབུམ་དགེ་བཤེས་ཡོན་ཏན་རྒྱ་མཚོས་ཕུལ། །
 

              ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                    རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།