སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་ཞེས་པ་སྐྱེ་བ་ངོ་བོ་ཉིད་མེད་པ་རང་ལྡོག་གི་དབང་དུ་བྱས་སམ། དེའི་གཞི་ལྡོག་མཚན་གཞིའི་དབང་དུ་བྱས་པའི་ལན།༣

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 13:17:49     རྩོམ་པ་པོ།   རུ་མང་ཚུལ་ཁྲིམས།    ཀློག་ཐེངས།  

76549972386228242.jpg

               དྲི་གཞི་བདུན་པ། རྩ་བ་ལས། ངོ་བོ་ཉིད་མེད་ཚུལ་དེ་ལྟར་ཡིན་ན་སྐྱེ་བ་མེད་པ་སོགས་གང་ལ་དགོངས་ནས་གསུངས་ཤེ་ན། འདི་ནི་ངོ་བོ་ཉིད་མེད་པ་དང་པོ་ཐ་མ་ལ་དགོངས་ནས་གསུངས་ཏེ། ཞེས་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་མ་གསུངས་པ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་རང་ལྡོག་གི་དབང་དུ་བྱས་སམ། དེའི་གཞི་ལྡོག་མཚན་གཞིའི་དབང་དུ་བྱས། དང་བོ་ལྟར་ན། སྐྱེ་བ་ངོ་བོ་ཉིད་པ་རང་ལྡོག་ཀུན་བཏགས་ཡིན་པས་དེའི་ དགོངས་གཞིར་དངོས་སུ་མ་གསུངས་པའི་རྒྱུ་མཚན་མེད་ལ།  གཉིས་པ་ ལྟར་ན། དགོངས་གཞི་དྲིས་པའི་ལན་གྱི་སྐབས་དང་གདུལ་བྱའི་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་གཉིས་ཀར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་ སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་མ་བསྟན་གྱི་ཁྱད་པར་མེད་པས་དྲང་ངེས་དཀའ་འགྲེལ་གྱི་དགོངས་པ་ཇི་ལྟར་འགྲེལ།

 རུ་མང་ཚུལ་ཁྲིམས། ཀླུ་ཚང་དགོན།

              གཞི་ལྡོག་གི་དབང་དུ་བྱ་དགོས་ལ་དེ་ལྟ་ན་ཁྱད་པར་མེད་པའང་མིན་ཏེ། འདིར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་ཀྱི་དགོངས་གཞིར་དངོས་སུ་བསྟན་མིན་ནི་ལན་གྱི་སྐབས་སུ་གཙོ་བོར་དངོས་སུ་བསྟན་མིན་ལ་བྱེད་དགོས་ཤིང་། སྤྱིར་དགོངས་འགྲེལ་ལས་ཀྱང་མཚན་ཉིད་གསུམ་ག་ དགོངས་གཞིར་བྱས་སྙམ་སྟེ། དགོངས་འགྲེལ་ལས། དོན་དམ་ཡང་དག་ འཕགས། དེ་བཞིན་གཤེགས་པས་ནི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་དག་ཉིད་ལ་དགོངས་ནས། དྲང་བའི་དོན་གྱི་མདོ་བརྗོད་པའི་རྣམ་པ་འདི་ལྟ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། ཆོས་ཐམས་ཅད་མ་ སྐྱེས་པ། མ་འགག་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའོ། ། ཞེས་ཆོས་སྟོན་ཏེ། ཞེས་དང་།

                གྲུབ་མཐའ་ཆེན་མོ་ལས། མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་ནི། དགོངས་ འགྲེལ་དང་རྒྱན་དང་། ཀུན་བཏུས་ལས་མཚན་ཉིད་གསུམ་གྱི་ངོ་བོ་ཉིད་ཇི་ལྟར་མེད་པ་དེ་ལྟར་མ་སྐྱེས་པ་སོགས་དང་། ཡང་དགོངས་འགྲེལ་ལས་ མཚན་ཉིད་གཉིས་སྦྱར་ནས་གསུངས་ཚུལ་ནི། ཞེས་སོགས་གསུངས་པའི་ ཕྱིར་རོ། ། དེས་ན་ལན་གྱི་སྐབས་སུ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་ཞེས་ཀུན་བཏགས་དང་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ནི་ ཞེས་ཡོངས་གྲུབ་ངོས་བཟུང་ནས་དགོངས་གཞིར་གཙོ་བོར་དངོས་སུ་བསྟན་ལ། གཞན་དབང་དེ་ལྟར་མ་བསྟན། མོས་པ་དེ་ལྟ་བུ་དག་ཀྱང་སྣང་ངོ་ཞེས་ གདུལ་བྱའི་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་སུ་ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་འདི་དག་ཉིད་ལ་དགོངས་ནས་ཞེས་མཚན་ཉིད་གསུམ་ལ་ཆ་མ་ཕྱེ་བར་དངོས་སུ་གཙོ་བོར་བསྟན་པས། ཐོག་མཐའ་གཉིས་ཀྱི་གཞི་ལྡོག་དེའི་དགོངས་གཞིར་གཙོ་བོར་དངོས་སུ་བསྟན་ལ། བར་བའི་གཞི་ལྡོག་དེར་དངོས་སུ་མི་སྟོན་པའི་རྒྱུ་མཚན་མེད་པའི་ཕྱིར་དང་། དོན་དམ་གྱི་ཁྱད་པར་སྦྱར་ནས་དགོངས་གཞིར་འཇོག་ཚུལ་ཀུན་བཏུས་ལས་ཀྱང་གསུངས་པའི་ཕྱིར།
 

             ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།