སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་ཞེས་པ་སྐྱེ་བ་ངོ་བོ་ཉིད་མེད་པ་རང་ལྡོག་གི་དབང་དུ་བྱས་སམ། དེའི་གཞི་ལྡོག་མཚན་གཞིའི་དབང་དུ་བྱས་པའི་ལན།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 13:12:46     རྩོམ་པ་པོ།   རྡོ་རམས་པ་ཐུབ་བསྟན་རྒྱ་མཚོ།     ཀློག་ཐེངས།  


76549972386228242.jpg

               དྲི་གཞི་བདུན་པ། རྩ་བ་ལས། ངོ་བོ་ཉིད་མེད་ཚུལ་དེ་ལྟར་ཡིན་ན་སྐྱེ་བ་མེད་པ་སོགས་གང་ལ་དགོངས་ནས་གསུངས་ཤེ་ན། འདི་ནི་ངོ་བོ་ཉིད་མེད་པ་དང་པོ་ཐ་མ་ལ་དགོངས་ནས་གསུངས་ཏེ། ཞེས་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་མ་གསུངས་པ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་རང་ལྡོག་གི་དབང་དུ་བྱས་སམ། དེའི་གཞི་ལྡོག་མཚན་གཞིའི་དབང་དུ་བྱས། དང་བོ་ལྟར་ན། སྐྱེ་བ་ངོ་བོ་ཉིད་པ་རང་ལྡོག་ཀུན་བཏགས་ཡིན་པས་དེའི་ དགོངས་གཞིར་དངོས་སུ་མ་གསུངས་པའི་རྒྱུ་མཚན་མེད་ལ།  གཉིས་པ་ ལྟར་ན། དགོངས་གཞི་དྲིས་པའི་ལན་གྱི་སྐབས་དང་གདུལ་བྱའི་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་གཉིས་ཀར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་ སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་མ་བསྟན་གྱི་ཁྱད་པར་མེད་པས་དྲང་ངེས་དཀའ་འགྲེལ་གྱི་དགོངས་པ་ཇི་ལྟར་འགྲེལ།

རྡོ་རམས་པ་ཐུབ་བསྟན་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ།

                དྲི་བ་དང་ལན་གཉིས། དང་བོ་ནི། རྩ་བ་ལས། ངོ་བོ་ཉིད་མེད་པའི་ཚུལ་དེ་ལྟར་ཡིན་ན་ཞེས་པ་ནས་ཇི་ལྟར་འགྲེལ། ཞེས་བྱུང་། གཉིས་པ་ནི། སྐབས་འདིར་སྐྱེ་བ་ངོ་བོ་ཉིད་མེད་པ་དེའི་དགོངས་གཞིར་མ་གསུངས་པ་གཞི་ལྡོག་གི་དབང་དུ་བྱས་པ་ཡིན་པ་ནི་ཡིག་ཆའི་དགོངས་པ་ཡིན་ལ། དེ་ལྟ་ནའང་འོག་གི་གདུལ་བྱས་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་དང་ འདི་གཉིས་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དེའི་དགོངས་གཞིར་དངོས་སུ་བསྟན་མ་བསྟན་གྱི་ཁྱད་པར་མེད་པར་འགྱུར་དགོས་པའི་གནས་མེད་དེ། ལན་གྱི་སྐབས་འདིར་སྐྱེ་བ་ངོ་བོ་ཉིད་མེད་པ་དེའི་དགོངས་གཞིར་དངོས་སུ་མ་བསྟན་པ་གང་ཞིག་འོག་གི་མདོ་དོན་གདུལ་བྱས་གོ་ཚུལ་མི་འདྲ་བར་བཤད་པའི་ སྐབས་སུ་དེ་དེའི་དགོངས་གཞིར་དངོས་སུ་བསྟན་པའི་ཕྱིར།

              སྔ་མ་མ་ གྲུབ་སྟེ། དེ་དེའི་དགོངས་གཞིར་དངོས་སུ་མ་གསུངས་ཞེས་པ་མཚན་གཞིའི་དབང་དུ་བྱས་པར་བཀྲལ་བའི་རྒྱུ་མཚན་ཡོད་པའི་ཕྱིར་ཞེ་ན། དེ་ནི་རང་ ལྡོག་གི་དབང་དུ་བྱས་ན་རྩ་བར་དེ་དེའི་དགོངས་གཞིར་མ་གསུངས་པའི་རྒྱུ་མཚན་གསུངས་པ་དང་འབྲེལ་མི་ཆགས་པའི་དབང་གིས་ཡིན་ལ། མཆན་ལས་རང་ལྡོག་གི་དབང་དུ་བྱས་པ་ཡིན་ན་སྐྱེ་བ་ངོ་བོ་ཉིད་མེད་པ་དངོས་སུ་མི་གསུངས་པའི་རྒྱུ་མཚན་མེད་པའི་ཕྱིར། ཞེས་པའང་དངོས་སུ་མི་གསུངས་པའི་རྒྱུ་མཚན་མདོ་དང་རྩ་བ་ལས་གསུངས་པ་མེད་པའི་ཕྱིར། ཞེས་པ་ལས་དེའི་རྒྱུ་མཚན་སྤྱིར་མེད་པའམ་ཡང་ན་སྐབས་འདིར་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་དགོངས་ཚུལ་དངོས་སུ་གསུངས་པའི་དོན་ཡང་མིན་ནོ། ། འདི་ལ་ད་དུང་དོགས་པ་མང་པོ་ཞིག་འདུག་ཀྱང་རེ་ཞིག་དེ་ཙམ་མོ། །
 

            ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                                   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།