སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་ཞེས་པ་སྐྱེ་བ་ངོ་བོ་ཉིད་མེད་པ་རང་ལྡོག་གི་དབང་དུ་བྱས་སམ། དེའི་གཞི་ལྡོག་མཚན་གཞིའི་དབང་དུ་བྱས་པའི་ལན།༡
དྲི་གཞི་བདུན་པ། རྩ་བ་ལས། ངོ་བོ་ཉིད་མེད་ཚུལ་དེ་ལྟར་ཡིན་ན་སྐྱེ་བ་མེད་པ་སོགས་གང་ལ་དགོངས་ནས་གསུངས་ཤེ་ན། འདི་ནི་ངོ་བོ་ཉིད་མེད་པ་དང་པོ་ཐ་མ་ལ་དགོངས་ནས་གསུངས་ཏེ། ཞེས་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་མ་གསུངས་པ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་རང་ལྡོག་གི་དབང་དུ་བྱས་སམ། དེའི་གཞི་ལྡོག་མཚན་གཞིའི་དབང་དུ་བྱས། དང་བོ་ལྟར་ན། སྐྱེ་བ་ངོ་བོ་ཉིད་པ་རང་ལྡོག་ཀུན་བཏགས་ཡིན་པས་དེའི་ དགོངས་གཞིར་དངོས་སུ་མ་གསུངས་པའི་རྒྱུ་མཚན་མེད་ལ། གཉིས་པ་ ལྟར་ན། དགོངས་གཞི་དྲིས་པའི་ལན་གྱི་སྐབས་དང་གདུལ་བྱའི་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་གཉིས་ཀར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་ སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་མ་བསྟན་གྱི་ཁྱད་པར་མེད་པས་དྲང་ངེས་དཀའ་འགྲེལ་གྱི་དགོངས་པ་ཇི་ལྟར་འགྲེལ།
ལྷ་རམས་པ་ཀླུ་འཇིགས་མེད་རྒྱ་མཚོ། འབྲས་སྤུངས་སྒོ་མང་།
དྲི་གཞི་བསྡུས་ཏེ་འགོད་པ་དང་། ལན་དངོས་གཉིས། དང་བོ་ནི། མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་དྲིས་པའི་ལན་གྱི་སྐབས་སུ་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་དགོངས་ཚུལ་མ་གསུངས་པ་དེ། སྐྱེ་བ་ངོ་བོ་ཉིད་མེད་པའི་གཞི་ལྡོག་གི་དབང་དུ་བྱས་ན། སྐབས་འདི་དང་གདུལ་བྱའི་གོ་ ཚུལ་མི་འདྲ་བར་གསུངས་པའི་སྐབས་གཉིས་ཀར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་མ་བསྟན་ ཁྱད་མེད་དུ་ཐལ་བས། དཀའ་འགྲེལ་གྱི་དགོངས་པ་ཇི་ལྟར་འགྲེལ་ཞེས་པ་འདི་ཡིན། གཉིས་པ་ལན་དངོས་ནི། སྤྱིར་སྐྱེ་བ་ངོ་བོ་ཉིད་མེད་པའི་གཞི་ལྡོག་གཞན་དབང་དེ་ཉིད་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞི་ ཡིན་ཞིང་། ཀུན་བཏུས་ལས། དེ་དེའི་དགོངས་གཞིར་དངོས་སུ་བསྟན་མོད། དགོངས་འགྲེལ་དྲི་ལན་གྱི་སྐབས་སུ་དེ་དེའི་དགོངས་གཞིར་དངོས་ཤུགས་ གང་ལའང་མ་བསྟན་ལ། དེ་ལྟར་མ་བསྟན་པའི་རྒྱུ་མཚན་ཡང་དགོས་པའི་དབང་གིས་ཏེ། གཞི་ལྡོག་གཞན་དབང་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་མེད་པ་མིན་པ་སྟེ་རྟེན་འབྲེལ་གྱི་དོན་ཡོད་པ་དང་། རྒྱུ་འབྲས་ཀྱི་རྣམ་བཞག་འཇོག་པའི་ཆེད་དུ་མ་སྐྱེས་པ་དང་མ་འགག་པ་སོགས་སུ་གསུངས་ པའི་དགོངས་གཞིར་མ་བསྟན་ནོ། །
དེ་ལྟར་མ་བསྟན་པ་དེ་ཡང་གཞི་ལྡོག་གཞན་དབང་གི་དབང་དུ་བྱས་པ་སྟེ། རང་ལྡོག་གི་དབང་དུ་བྱས་ན་ཀུན་ བཏགས་ཡིན་པས་མི་སྟོན་པའི་རྒྱུ་མཚན་མེད་དོ། ། གཞི་ལྡོག་གི་དབང་དུ་ བྱས་པ་ཡིན་ནའང་སྐྱེ་བ་ངོ་བོ་ཉིད་མེད་པ་ལན་གྱི་སྐབས་དང་གདུལ་བྱའི་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་གཉིས་ཀར་དགོངས་གཞིར་དངོས་སུ་ བསྟན་མ་བསྟན་ཁྱད་མེད་དུ་མི་འགྱུར་ཏེ། ལན་གྱི་སྐབས་སུ་གཞི་ལྡོག་མཚན་གཞིའི་དབང་དུ་བྱས་ནས་གསུངས་པས། སྐྱེ་བ་ངོ་བོ་ཉིད་མེད་པའི་རང་ལྡོག་དང་གཞི་ལྡོག་གང་ཡང་དགོངས་གཞིར་མ་བསྟན་ལ། གདུལ་བྱའི་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་སུ། ངོ་བོ་ཉིད་མེད་པ་གསུམ་གའི་ རང་ལྡོག་གི་དབང་དུ་བྱས་ནས་སྐྱེ་བ་ངོ་བོ་ཉིད་མེད་པའི་རང་ལྡོག་དགོངས་གཞིར་དངོས་སུ་བསྟན་ཀྱང་། གཞི་ལྡོག་གཞན་དབང་དེའི་དགོངས་གཞིར་དངོས་སུ་མ་བསྟན་ཅེས་ཁྱད་འབྱེད་དགོས་པས་དཀའ་འགྲེལ་གྱི་དགོངས་ པའང་འདི་ལྟར་མི་འགྲེལ་ལམ། དྲི་གཞི་ལས། གཉིས་པ་ལྟར་ན་སྐབས་ གཉིས་ཀར་སྐྱེ་བ་ངོ་བོ་ཉིད་མེད་པ་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་མ་བསྟན་ཁྱད་མེད་པས་ཞེས་ཁྱད་མེད་དུ་ཐལ་བ་འཕངས་པ་ཇི་འདྲ་ཡིན་ནམ། སྔ་མའི་སྐབས་སུ་གཞི་ལྡོག་དང་། ཕྱི་མའི་སྐབས་སུ་རང་ལྡོག་གི་དབང་དུ་བྱས་པ་ཡིན་པས་ཁྱད་མེད་དུ་ཐལ་བ་ཡོང་ བའི་རྒྱུ་མཚན་ཅི་ཡང་མེད་དོ་སྙམ་མོ། །
དེ་ལ་ཁ་ཅིག་འདི་ལྟར་དོགས་ཏེ། དགོངས་འགྲེལ་གྱིས་གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་ཟེར་བ་མི་འཐད་དེ། དགོངས་འགྲེལ་གྱིས་གདུལ་བྱའི་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་སུ་གཞན་དབང་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་བསྟན་པའི་ཕྱིར་ཏེ། དེའི་སྐབས་སུ་ངོ་བོ་ཉིད་མེད་པ་གསུམ་དེའི་དགོངས་གཞིར་དངོས་སུ་བསྟན་པའི་ཕྱིར། ཁྱབ་སྟེ། དེ་གསུམ་དགོངས་གཞིར་དངོས་སུ་བསྟན་པས་མཚན་ཉིད་གསུམ་དགོངས་གཞིར་དངོས་སུ་བསྟན་པར་མི་འཇོག་ན་ཀུན་བཏགས་ཡོངས་གྲུབ་གཉིས་ཀྱང་དགོངས་འགྲེལ་ལས་མ་སྐྱེས་པ་སོགས་སུ་གསུངས་པའི་དགོངས་གཞིར་དངོས་སུ་མ་བསྟན་པར་ཐལ། ངོ་བོ་ཉིད་མེད་པ་གསུམ་དགོངས་གཞིར་དངོས་སུ་བསྟན་པས་དེའི་གོ་མི་ཆོད་ལ། དགོངས་འགྲེལ་ལས་ཀུན་བཏགས་ཡོངས་གྲུབ་གཉིས་རང་ལྡོག་ནས་དེའི་དགོངས་གཞིར་དངོས་སུ་བསྟན་པ་མེད་པའི་ཕྱིར།
འདོད་ན། དྲིས་ལན་གྱི་སྐབས་སུ་གཞི་ལྡོག་གི་དབང་དུ་བྱས་ནས་ངོ་བོ་ཉིད་མེད་པ་ཐོག་མཐའ་གཉིས་དེའི་དགོངས་གཞིར་དངོས་སུ་བསྟན་པར་གསུངས་པ་དང་འགལ་ལོ་ཞེས་ཟེར་ན་འདི་ལྟར་བསམ་པར་བྱ་སྟེ། དེ་ནི་སྨྲ་བ་བོའི་བརྗོད་འདོད་ཀྱི་ཁྱད་པར་ལས་དྲི་ཞུས་ལན་གྱི་སྐབས་སུ་ཚིག་ཟིན་ལ་ངོ་བོ་ཉིད་མེད་པ་ཐོག་མཐའ་གཉིས་སྨྲས་ཀྱང་། བརྗོད་འདོད་གཞི་ལྡོག་མཚན་གཞིའི་དབང་དུ་བྱས་པས་ཀུན་བཏགས་ཡོངས་གྲུབ་གཉིས་དེའི་དགོངས་གཞིར་དངོས་སུ་བསྟན་པར་འགྲོ་ལ། གདུལ་བྱས་གོ་ཚུལ་མི་འདྲ་བར་བཤད་པའི་སྐབས་སུ། བརྗོད་འདོད་དང་ཚིག་ཟིན་གཉིས་ཀར་ངོ་བོ་ཉིད་མེད་པའི་རང་ལྡོག་གི་དབང་དུ་བྱས་པས། གཞི་ལྡོག་མཚན་ཉིད་གསུམ་དངོས་སུ་བསྟན་པའི་སྐྱོན་མི་འབྱུང་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་ནི་བརྗོད་འདོད་ཀུན་སློང་གི་རྗེས་སུ་འབྲངས་པའི་ཕྱིར་སྙམ་མོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn