ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ་ཞེས་པའི་ལན།།༤
དྲི་གཞི་དྲུག་པ། རྩ་བ་ལས། འོ་ན་ཀུན་བཏགས་ཀྱང་དོན་དམ་པ་ངོ་བོ་ཉིད་མེད་པར་ཅིའི་ཕྱིར་མི་བཞག་ཅེ་ན། རྣམ་པར་དག་པའི་དམིགས་པ་མ་ཡིན་པ་ཙམ་གྱིས་འཇོག་ན་བདེན་ཡང་། ལོག་རྟོག་དགག་པ་ལ་ལྟོས་ནས་གཞན་དབང་རྣམ་པར་དག་པའི་དམིགས་པ་མིན་པས་དོན་དམ་པ་ངོ་བོ་ཉིད་མེད་པར་བཞག་གི་ཀུན་བཏགས་མ་བཞག་གོ ། ཞེས་གསུངས་པ་ལྟར་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་སའི་གང་ཟག་ཅིག་ཡོད་ན། མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་ལ། དེ་གནས་ལུགས་མཐར་ཐུག་གི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་དོ། ། ཞེས་གསུངས་པ་དང་མི་འགལ་ཚུལ་གང་ཡིན། ཀུན་བཏགས་ཀྱང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མིན་ལ། དེ་རང་ངོས་གྲུབ་པའི་ཁས་ལེན་སེམས་ཙམ་པ་ལ་ཡོད་པས། ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ།
དྲི་གཞི་དྲུག་པའི་ལན།
བསམ་དམ་ཆོས་ཆོས་འཛིན། འབྲས་སྤུངས་སྒོ་མང་།
དགོངས་འགྲེལ་ལས། དོན་དམ་པ་ངོ་བོ་ཉིད་མེད་པ་རྒྱས་པར་འཆད་པའི་སྐབས་སུ་དོན་དམ་པ་ངོ་བོ་ཉིད་མེད་པ་སྔ་ཕྱི་གཉིས་སུ་ཕྱེ་ནས་ བཤད་ལ། གཞན་དབང་དོན་དམ་པ་ངོ་བོ་ཉིད་མེད་པར་བཤད་པའི་ཚུལ་གཅིག་དང་། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པར་བཤད་པའི་ཚུལ་གཉིས་ལས་གཞན་དབང་དོན་དམ་པ་ངོ་བོ་ཉིད་མེད་པར་བཤད་པའི་ཚུལ་ལ། དོགས་པ་དང་ལན་གཉིས། དང་བོ་ནི། གཞན་དབང་རྣམ་དག་ལམ་གྱི་ དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་སའི་གང་ཟག་ཅིག་ཡོད་ན། མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་དོན་དམ་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་ལ་སྐྱེ་མི་སྲིད་པར་གསུངས་པ་དང་། ཀུན་བཏགས་རང་ངོས་ནས་གྲུབ་པ་སེམས་ཙམ་པས་ཁས་ལེན་ པས་དེ་ལ་དོགས་པ་དེ་འདྲ་མི་སྐྱེ་བའི་རྒྱུ་མཚན་གང་ཡིན་ཞེ་ན། གཉིས་པ་ལན་ལ། གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་ སྙམ་པའི་དོགས་པ་དེ་ཐལ་རང་གཉིས་ཀའི་རྒྱུད་ལ་ཡོད་ལ།
དེ་འདྲའི་ དོགས་པ་འབྱུང་ཚུལ་ནི་སེམས་ཙམ་པས་གཞན་དབང་བདེན་པར་གྲུབ་པ་ དང་རྣམ་དག་ལམ་གྱི་དམིགས་པར་ཁས་བླངས། ཀུན་བཏགས་རྫུན་པར་གྲུབ་པར་ཁས་བླངས་པས་གཞན་དབང་ལ་དོགས་པ་ཆེ་ལ་ཀུན་བཏགས་ལ་ཆུང་བ་ཀུན་མཁྱེན་ཆོས་འབྱུང་གིས་གསུངས་པ་བཞིན་ཕྱིས་ཀྱི་མཁས་པ་ཕལ་མོ་ཆེས་གསུང་འདི་ཉིད་ཀྱི་རྒྱུན་སྐྱོང་བཞིན་ཡོད། དེ་ཡང་ཐལ་རང་གཉིས་ཀྱིས་གཞལ་ཚེ་སེམས་ཙམ་པས་གཞན་དབང་བདེན་པར་གྲུབ་པ་དང་བདེན་པ་ཡིན་པར་ཁས་བླངས་པས་ཐལ་རང་གཉིས་ཀའི་ལུགས་ལ་གཞི་གང་ཞིག་བདེན་པ་ཡིན་ན་སྣང་ཚུལ་དང་གནས་ཚུལ་མཐུན་དགོས་ལ། དེ་ལྟར་ན་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་དེའི་འཛིན་སྟངས་ཀྱི་ཡུལ་དུ་གྲུབ་དགོས་པ་དབུ་མ་བའི་གྲུབ་མཐའ་ཡིན། རྒྱུ་མཚན་དེའི་ཕྱིར་ན་སེམས་ཙམ་པའི་ལུགས་ལ་ཀུན་བཏགས་རྫུན་པ་ཡིན་པས་ཐལ་རང་གཉིས་ལ་དོགས་པ་མི་སྐྱེ་ལ། ཀུན་བཏགས་རང་ངོས་ནས་གྲུབ་ཀྱང་བདེན་པ་མ་ ཡིན་པས་འཇོག་ཚུལ་དང་བོའི་དབང་དུ་བྱས་པའི་དོན་དམ་པ་ངོ་བོ་ཉིད་ མེད་པ་ལ་མི་འཇོག་གོ །
འོ་ན་གཞན་དབང་ལ་དོགས་པ་དེ་སྐྱེ་ན་མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ལ་དེ་འདྲའི་དོགས་པ་གྲུབ་མཐའ་སྨྲ་བ་སུ་ལ་ཡང་སྐྱེ་མི་སྲིད་དོ་ཞེས་གསུངས་པའི་དགོངས་པ་གང་ཡིན་ཞེ་ན། ཟག་མེད་ཤེས་པ་གང་རུང་ཞིག་གི་དངོས་ཡུལ་ཡིན་ཙམ་གྱིས་དོན་དམ་ བདེན་པར་འགྱུར་དགོས་ན་གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་ ཟག་མེད་མ་འཁྲུལ་བ་རང་རིག་གི་རྙེད་དོན་ཡིན་པའི་ཕྱིར་ན་རྒྱུ་མཚན་དེ་ ཙམ་གྱིས་དོན་དམ་པར་འགྱུར་སྙམ་པའི་གྲུབ་མཐའ་སྨྲ་བ་སུ་ཡང་མེད་ཅེས་པའི་དོན་ཨེ་ཡིན་སྙམ་མོ། ། སློབ་བུ་ངས་བླ་མ་དགྱེས་པའི་མཆོད་སྤྲིན་དུ་བསམ་སྟེ་རང་ཉིད་ཀྱི་བློ་ངོར་ཤར་ཚོད་ཙམ་བྲིས་པ་ཡིན། ཚིག་སྦྱོར་དང་དོན་གྱི་ཆ་ནས་ནོར་བ་བྱུང་བ་ རྣམས་བློ་ལྡན་རྣམས་ཀྱི་སྤྱན་སྔར་བཟོད་པར་གསོལ། མདོར་ན་འདིར་འབད་དགེ་བ་གང་བསགས་བླ་མ་དམ་པ་ཉིད་ཀྱི་ཐུགས་དགོངས་མཐའ་དག་ཡོངས་སུ་རྫོགས་པའི་རྒྱུ་རུ་བསྔོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn