ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ་ཞེས་པའི་ལན།།༣
དྲི་གཞི་དྲུག་པ། རྩ་བ་ལས། འོ་ན་ཀུན་བཏགས་ཀྱང་དོན་དམ་པ་ངོ་བོ་ཉིད་མེད་པར་ཅིའི་ཕྱིར་མི་བཞག་ཅེ་ན། རྣམ་པར་དག་པའི་དམིགས་པ་མ་ཡིན་པ་ཙམ་གྱིས་འཇོག་ན་བདེན་ཡང་། ལོག་རྟོག་དགག་པ་ལ་ལྟོས་ནས་གཞན་དབང་རྣམ་པར་དག་པའི་དམིགས་པ་མིན་པས་དོན་དམ་པ་ངོ་བོ་ཉིད་མེད་པར་བཞག་གི་ཀུན་བཏགས་མ་བཞག་གོ ། ཞེས་གསུངས་པ་ལྟར་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་སའི་གང་ཟག་ཅིག་ཡོད་ན། མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་ལ། དེ་གནས་ལུགས་མཐར་ཐུག་གི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་དོ། ། ཞེས་གསུངས་པ་དང་མི་འགལ་ཚུལ་གང་ཡིན། ཀུན་བཏགས་ཀྱང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མིན་ལ། དེ་རང་ངོས་གྲུབ་པའི་ཁས་ལེན་སེམས་ཙམ་པ་ལ་ཡོད་པས། ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ།
བྱ་བྲལ་རབ་ཆུང་། འབྲས་སྤུངས་སྒོ་མང་།
མཁྱེན་དང་བརྩེ་བ་དག་པའི་སྤྲིན་ཕུང་རབ་འཕྱུར་བས། ། ཟབ་རྒྱས་མན་ངག་བདུད་རྩིའི་གྲུ་ཆར་འབེབས་མཁས་པ། ། རེ་ཞིག་ཞི་བའི་ དབྱིངས་སུ་ཡིབས་ཀྱང་མགོན་ཁྱོད་ཀྱི། ། ཐུགས་དགོངས་ཟབ་མོའི་ཆར་རྒྱུན་འཕྲིན་ལས་མྱུར་གསལ་ཤོག ། གཞུང་བརྒྱ་སྨྲ་བའི་བློ་སྤོབས་རབ་རྒྱས་པའི། ། མགོན་པོ་གང་གི་ཐུགས་རྒྱུད་བཟང་བོའི་ཆར། ། གདུལ་བྱའི་སེམས་རྒྱུད་ བརླན་པའི་དགེ་བའི་མཐུས། ། བུ་སློབ་ཡོངས་ཀྱི་འདུན་པ་སྨིན་གྱུར་ཅིག ། དེ་ལ་འདིར་དྲི་གཞི་འགོད་པ་དང་ལན་ལ་འཇུག་པ། དེ་ལས་འཕྲོས་པ་ཅུང་ཟད་བཤད་པ་གསུམ། དང་བོ། དྲི་གཞི་དྲུག་པ། རྩ་བ་ལས། འོ་ན་ཀུན་ བཏགས་ཀྱང་དོན་དམ་པ་ངོ་བོ་ཉིད་མེད་པར་ཅིའི་ཕྱིར་མི་བཞག་ཅེ་ན། རྣམ་པར་དག་པའི་དམིགས་པ་མ་ཡིན་པ་ཙམ་གྱིས་འཇོག་ན་བདེན་ཡང་ལོག་ རྟོག་དགག་པ་ལ་ལྟོས་ནས་གཞན་དབང་རྣམ་པར་དག་པའི་དམིགས་པ་མིན་པས་དོན་དམ་པ་ངོ་བོ་ཉིད་མེད་པར་བཞག་གི་ཀུན་བཏགས་མ་བཞག་གོ །ཞེས་གསུངས་པ་ལྟར་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་སའི་གང་ཟག་ཡོད་ན་མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་པ་ལ། དེ་གནས་ ལུགས་མཐར་ཐུག་གི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་ མཐའ་སྨྲ་བ་དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་དོ། །ཞེས་གསུངས་པ་དང་མི་འགལ་ཚུལ་གང་ཡིན། ཀུན་བཏགས་ཀྱང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མིན་ལ། དེ་རང་ངོས་ནས་གྲུབ་པའི་ཁས་ལེན་སེམས་ཙམ་པ་ལ་ཡོད་པས། ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་པ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ་ཞེས་པའོ། །
གཉིས་པ་ལན་ལ་འཇུག་པ་ལ། གཞན་ དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཐལ་རང་གཉིས་ལ་བྱུང་བ་ཡིན་ཏེ། སེམས་ཙམ་པས་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་དང་། བདེན་པར་གྲུབ་པར་ཁས་བླངས་པ་ན་ཐལ་རང་གིས་དེའི་དམིགས་པར་བདེན་པར་གྲུབ་ན། དེའི་དམིགས་པར་གྲུབ་པའི་ གྲུབ་ལུགས་དེ་དེའི་སྡོད་ལུགས་མཐར་ཐུག་ཏུ་འགྲོ་བས་དམིགས་པ་མཐར་ ཐུག་ཏུ་འགྱུར་ཞེས་ཐལ་བ་འཕངས་ཤིང་། ཀུན་བཏགས་དེའི་དམིགས་པ་ཙམ་ཡིན་ཀྱང་རྫུན་པར་གྲུབ་པས་དོགས་པ་དེའི་སྐྱོན་མེད་པའི་ཕྱིར་ཟེར་བ་ཡིན་ཏེ། མཆན་ལས། ཀུན་མཁྱེན་ཆོས་འབྱུང་གི་གསུངས་ལྟར་ན་འདིའི་དོགས་པ་ཐལ་རང་གཉིས་ལ་འབྱུང་བ་སྟེ། དེ་ཡང་སེམས་ཙམ་པར་གཞན་དབང་རྣམ་དག་ལམ་གྱི་དམིགས་པར་ཁས་བླངས་པའི་སྟེང་ནས་བདེན་གྲུབ་ཀྱི་ཁས་ལེན་ཡོད་པས། དེའི་དམིགས་པར་བདེན་པར་གྲུབ་ན་དེའི་དམིགས་པར་གྲུབ་པའི་གྲུབ་ལུགས་དེ་དོན་ཀྱི་སྡོད་ལུགས་མཐར་ཐུག་ཏུ་འགྲོ་དགོས་ པས། དམིགས་པ་མཐར་ཐུག་ལས་འོས་མེད་ཅིང་། ཀུན་བཏགས་དམིགས་པ་ཙམ་ཡིན་ཀྱང་རྫུན་པར་གྲུབ་པས་སྐྱོན་མེད་སྙམ་པ་ཡིན་ལ། ཞེས་གསུངས། ཐལ་བ་དེའི་ལན་དུ། སེམས་ཙམ་པས་གཞན་དབང་དང་དེའི་སྟེང་གི་ཡོངས་གྲུབ་གཉིས་རྣམ་དག་ལམ་གྱི་དམིགས་ཡུལ་དུ་བདེན་པར་གྲུབ་པར་མཚུངས་ཀྱང་། བསྒོམས་ན་འཛིན་སྟངས་དང་འགལ་བའི་སྒོ་ནས་བདག་འཛིན་སྤོང་ནུས་མི་ནུས་ཀྱི་ཁྱད་པར་ཡོད་དེ། དཔེར་ན་སྒྲ་དང་སྒྲ་མི་རྟག་པ་སྒྲ་འཛིན་ མངོན་སུམ་ལ་སྣང་བར་མཚུངས་ཀྱང་། སྒྲ་ལ་དམིགས་ནས་གོམས་པས་ རྟག་འཛིན་མི་ལྡོག་པ་དང་འདྲ་བར་གཞན་དབང་ལ་དམིགས་ནས་གོམས་ པས་བདག་འཛིན་སྤོང་མི་ཐུབ་པས་དམིགས་པ་མཐར་ཐུག་མིན་ཞེས་ལན་ བཏབ་པའི་ཕྱིར། མཆན་ལས། ལན་དུ་དེ་གཉིས་བདེན་གྲུབ་ཏུ་མཚུངས་ ཀྱང་། བསྒོམས་ན་བདག་འཛིན་དང་འཛིན་སྟངས་འགལ་བའི་སྒོ་ནས་སྤོང་མི་སྤོང་གི་ཁྱད་ཡོད་དེ་སྒྲ་དང་སྒྲ་མི་རྟག་པ་གཉིས་སྒྲ་འཛིན་མངོན་སུམ་གྱི་ སྣང་ཡུལ་དུ་མཚུངས་ཀྱང་རང་ལ་དམིགས་ན་རྟག་འཛིན་ལྡོག་མི་ལྡོག་གི་ ཁྱད་ཡོད་པ་དང་འདྲ་བར་གསུངས་ཏེ་ལེགས་པར་བཤད་པའོ། །
སྣང་ཡུལ་ལ་ཞིབ་ཆ་དགོས་ཞེས་གསུངས་པའི་ཕྱིར། སྣང་ཡུལ་ལ་ཞིབ་ཆ་དགོས་ཞེས་པ་སྒྲ་དང་སྒྲ་མི་རྟག་པ་གཉིས་སྒྲ་འཛིན་མངོན་སུམ་ལ་སྣང་བ་དང་། དེའི་ཡུལ་གཉིས་ཀ་ཡིན་པ་ལ་དགོངས་ཞེས་བཤད་དགོས། དེ་ལྟར་མིན་ན་སྒྲ་མི་རྟག་པ་སྒྲ་འཛིན་མངོན་སུམ་གྱི་དངོས་ཀྱི་གཞལ་བྱ་ཡིན་པར་འགྱུར་ཏེ། རྟོག་མེད་མ་འཁྲུལ་བའི་དངོས་ཀྱི་གཞལ་བྱ་དང་སྣང་ཡུལ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། དབང་ཤེས་མ་འཁྲུལ་བ་ལྟ་ བུའི་སྒྲུབ་འཇུག་རྣམས་ལ་ནི་གང་དངོས་ཀྱི་གཞལ་བྱར་སོང་བའི་ཡུལ་དང་། སྣང་ཡུལ་ལ་ཁྱད་མེད་ཅིང་། ཞེས་གསུངས་པའི་ཕྱིར། འོ་ན་གཞན་དབང་བདེན་གྲུབ་དང་རྣམ་དག་ལམ་གྱི་དམིགས་པ་ཡིན་པས་ཐལ་རང་ལ་དོགས་པ་དེ་ལྟར་སྐྱེས་པ་ཡིན་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ལ་དོགས་པ་དེ་ལྟར་ཡོད་དགོས་པས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་དེའི་ དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་མཁས་པ་དང་གྲུབ་ མཐའ་སྨྲ་བ་སུ་ལའང་མེད་པའི་ཕྱིར་ཏེ། མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་པ་ལ། དེ་གནས་ལུགས་མཐར་ཐུག་གི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་ དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་དོ་ཞེས་གསུངས་པའི་ཕྱིར་ཟེར་ན། ལུང་དེའི་དོན། རྟོག་མེད་མ་འཁྲུལ་བ་རང་རིག་ལྟ་བུའི་དངོས་ཡུལ་ཡིན་ཙམ་གྱི་དབང་གིས་དེ་གནས་ལུགས་མཐར་ཐུག་གི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡིན་པ་ཡེ་ཤེས་རང་རིག་གི་རྩོད་ལན་གྱི་ གཞུང་གི་དཀྱུས་ན་གསལ་ཏེ། མཆན་ལས། རང་རིག་གི་དངོས་ཡུལ་ཡིན་ཙམ་གྱིས་དོན་དམ་བདེན་པར་འགྱུར་ན་གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་པ་ལ། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཀུན་བཏགས་ཀྱང་འཇོག་ཚུལ་དང་བོའི་དོན་དམ་པ་ངོ་བོ་ཉིད་མེད་པར་ འཇོག་པར་ཐལ། སེམས་ཙམ་པས་དེ་རང་ངོས་ནས་གྲུབ་པར་ཁས་བླངས་པའི་སྟེང་ནས་རྣམ་དག་ལམ་གྱི་དམིགས་པར་ཁས་ལེན་པའི་ཕྱིར་ཟེར་ན།
དེ་ལ་སྐྱོན་མེད་དེ། རང་ངོས་ནས་གྲུབ་ན་དོན་གྱི་སྡོད་ལུགས་མཐར་ཐུག་ཏུ་འགྱུར་དགོས་པར་འདོད་ཀྱང་། མཚན་ཉིད་གསུམ་རང་ངོས་ནས་གྲུབ་པ་ལ་སེམས་ཙམ་པས་ཆ་མ་ཕྱེ་བར་བདེན་པར་གྲུབ་པའམ་རང་མཚན་གྱིས་གྲུབ་ པ་ལ་ཆ་ཕྱེ་ནས་གཞན་དབང་ཡོངས་གྲུབ་གཉིས་བདེན་གྲུབ་དང་ཀུན་བཏགས་བདེན་མེད་ཞེས་བཤད་པའི་གནད་ཀྱིས་ཐལ་རང་ལ་དོགས་པ་དེ་ལྟར་སྐྱེས་ པ་ཡིན། ཀུན་བཏགས་རྣམ་དག་ལམ་གྱི་དམིགས་པ་དང་རང་ངོས་ནས་གྲུབ་ཀྱང་བདེན་གྲུབ་ཏུ་ཁས་མི་ལེན་པར་རྫུན་པར་གྲུབ་པར་ཁས་ལེན་པའི་སྐྱོན་མེད་པ་ཡིན་ཏེ། མཆན་ལས། ཀུན་བཏགས་དམིགས་པ་ཙམ་ཡིན་ཀྱང་རྫུན་པར་གྲུབ་པས་སྐྱོན་མེད་སྙམ་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། དེ་ལས་འཕྲོས་ནས་ཅུང་ཟད་བཤད་ན། ཁོ་ན་རེ། ཀུན་བཏགས་ལ་དེ་འདྲ་བའི་ དོགས་པ་ཡོད་པར་ཐལ། ལོག་རྟོག་ལ་མཐའ་མེད་པའི་ཕྱིར། འདོད་ན། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ལ་དེ་འདྲ་བའི་དོགས་ པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དྲང་ངེས་དཀའ་འགྲེལ་ལས། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ནི་ རིགས་པའི་དགག་བྱའི་གཙོ་བོར་བཤད་པ་ལ་དེའི་བསྒྲུབ་བྱ་མཐར་ཐུག་ཏུ་ འགྱུར་སྙམ་པའི་དོགས་པ་ཆུང་ངུ་ཙམ་ཡང་སྐྱེ་བའི་གནས་མེད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྟོག་ལྡན་ཐལ་རང་ལྟ་བུ་ལ་དེ་འདྲའི་དོགས་པ་ཆུང་ངུ་ཙམ་ཡང་མི་སྐྱེ་ཞེས་པའི་དོན་ཡིན་སྙམ་སྟེ། སྤྱིར་འཁྲུལ་བའི་མཐའ་དགག་མི་ནུས་པས་ཤེས་བྱ་བ་གླང་དུ་འཛིན་པའང་ཡོད་ཆོག་ པའི་ཕྱིར།
ཡང་ཁོ་ན་རེ། ཐལ་རང་ལ་གཞན་དབང་རྣམ་དག་ལམ་གྱི་ དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་མེད་པར་ཐལ། ཐལ་རང་གིས་གཞན་དབང་བདེན་པར་གྲུབ་པའི་སྟེང་ནས་རྣམ་དག་ལམ་གྱི་ དམིགས་པར་འགྲོ་ཕྱིན་དེའི་དམིགས་པ་མཐར་ཐུག་ཏུ་འགྲོ་བ་ལས་འོས་མེད་ཅིང་རིགས་པའི་དཔྱད་བཟོད་དུ་འགྱུར་དགོས་ཞེས་མཐའ་གཅིག་ཏུ་འཛིན་པའི་ཕྱིར་ཟེར་ན། སྐྱོན་མེད་སྙམ་སྟེ། འདིའི་དོགས་པ་ཐེ་ཚོམ་ཁོ་ན་ལ་མི་གོ་བར་དེ་ལྟར་མཐའ་གཅིག་ཏུ་འཛིན་པའང་དེའི་དོགས་པ་ཡིན་པའི་ཕྱིར་ཏེ། ཐལ་རང་གིས་སེམས་ཙམ་པ་ལ་དེ་འདྲའི་སྐྱོན་ཡོད་སྙམ་པ་ལ་སྐྱོན་སེལ་བྱས་པ་ཡིན་པའི་ཕྱིར་ཏེ། རྩ་བ་ལས། ལོག་རྟོག་དགག་པ་ལ་ལྟོས་ནས། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཀུན་བཏགས་ཆོས་ཅན། འཇོག་ཚུལ་དང་བོའི་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་པར་ཐལ། འཇོག་ཚུལ་དང་ བོའི་དོན་དམ་པ་ངོ་བོ་ཉིད་ཡོད་མེད་གང་རུང་གང་ཞིག འཇོག་ཚུལ་དང་བོའི་དོན་དམ་པ་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་ཟེར་ན་རྟགས་དང་བོ་མ་གྲུབ་ཟེར་ཆོག་གམ་སྙམ་སྟེ། དཔེར་ན། སྤྱིར་ཡོད་ན་བདེན་གཉིས་གང་རུང་ཡིན་དགོས་ཀྱང་སྟོང་ཉིད་ཀྱི་སྟེང་དུ་ཡོད་ན་སྟོང་ཉིད་ཀྱི་སྟེང་གི་བདེན་ གཉིས་གང་རུང་ཡིན་མི་དགོས་པ་དང་། སྤྱིར་ཡོད་ན་རྟག་དངོས་གང་རུང་ཡིན་དགོས་ཀྱང་དེའི་ཞེན་གཞིར་ཡོད་ན་དེའི་ཞེན་གཞིར་རྟག་དངོས་གང་ རུང་ཡིན་མི་དགོས་པ་ལྟ་བུ་ཡིན་པའི་ཕྱིར་སྙམ་མོ། །
དེ་ལྟར་ཞིབ་ཆ་ཕྱེ་ཚུལ་ཡོད་དེ། རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་དྲང་ངེས་ལས། སྟོང་ཉིད་སྟོང་ཉིད་ཀྱི་སྟེང་གི་ཡོད་པ་ཡིན་ཡང་དེའི་སྟེང་གི་བདེན་གཉིས་གང་རུང་མིན་ཟེར་བ་སོགས་ཞིབ་ཆ་དང་དཔྱད་བྱ་མང་ངོ་། ། ཞེས་གསུངས་པའི་ཕྱིར། དྲང་ངེས་ཆེན་མོ་ལས། འོན་ཀྱང་འདིར་ཅུང་ཟད་དཔྱད་ན་སྤྱིར་ཡོད་ན་རྟག་དངོས་གང་རུང་ཡིན་དགོས་ཀྱང་དེའི་ཞེན་གཞིར་ཡོད་ན་དེའི་ཞེན་གཞིར་རྟག་ དངོས་གང་རུང་ཡིན་མི་དགོས་པར་ཐལ། སྤྱིར་ཡོད་ན་རང་ངོས་ནས་གྲུབ་དགོས་ཀྱང་དེའི་ཞེན་གཞིར་ཡོད་ན་དེའི་ཞེན་གཞིར་རང་ངོས་ནས་གྲུབ་མི་ དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཞེས་པའོ། ། ཡིད་ཆེས་བློ་དང་དད་པའི་ལས་ཀྱིས་ཐོད་པའི་རི་མོ་དང་དུ་ལེན་ལ་ཁོ་བོ་ཡིད་ནས་སྤྲོ་བཞིན་དུ། ། གཞུང་དོན་འབྱེད་པའི་བློ་མིག་དབེན་ཡང་འཁྲུལ་བཞིན་དཀའ་གནད་ལས་ལ་འཇུག་པ་བདག་གི་ཕྲག་པར་ལྕི་བཞིན་དུ། ། གོམས་པ་ཅུང་ཟད་འཕེལ་ ཕྱིར་ཡིན་ཀྱི་རྨོངས་པའི་ཡིད་ལ་གནད་རྣམས་རྟོགས་པའི་ཤེས་རབ་ལ་ནི་ རྒྱང་དུ་རིང་། ། དེའི་ཕྱིར་གཟུར་གནས་བློ་ལྡན་རྣམས་ལ་ལས་འདི་བྱས་པའི་ནོངས་པ་རྣམས་ནི་དུས་རྣམས་ཀུན་ཏུ་སྙིང་ནས་བཤགས། །འབྲས་སྒོ་མང་བྱ་བྲལ་རབ་ཆུང་གིས།༢༠༡༠ལོའི་ཟླ་༥ཚེས་༢༠ཉིན་བྲིས་པའོ། །
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn