ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ་ཞེས་པའི་ལན།།༢

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-19 12:51:53     རྩོམ་པ་པོ།   ཐུབ་བསྟན་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

              དྲི་གཞི་དྲུག་པ། རྩ་བ་ལས། འོ་ན་ཀུན་བཏགས་ཀྱང་དོན་དམ་པ་ངོ་བོ་ཉིད་མེད་པར་ཅིའི་ཕྱིར་མི་བཞག་ཅེ་ན། རྣམ་པར་དག་པའི་དམིགས་པ་མ་ཡིན་པ་ཙམ་གྱིས་འཇོག་ན་བདེན་ཡང་། ལོག་རྟོག་དགག་པ་ལ་ལྟོས་ནས་གཞན་དབང་རྣམ་པར་དག་པའི་དམིགས་པ་མིན་པས་དོན་དམ་པ་ངོ་བོ་ཉིད་མེད་པར་བཞག་གི་ཀུན་བཏགས་མ་བཞག་གོ ། ཞེས་གསུངས་པ་ལྟར་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་སའི་གང་ཟག་ཅིག་ཡོད་ན། མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་ལ། དེ་གནས་ལུགས་མཐར་ཐུག་གི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་དོ། ། ཞེས་གསུངས་པ་དང་མི་འགལ་ཚུལ་གང་ཡིན། ཀུན་བཏགས་ཀྱང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མིན་ལ། དེ་རང་ངོས་གྲུབ་པའི་ཁས་ལེན་སེམས་ཙམ་པ་ལ་ཡོད་པས། ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ།

                                                                                                                                                                                                                              དྲི་གཞི་དྲུག་པའི་ལན།
                                                                                                                                                                                                                              རྡོ་རམས་པ་ཐུབ་བསྟན་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ།

              དྲི་བ་འགོད་པ་དང་ལན་གཉིས། དང་བོ་ནི། རྩ་བ་ལས་ཞེས་པ་ནས་ཆོག་གམ། ཞེས་བྱུང་། གཉིས་པ་ལན་ལ། འདི་ལ་དོགས་པ་གཉིས་འདུག་པའི་དོགས་པ་དང་བོའི་ལན་དང་། གཉིས་པའི་ལན་ནོ། ། དང་བོ་ ལའང་ལན་དངོས་དང་ཅུང་ཟད་སྤྲོས་ཏེ་བཤད་པའོ། ། དང་བོ་ནི། སྔར་རྩ་བ་ལས་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་ སྙམ་པའི་དོགས་པ་སྐྱེ་བའི་གང་ཟག་ཡོད་པར་བཤད་པ་དང་འོག་ཏུ་མཆན་ལས་གངས་རི་སྔོན་པོར་སྣང་བའི་དབང་ཤེས་དོན་དམ་བདེན་པར་འགྱུར་ སྙམ་པའི་དོགས་པ་སྐྱེ་བའི་གྲུབ་མཐའ་སྨྲ་བ་ཞིག་མེད་པར་གསུངས་པ་གཉིས་མི་འགལ་ཏེ། སྔ་མ་ནི་སེམས་ཙམ་པ་ཁྱེད་ཅག་གི་འདོད་ཚུལ་ལྟར་ན་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་དགོས་སོ་སྙམ་དུ་དོགས་པ་ཐལ་རང་གཉིས་ལ་བྱུང་བ་ཡིན་ཞིང་དེ་གཉིས་ཀྱི་ལུགས་ལ་དེ་ལྟར་ཡིན་ཡང་དགོས་མོད། ཕྱི་མ་ནི་རིགས་པ་ཡང་དག་འདིའི་གནད་ཀྱིས་གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དོན་དམ་བདེན་པར་བྱེད་དགོས་སམ་སྙམ་དུ་དོགས་པ་སྐྱེ་བའི་གྲུབ་མཐའ་སྨྲ་བ་དང་མཁས་པ་མེད་པར་གསུངས་པ་ཡིན་གྱི་རིགས་པའི་འཕུལ་གྱི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར།

             གཉིས་པ་ནི། དེ་ཡང་སེམས་ཙམ་པས་ནི་སྟོང་གཞི་གཞན་དབང་དེ་རྣམ་དག་ལམ་གྱི་དམིགས་པར་གྲུབ་པར་མ་ཟད་བདེན་པར་གྲུབ་པའི་རང་བཞིན་ཅན་དུ་འདོད་པ་ལ། ཐལ་རང་གཉིས་ཀྱིས་གཞལ་བའི་ཚེ་དེ་ལྟར་ན་དེའི་དམིགས་པར་གྲུབ་ལུགས་དེ་དོན་གྱི་སྡོད་ལུགས་མཐར་ཐུག་ཏུ་འགྲོ་དགོས་པས་དམིགས་པ་མཐར་ཐུག་ལས་འོས་མེད་སྙམ་དུ་དོགས་པ་སྐྱེས་ཤིང་སྐྱེས་པ་ལྟར་དུ་ དངོས་སྨྲ་བ་རྣམས་ལ་དེ་ལྟ་བུའི་རྩོད་པ་ཡང་ལན་གྲངས་མང་བོའི་བར་དུ་ འགོད་པར་བྱེད་ཀྱི། གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ ཐུག་ཡིན་ནམ་སྙམ་དུ་དོགས་པའི་ཐལ་རང་གཉིས་ཡོད་པར་སྟོན་པ་གཏན་མིན་ནོ། ། ཕྱི་མ་ནི་དེ་དང་མི་འདྲ་བར་ཟག་མེད་མ་འཁྲུལ་བའི་ཤེས་པའི་ ཡུལ་ཡིན་པས་དོན་དམ་དུ་འཇོག་པ་རང་ལུགས་སུ་བྱས་ནས་རྒྱུ་མཚན་ཡང་དག་འདིའི་གནད་ཀྱིས་གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དོན་ དམ་བདེན་པ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་གྲུབ་མཐའ་སྨྲ་བ་ཞིག་ཡོད་པར་འགྱུར་ན་དེ་ལྟ་བུ་ཞིག་གཏན་ནས་མེད་པའི་དོན་ཡིན་པའི་ཕྱིར་ཏེ། སྤྱིར་ལྕང་སྐྱའི་གསུང་ཚུལ་དེ་ཕྱོགས་གཉིས་ཀྱི་སྒོ་ནས་བཀག་སྟེ། རྒྱུ་མཚན་དེ་རང་ལུགས་སུ་ཁས་ལེན་པ་གཞིར་བཞག་གི་སྟེང་ནས་དོགས་པ་དེ་འདྲ་ སྐྱེས་པའི་དོན་ཡིན་ན་མི་འཐད་པ་སྔར་ལྟར་དང་། དེའི་མཇུག་ཏུ་གལ་ཏེ་ཕ་རོལ་བོ་དེས་རང་རིག་མི་འདོད་པའི་རྒྱུ་མཚན་གྱིས་རང་རིག་ཡོད་ན་དེ་ ལྟར་འགྱུར་རོ་ཞེས་རིགས་པའི་འཕུལ་ཡིན་གྱི། ཞེས་རིགས་པའི་འཕུལ་གྱི་དབང་དུ་བྱས་ནའང་མི་འཐད་ཚུལ་ནི། དེ་ལྟ་ན་ཤེས་པ་ཐམས་ཅད་དོན་དམ་བདེན་པར་འགྱུར་ཞེས་རྩོད་རིགས་ཀྱི་མཉམ་བཞག་ཡེ་ཤེས་དམིགས་ཀྱིས་ བཀར་བ་དོན་མེད་དུ་འགྱུར་ཞེས་ཟུར་དུ་གསུངས་པའི་ཕྱིར། དོགས་པ་ གཉིས་པ་ཀུན་བཏགས་ཀྱང་འཇོག་ཚུལ་དང་བོའི་དོན་དམ་པ་ངོ་བོ་ཉིད་ མེད་པར་བཞག་ཆོག་གམ་ཞེས་པ་ལ ། སྤྱིར་དེ་ལ་ཆོས་ཐམས་ཅད་ཡོད་ པར་འདོད་པ་དང་གཞན་དབང་ཁོ་ན་དགོས་པར་འདོད་པའི་ཕྱོགས་གཉིས་འདུག་མོད། གཞན་དབང་དགོས་པར་འདོད་པ་ནི་མཆན་དང་དཀའ་ འགྲེལ་གྱི་དགོངས་པ་རྨ་མེད་པའོ། །

            དེ་ལྟ་ནའང་སེམས་ཙམ་པ་ལ་ཀུན་ བཏགས་རྣམ་དག་ལམ་གྱི་དམིགས་པར་ཁས་བླངས་པའི་སྟེང་ནས་རང་ངོས་ནས་གྲུབ་པའི་ཁས་ལེན་ཡོད་པས་ཐལ་འགྱུར་བས་གཞལ་ཚེ་དེ་ཡང་དེའི་ དམིགས་པ་མཐར་ཐུག་ཏུ་འགྱུར་དགོས་པར་མཚུངས་པས་སོ་ཞེ་ན། དེ་ཙམ་གྱིས་ཡིན་ན་བདེན་མོད་ཀྱང་སེམས་ཙམ་པས་ཀུན་བཏགས་རྣམ་དག་ལམ་གྱི་དམིགས་པ་ཙམ་དུ་འདོད་ཀྱང་བདེན་གྲུབ་དང་རང་མཚན་གྱིས་གྲུབ་པར་ མི་འདོད་པར་དེའི་ལྡོག་ཕྱོགས་རྫུན་པར་གྲུབ་པར་ཁས་ལེན་པས་གཞན་ དབང་དང་མི་འདྲ་བའི་ཕྱིར་ཏེ། ཀུན་མཁྱེན་ཆོས་འབྱུང་གི་བཞེད་པ་འགོད་པའི་སྐབས་སུ། ཀུན་བཏགས་དམིགས་པ་ཙམ་ཡིན་ཀྱང་རྫུན་པར་གྲུབ་པས་སྐྱོན་མེད་སྙམ་པ་ཡིན་ལ་ཞེས་གསུངས་པའི་ཕྱིར་རོ། ། གཞན་ཡང་། དོན་ དམ་པ་ངོ་བོ་ཉིད་མེད་པ་ལ་འཇོག་ཚུལ་གཉིས་བྱས་པའི་གནད་ཀྱིས་ཀྱང་ གཞན་དབང་ཁོ་ན་དགོས་པར་གྲུབ་སྟེ། དེ་ཡང་གྲོལ་བ་དོན་དུ་གཉེར་བ་ རྣམས་ཀྱི་གཏན་ལ་དབབ་བྱའི་གཙོ་བོ་ནི་འཇོག་ཚུལ་གཉིས་པའི་དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ཡིན་ལ། དེ་གཏན་ལ་འབེབས་དགོས་པར་གོ་བ་ལ། རང་ཅག་ཚུར་མཐོང་རྣམས་ཀྱི་སྣང་ཚོད་ཙམ་པོ་དེ་ཆོས་དེའི་དོན་གྱི་སྡོད་ ལུགས་མཐར་ཐུག་ཏུ་ཞེན་པ་འགོག་དགོས་ཤིང་དེའི་དོན་དུ་འཇོག་ཚུལ་དང་བོའི་དེ་གསུངས་པའི་ཕྱིར་དང་། རང་ཅག་གིས་དོན་གྱི་སྡོད་ལུགས་མཐར་ཐུག་ཏུ་ཞེན་པའི་གཞིའི་གཙོ་བོ་ཡང་རང་ཅག་ལ་མངོན་དུ་གྱུར་བའི་གཞན་དབང་གི་ཚོགས་འདི་ཙམ་ཞིག་ཡིན་གྱི། རང་ཅག་ལ་ལྐོག་ཏུ་གྱུར་བའི་སྒྲོ་ བཏགས་ཀྱི་ཆ་རྣམས་མ་ཡིན་པའི་ཕྱིར་རོ། །
 

 

                            
        ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
                                                                                                              རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

 གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

 

བརྒྱུད་འགོད།