ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ་ཞེས་པའི་ལན།།༡
དྲི་གཞི་དྲུག་པ། རྩ་བ་ལས། འོ་ན་ཀུན་བཏགས་ཀྱང་དོན་དམ་པ་ངོ་བོ་ཉིད་མེད་པར་ཅིའི་ཕྱིར་མི་བཞག་ཅེ་ན། རྣམ་པར་དག་པའི་དམིགས་པ་མ་ཡིན་པ་ཙམ་གྱིས་འཇོག་ན་བདེན་ཡང་། ལོག་རྟོག་དགག་པ་ལ་ལྟོས་ནས་གཞན་དབང་རྣམ་པར་དག་པའི་དམིགས་པ་མིན་པས་དོན་དམ་པ་ངོ་བོ་ཉིད་མེད་པར་བཞག་གི་ཀུན་བཏགས་མ་བཞག་གོ ། ཞེས་གསུངས་པ་ལྟར་གཞན་དབང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་འགྱུར་སྙམ་པའི་དོགས་པ་ཆེ་སའི་གང་ཟག་ཅིག་ཡོད་ན། མཆན་ལས། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱང་དེར་འགྱུར་དགོས་ལ། དེ་གནས་ལུགས་མཐར་ཐུག་གི་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ལ་ཡང་སྐྱེ་མི་སྲིད་དོ། ། ཞེས་གསུངས་པ་དང་མི་འགལ་ཚུལ་གང་ཡིན། ཀུན་བཏགས་ཀྱང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མིན་ལ། དེ་རང་ངོས་གྲུབ་པའི་ཁས་ལེན་སེམས་ཙམ་པ་ལ་ཡོད་པས། ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་ངོ་བོ་ཉིད་མེད་པར་བཞག་ཆོག་གམ།
དྲི་གཞི་དྲུག་པའི་ལན།
ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།
གཞན་དབང་ལ་དོགས་པ་ཆེ་བ་དང། གངས་རི་སྔོན་པོར་སྣང་བའི་དབང་ཤེས་དོན་དམ་བདེན་པར་འགྱུར་སྙམ་པའི་དོགས་པ་རྒྱུད་ལྡན་ གྱི་མཁས་པ་དང་གྲུབ་མཐའ་སྨྲ་བ་ཡོད་པ་མི་འགལ་ཚུལ་དང་། ཀུན་བཏགས་འཇོག་ཚུལ་དང་བོའི་དོན་དམ་པ་ངོ་བོ་ཉིད་མེད་པར་མི་འཇོག་ཚུལ་གཉིས་ལས། དང་བོ་ནི། འཇོག་ཚུལ་དང་བོའི་དོན་དམ་པ་ངོ་བོ་ཉིད་མེད་པ་ནི་ལོག་རྟོག་དགག་པ་ལ་ལྟོས་ནས་འཇོག་པ་རྩ་བར་གསལ་ལ། དེ་ཡང་ལོག་ རྟོག་འཇོག་ཚུལ་ལ་མི་མཐུན་པ་ཡོད་ཀྱང་རང་རེའི་ཡིག་ཆ་ལྟར་ན་སེམས་ ཙམ་པས་གཞན་དབང་རྣམ་དག་ལམ་གྱི་དམིགས་པར་ཁས་བླངས་པའི་སྟེང་ནས་བདེན་གྲུབ་ཏུ་ཁས་བླངས་པ་ལ། ཐལ་རང་གཉིས་ཀྱིས་དེ་ལྟར་ན་ གཞན་དབང་རྣམ་དག་ལམ་གྱི་དམིགས་པར་བདེན་པར་གྲུབ་དགོས་པས་ དེའི་གྲུབ་ལུགས་དེ་གནས་ལུགས་མཐར་ཐུག་ལས་འོས་མེད་བསམ་པ་ཡིན་ལ། ཕྱི་མ་ནི་རང་རིག་འདོད་མཁན་གྱི་གྲུབ་མཐའ་སྨྲ་བ་གང་ཡིན་གྱིས་རང་རིག་མ་འཁྲུལ་བར་འདོད་པས་རང་རིག་གི་གཞལ་བྱ་ཙམ་ལ་དོན་དམ་བདེན་ པར་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་དང་མཁས་པ་མེད་པའི་དོན་ཡིན་པས་མི་འགལ་ལོ། །
གཉིས་པ་ནི། གཞན་དབང་དོན་དམ་པ་ངོ་བོ་ཉིད་མེད་པར་བཞག་པ་ནི་ཐལ་རང་གི་ལོག་རྟོག་དེ་ལྟ་བུ་དགག་པ་ལ་ལྟོས་ནས་བཞག་པས་ཀུན་བཏགས་ལ་སེམས་ཙམ་པར་ཁས་བླངས་དེ་འདྲ་མེད་པས་ལོག་རྟོག་དེ་འདྲ་མི་འོང་བས་མ་བཞག་གོ ། ཐལ་འགྱུར་བས་གཞལ་ཚེ་སེམས་ཙམ་པས་ཀུན་བཏགས་རྣམ་དག་ལམ་གྱི་དམིགས་པ་དང་རང་ངོས་ནས་གྲུབ་པར་ཁས་ལེན་པའི་ཁས་བླངས་གཉིས་ཆ་ཡོད་པས་དོགས་པ་ཆེའང་ཆོག་མོད་ཕྱོགས་ སྔའི་དབང་གིས་གཞན་དབང་ལས་མ་བཞག་གོ ། རྩ་བར་ལན་གྱི་སྐབས་སུ་སྒྲ་དང་མི་རྟག་པ་གཉིས་ཀ་སྒྲ་འཛིན་མངོན་སུམ་གྱི་དམིགས་པར་མཚུངས་ཀྱང་དམིགས་པའི་སྒོ་ནས་རྟག་འཛིན་ཟློག་མི་ཟློག་གི་ཁྱད་ཕྱེ་བས་གཞན་ དབང་ཡོངས་གྲུབ་གཉིས་ཀ་བདེན་གྲུབ་དང་རྣམ་དག་ལམ་གྱི་དམིགས་པར་མཚུངས་ཀྱང་སྒྲིབ་པ་ཟད་མི་ཟད་ཁྱད་ཡོད་ཅེས་གསུངས་པས་ཀྱང་གོང་ལྟར་ཡིན་སྙམ་མོ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn