ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཀྱི་ལན།༦

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-11 11:07:33     རྩོམ་པ་པོ།   ངག་དབང་རྒྱ་མཚོ།    ཀློག་ཐེངས།  

76549972386228242.jpg

              དྲི་གཞི་ལྔ་བ། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་དབང་གི་མཚན་ཉིད་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་གསུངས་པས། ཆོས་རྣམས་ཀྱི་སྐྱེ་བ་ངོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་དེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པའི་འདུས་བྱས་ཤིག་དགོས་པར་གསུངས་འདུག་པ་ལྟར་སྣང་མོད། མཆན་ལས། ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན། ཞེས་པའི་ལན་དུ། དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་འཇུག་ཚུལ་ཡོད་པར་གསུང་འདུག་ན། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཇི་ལྟར་བྱེད།

              དྲི་གཞི་ལྔ་བའི་ལན།
རྡོ་རམས་པ་ངག་དབང་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ།

                 ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་འདུས་བྱས་འདུས་མ་བྱས་གཉིས་ཀ་ཡོད་དེ། དེ་ལ་ཆོས་ཐམས་ཅད་ཡོད་པའི་ཕྱོགས་མཐའ་དཔྱོད་ལས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་རྣམས་དེ་ལ་ཤེར་ཕྱིན་གྱི་མདོར་གསུངས་པའི་ཆོས་རྣམས་ཡོད་པའི་ཕྱིར་ན་ཡང་མ་ཁྱབ། རྟགས་གྲུབ་སྟེ། ཞེས་དང་། མཆན་ལས་ཀྱང་། ཆོས་རྣམས་ཞེས་པ་ཅི་ཞེ་ན་དེ་ལ་ཉན་ཐོས་རྣམས་ཀྱི་ལམ་ནི་རྣམ་པ་ལྔ་སྟེ་ ཞེས་འབྱུང་ཡང་ཉན་ཐོས་ཀྱི་ལམ་ལྔ་ག་ཉན་ཐོས་ཐམས་ཅད་ལ་ཡོད་མི་ དགོས་པ་བཞིན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ་ཉན་ཐོས་ཀྱི་ལམ་དང་དཔེ་དོན་སྦྱོར་ཚུལ་ཡོད་པའི་ཕྱིར། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་འདུས་བྱས་དགོས་ཏེ། མཆན་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་འབྱུང་ཡང་དེའི་ དོན་གཞན་ལས་སྐྱེ་ཡང་བདག་སྐྱེ་མེད་པ་ལ་གསུངས་ཤིང་། བསྡུ་བ་ལས་ ཀྱང་དེ་རྟེན་འབྱུང་ཁོ་ན་ལ་སྦྱར་བའི་ཕྱིར། ཞེས་གསུངས་པར།

                དེ་ཉིད་ལས། དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཅི་ལྟར་བཤད་ཅེ་ན་ཞེས་པའི་ལན་དུ་སྤྱིར་གཞན་དབང་གི་སྒྲ་དོན་ནི་ཞེས་འདུས་མ་བྱས་རྣམས་ལ་གཞན་དབང་དང་སྐྱེ་བ་ངོ་བོ་ཉིད་མེད་པའི་སྒྲ་བཤད་ཚུལ་ཙམ་ཞིག་གསུངས་ འདུག་ལ། དེ་བཤད་ཚུལ་ཡོད་པས་དེ་དག་གཞན་དབང་དང་སྐྱེ་བ་ངོ་བོ་ ཉིད་མེད་པ་ཡིན་མི་དགོས། མཐའ་དཔྱོད་ལས་ཀྱང་། འདུས་མ་བྱས་ཀྱི་ སྟེང་གི་གཞན་དབང་དེ་ལ་གཞན་དབང་ཞེས་ཐ་སྙད་བཏགས་པ་མ་གཏོགས་པར་གཞན་དབང་དངོས་མ་ཡིན་པའི་ཕྱིར། དེའི་སྟེང་གི་སྐྱེ་བ་ངོ་བོ་ཉིད་ མེད་པ་ལ་ཡང་རིགས་འདྲ། དེ་ལྟར་སྦྱོར་དགོས་སམ་སྙམ་སྟེ་དཔྱད་པར་ བྱའོ། ། ཞེས་གསུངས་པའི་ཕྱིར། ཞེས་རང་བློའི་རྣམ་རྟོག་ལས་འཕྲོས་པའི་དྲིས་ལན་འདི་ནི་ངག་དབང་རྒྱ་མཚོས་ཞུས་པ་ཛཡནྟུ།
 

                            རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
         ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
         གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།