ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཀྱི་ལན།༥
དྲི་གཞི་ལྔ་བ། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་དབང་གི་མཚན་ཉིད་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་གསུངས་པས། ཆོས་རྣམས་ཀྱི་སྐྱེ་བ་ངོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་དེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པའི་འདུས་བྱས་ཤིག་དགོས་པར་གསུངས་འདུག་པ་ལྟར་སྣང་མོད། མཆན་ལས། ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན། ཞེས་པའི་ལན་དུ། དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་འཇུག་ཚུལ་ཡོད་པར་གསུང་འདུག་ན། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཇི་ལྟར་བྱེད།
དྲི་གཞི་ལྔ་བའི་ལན།
གུང་བྱམས་པ་ཆོས་ལྡན། འབྲས་སྤུངས་སྒོ་མང་།
དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་གསུངས་པས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་དེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པའི་འདུས་བྱས་ཞིག་དགོས་ཀྱང་། མཆན་ལས། ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན་ཞེས་པའི་དོན་ནི།
ཆོས་གང་དང་གང་ཡིན་ཡང་རང་ཉིད་རང་ཉིད་ཀྱི་སྟེང་གི་གཞན་དབང་ལ་འཇོག་པ་ནི་ཀུན་མཁྱེན་བླ་མའི་ཐུན་ མོང་མ་ཡིན་པའི་བཞེད་ཚུལ་ཡིན་པས་དེའི་སྒྲ་འདུས་མ་བྱས་སོགས་ལ་ འཇུག་ཀྱང་སྐྱོན་མེད་ལ་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་པར་སྣང་ངོ་། །
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn