ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཀྱི་ལན།༤
དྲི་གཞི་ལྔ་བ། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་དབང་གི་མཚན་ཉིད་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་གསུངས་པས། ཆོས་རྣམས་ཀྱི་སྐྱེ་བ་ངོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་དེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པའི་འདུས་བྱས་ཤིག་དགོས་པར་གསུངས་འདུག་པ་ལྟར་སྣང་མོད། མཆན་ལས། ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན། ཞེས་པའི་ལན་དུ། དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་འཇུག་ཚུལ་ཡོད་པར་གསུང་འདུག་ན། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཇི་ལྟར་བྱེད།
དྲི་གཞི་ལྔ་བའི་ལན།
རྡོ་རམས་པ་ཐུབ་བསྟན་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ།
འདིར་དྲི་བ་འགའ་ཞིག་གི་ལན་ཡིད་ལ་གང་ཤར་ཙམ་ཐོལ་བྱུང་དུ་འགོད་པ་ལ། དྲི་བ་དང་ལན་དངོས་སོ། ། དང་བོ་ནི། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་ཞེས་པ་ནས་ཇི་ལྟར་བྱེད་ཅེས་བྱུང་། གཉིས་པ་ལན་ལ། ལན་ དངོས་མདོར་བསྡུས་ཏེ་འགོད་པ་དང་དེའི་སྒྲུབ་བྱེད་ཀྱི་ཚུལ་དུ་ཅུང་ཟད་ སྤྲོས་ཏེ་བཤད་པའོ། ། དང་བོ་ནི། དགོངས་འགྲེལ་ལས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་འདུས་བྱས་ཤིག་དགོས་ཀྱང་ མཆན་གྱི་ཚིག་དེ་དང་མི་འགལ་ཏེ། དེ་ནི་དགོངས་འགྲེལ་ལས་འདུས་བྱས་རྣམས་རང་གི་སྟེང་གི་གཞན་དབང་དང་རང་སྟེང་གི་སྐྱེ་བ་ངོ་བོ་ཉིད་མེད་ པར་དངོས་སུ་བསྟན་པ་ལྟར་འདུས་མ་བྱས་རྣམས་ལའང་དེའི་རིགས་འགྲེ་ བྱས་ཏེ་འཇོག་དགོས་ཤིང་། བཞག་ན་དེ་དག་ལ་སྤྱིར་གཞན་དབང་དང་སྐྱེ་བ་ངོ་བོ་ཉིད་མེད་པའི་སྒྲ་བཤད་ཚུལ་ཙམ་ཡོད་དགོས་པའམ་ཡང་ན་རང་ སྟེང་གི་དེ་གཉིས་ཀྱི་སྒྲ་འཇུག་ན་དེའི་སྒྲ་བཤད་ཚུལ་ཡོད་དགོས་པས་དེ་ཇི་ ལྟར་ཡིན་ཞེས་པ་ལ།
དགག་སྒྲུབ་ཀྱི་ཕྱོགས་གཉིས་ནས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་གཞན་དབང་གི་སྒྲ་བཤད་ཚུལ་ཙམ་གསུངས་པ་ལས། སྤྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་དང་གཞན་དབང་གི་སྒྲ་འཇུག་པར་གསུངས་པ་མིན་ལ། དགོངས་འགྲེལ་གྱི་དེ་ལ་འདུས་མ་བྱས་ཡོད་པར་གསུངས་པའང་མིན་ནོ། ། གཉིས་པ་ནི། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་འདུས་བྱས་ཤིག་དགོས་ཏེ། དགོངས་འགྲེལ་རང་ལས་དེའི་སྒྲུབ་བྱེད་འགོད་པ་ན་རྐྱེན་གཞན་གྱི་སྟོབས་ ཀྱིས་བྱུང་བ་ཡིན་གྱི་ཞེས་གསུངས་པ་དང་། མཆན་ལས་ཀྱང་། འདིར་ཆོས་རྣམས་ཞེས་འབྱུང་བ་ཡང་མཚན་ཉིད་གསུམ་རང་རང་གི་སྟེང་གི་ཀུན་བཏགས་གཞན་དབང་ཡོངས་གྲུབ་སོགས་སུ་སྦྱར་ན་ཆ་མ་ཕྱེ་བར་མཚན་གཞིར་བཟུང་བའི་དོན་དུ་འགྲོ་ཡང་ཆ་འབྱེད་དགོས་པ་ལེགས་ཕྱེའི་མིང་གིས་ཀྱང་ཤེས་ པའི་ཕྱིར། ཞེས་གསུངས་པ་ལྟར་གཙོ་བོར་མཚན་ཉིད་གསུམ་དུ་ཆ་ཕྱེ་ནས་དགོངས་པ་འགྲེལ་བའི་སྐབས་ཡིན་པས་སྐབས་ཐོབ་ཀྱི་དབང་དང་། ཀུན་མཁྱེན་བླ་མའི་མཐའ་དཔྱོད་ཀྱི་སྒྲས་ཟིན་ལ་དགོངས་འགྲེལ་དངོས་བསྟན་གྱི་དེ་ལ་འདུས་མ་བྱས་ཡོད་པ་འདྲ་བ་ཞིག་གསུངས་པའང་དགོངས་པ་དངོས་ཡིན་མིན་བརྟགས་དགོས་པར་མཆན་དང་དཀའ་འགྲེལ་གཉིས་ཀར་ལན་ གཉིས་སུ་གསུངས་པ་སོགས་ཀྱིས་འགྲུབ་པའི་ཕྱིར། ཡང་དགོངས་འགྲེལ་ ལས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་སྐྱེ་བ་ངོ་བོ་ ཉིད་མེད་པ་ལ་འདུས་མ་བྱས་མེད་ཀྱང་དེའི་ཚིག་ཟུར་གྱི་ཆོས་ལ་ཡོད་ཆོག་གོ་ཞེས་ཀྱང་སྨྲ་མི་ནུས་ཏེ།
ཉན་ཐོས་ཀྱི་རྒྱུད་ཀྱི་ལམ་ལ་ལྔ་ཡོད་ཅེས་པའི་ཉན་ཐོས་ལ་ཉན་ཐོས་ཐམས་ཅད་ཡོད་ཀྱང་ཉན་ཐོས་ཀྱི་རྒྱུད་ཀྱི་ཚོགས་ལམ་ཞེས་པའི་ཉན་ཐོས་ལ་སྦྱོར་ལམ་པ་སོགས་མེད་པར་ཚོགས་ལམ་པ་དགོས་པ་ བཞིན་དུ། ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ལྟ་སྟེ། ཞེས་པའི་ཆོས་ལ་ཆོས་ཐམས་ཅད་ཡོད་ཀྱང་། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ ཉིད་མེད་པ་ཞེས་པའི་ཆོས་ལ་འདུས་བྱས་དགོས་པར་གསུངས་པ་ལྟར་ཡིན་པའི་ཕྱིར། མཆན་གྱི་ཚིག་དོན་ཡང་དེ་ལྟར་ཡིན་ཏེ། དེ་ཡང་དགོངས་ འགྲེལ་ལས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་གཞན་དབང་ངོས་འཛིན་པའི་ སྐབས་གཉིས་ཀར་འདུས་བྱས་ཁོ་ན་ལ་སྦྱར་ཏེ་གསུངས་པའི་གནད་ཀྱིས་ འདུས་མ་བྱས་རྣམས་ཀྱི་གཞན་དབང་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ལ་ ཡང་རང་རང་འཛིན་པའི་ཚད་མ་ལྟ་བུའི་གཞན་དབང་མཚན་ཉིད་པ་རེ་ ནན་གྱིས་བཙལ་ཏེ་བཞག་པ་ལྟར་མིན་པར་རང་ལུགས་ལ་འདུས་མ་བྱས་ རྣམས་ཀྱང་རང་རང་གི་སྟེང་གི་གཞན་དབང་དང་སྐྱེ་བ་ངོ་བོ་ཉིད་མེད་པར་འཇོག་དགོས་མོད། བཞག་ན་རང་སྟེང་གི་དེའི་སྒྲ་འཇུག་གཞི་ཡིན་དགོས་ པས་དེའི་སྒྲ་བཤད་ཚུལ་ཙམ་ཞིག་ཡོད་དགོས་ན་དེ་ཇི་ལྟར་ཡིན་ཞེས་པ་ལ། སྒྲུབ་ཕྱོགས་ནས་གཞན་དབང་གི་སྒྲ་བཤད་ཚུལ་དང་། དགག་ཕྱོགས་ནས་སྐྱེ་བ་ངོ་བོ་ཉིད་མེད་པའི་སྒྲ་བཤད་ཚུལ་ཙམ་ཞིག་གསུངས་པ་ཡིན་ནོ། ། འོན་ཀྱང་ཆོས་དེའི་སྒྲ་འཇུག་གཞི་ལ་བཤད་གཞི་མི་དགོས་ཤིང་། སྒྲ་བཤད་ཚུལ་ཙམ་ཞིག་ཡོད་པས་ཆོས་དེའི་སྒྲ་བཤད་ཚང་ཡང་མི་དགོས་ཏེ། འོག་ཏུ་སྐྱེ་བ་ངོ་བོ་ཉིད་མེད་པར་བཤད་ཚུལ་ཡོད་ན། སྐྱེ་བ་ངོ་བོ་ཉིད་མེད་ཚུལ་བཤད་དུ་ཡོད་མི་དགོས་པར་གསུངས་པའི་ཕྱིར།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn