ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཀྱི་ལན།༣
དྲི་གཞི་ལྔ་བ། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་དབང་གི་མཚན་ཉིད་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་གསུངས་པས། ཆོས་རྣམས་ཀྱི་སྐྱེ་བ་ངོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་དེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པའི་འདུས་བྱས་ཤིག་དགོས་པར་གསུངས་འདུག་པ་ལྟར་སྣང་མོད། མཆན་ལས། ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན། ཞེས་པའི་ལན་དུ། དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་འཇུག་ཚུལ་ཡོད་པར་གསུང་འདུག་ན། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཇི་ལྟར་བྱེད།
དྲི་གཞི་ལྔ་བའི་ལན།
ཀླུ་སྐལ་རྒྱམ། འབྲས་སྤུངས་སྒོ་མང་།
སྐབས་འདིའི་སྐྱེ་བ་ངོ་བོ་ཉིད་མེད་པའི་ཆོས་ལ། མདོ་ལས་རྐྱེན་གཞན་སྟོབས་ཀྱིས་སྐྱེས་པར་གསུངས་པས་འདུས་མ་བྱས་འོང་དོན་མེད་ལ། འོན་ཀྱང་མཆན་གྱིས་དོགས་པ་སློང་སྟངས་ནི། ལུགས་འདིར་སྟོང་གཞི་ གཞན་དབང་དེ་ཉིད་དགག་བྱ་ཀུན་བཏགས་ཀྱིས་སྟོང་བ་ཡོངས་གྲུབ་ཏུ་ འཇོག་དགོས་ཤིང་། འདུས་མ་བྱས་རྣམས་ཀྱང་རང་སྟེང་གི་སྟོང་ཉིད་གཏན་ལ་འབབ་སའི་གཞི་གཞན་དབང་ཡིན་པས་དེ་དག་ལ་སྐབས་འདིའི་གཞན་ དབང་གི་དོན་མི་ཚང་བས་གཞན་དབང་དུ་ཇི་ལྟར་འཇོག་ཅེས་དོགས་པ་བསུས་ནས།
ལན་ལ། ཐེག་བསྡུས་ལས་བཤད་པའི་གཞན་དབང་གི་སྒྲ་དོན་སྔ་མ་ནི་འདུས་མ་བྱས་རྣམས་ལའང་ཡོད་པས་སྐྱོན་མེད་ཅེས་གསུངས་པ་ ཡིན་ལ། སྟོང་གཞི་གཞན་དབང་ལ་འདུས་བྱས་ཀྱིས་མ་ཁྱབ་ཀྱང་སྐབས་ འདིར་འདུས་བྱས་གསུངས་པ་ནི་ལོག་རྟོག་དགག་ཚུལ་གྱིས་ཡིན་པར་གཞུང་གི་འབྲེལ་གྱིས་ཤེས་སོ། ། གུར་གུམ་མེ་ཏོག་སར་བ་སར་བའི་འཛུམ། ། རབ་ཡངས་མཐོང་ལ་རྩེན་པའི་གྲྭ་གཅིག་ནས། ། ལུང་རིགས་བུང་བ་མྱོས་པའི་ཟ་ཟིའི་དབྱངས། ། ཉམས་པ་མེད་འདིས་ཐུགས་ཀྱི་དབྱིངས་སུ་མཆོད། ། སྣང་སྲིད་སྲིད་པའི་ཟློས་གར་སྣ་ཚོགས་ཀྱིས། ། ཆེན་པོ་རྣམས་ཀྱང་ཆོས་ལ་བྱོལ་ བའི་དུས། ། དུངས་པའི་མིག་ལ་སྐྱོ་བའི་རྣམ་འགྱུར་གྱིས། ། ཆོས་མཐུན་ གྲོགས་ཀྱི་དྭངས་མ་སུ་ལ་བལྟ། །
ཀླུ་སྐལ་རྒྱམ་གྱིས་ཟླ་ཚེས་ལ་བྲིས། །
༢༠༡༠-༣-༢༤,
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn