ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཀྱི་ལན།༡

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-11 10:50:19     རྩོམ་པ་པོ།   ཀླུ་གྲགས་པ་རྒྱ་མཚོ།     ཀློག་ཐེངས།  

76549972386228242.jpg

 

                དྲི་གཞི་ལྔ་བ། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་དབང་གི་མཚན་ཉིད་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་གསུངས་པས། ཆོས་རྣམས་ཀྱི་སྐྱེ་བ་ངོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་དེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པའི་འདུས་བྱས་ཤིག་དགོས་པར་གསུངས་འདུག་པ་ལྟར་སྣང་མོད། མཆན་ལས། ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན། ཞེས་པའི་ལན་དུ། དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་འཇུག་ཚུལ་ཡོད་པར་གསུང་འདུག་ན། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཇི་ལྟར་བྱེད།


               དྲི་གཞི་ལྔ་བའི་ལན།
ལྷ་རམས་པ་ཀླུ་གྲགས་པ་རྒྱ་མཚོ། འབྲས་སྤུངས་སྒོ་མང་།

              ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཞེས་པའི་དོན་ནི། ཆོས་རྣམས་ཀྱི་ནང་ནས་སྐྱེ་བ་ངོ་བོ་ཉིད་མེད་པའི་མཚན་གཞི་གང་ཞེས་དྲིས་པ་ཡིན་པས། དེ་ལ་ཆོས་རྣམས་ཀྱི་ནང་ནས་གཞན་དབང་ཞེས་ ལན་གནང་བས་ཆོས་རྣམས་ཞེས་པའི་ཆོས་ལ་ཆོས་ཐམས་ཅད་འོང་སྟེ། དཔེར་ན་གྲྭ་བ་རྣམས་ཀྱི་དཀྱུས་མ་ཞེས་པ་བཞིན་ནོ། ། འོ་ན་འདིར་མཆན་ལས་དོགས་པ་བཀོད་པ་ཅི་ཞེ་ན། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་པའི་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་དེའི་དངོས་བསྟན་གྱི་རྐྱེན་ལས་སྐྱེས་ལ་བདག་ལས་མི་སྐྱེས་པའི་དོན་ཚང་མི་དགོས་ཞེས་པ་ཡིན་སྙམ། །

                དེ་ཡང་ལེགས་ཕྱེ་ཆོས་ འཁོར་ཞེས་པའི་ལེགས་ཕྱེའི་དོན་ལ་སྤྱིར་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་ཕྱེ་བའི་ཆ་ནས་འཇོག་པ་དང་ཆོས་རེ་རེ་ལ་མཚན་ཉིད་གསུམ་གསུམ་ འཇོག་ལུགས་གཉིས་ཡོད་པས་གཉིས་པ་ལྟར་ན་ཆོས་ཐམས་ཅད་འོང་བ་ རང་རེའི་ཡིག་ཆ་ལྟར་ལ། འདུས་མ་བྱས་རྣམས་ཀྱང་སྒྲུབ་ཕྱོགས་ནས་བག་ཆགས་ཀྱི་སྟོབས་ཀྱིས་འཆར་ཞིང་དགག་ཕྱོགས་ནས་རང་སྟེང་གི་ཡོངས་གྲུབ་ལ་མ་བརྟེན་པར་རང་དབང་དུ་སྡོད་པའི་མཐུ་མེད་པ་ལ་ཟེར་དགོས་པས། སྐྱེ་བ་ངོ་བོ་ཉིད་མེད་པའི་དོན་ཚང་ཡང་འཇོག་ལུགས་དང་བོའི་གཞན་ དབང་གི་དོན་མ་ཚང་ཟེར་དགོས་སྙམ། དྲང་ངེས་མཆན་ལས་སྐྱེ་བ་ངོ་བོ་ ཉིད་མེད་པའི་དོན་ཚང་མི་དགོས་ཞེས་ཡིག་ཆའི་སྒྲས་ཟིན་ལ་གསུངས་ཡང་དགོངས་པ་ཡིན་མིན་བརྟགས་པར་བྱ་གསུངས། །
 

                      རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
           གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།