ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཀྱི་ལན༢
དྲི་གཞི་ལྔ་བ། དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་དབང་གི་མཚན་ཉིད་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར། དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། ། ཞེས་གསུངས་པས། ཆོས་རྣམས་ཀྱི་སྐྱེ་བ་ངོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་དེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པའི་འདུས་བྱས་ཤིག་དགོས་པར་གསུངས་འདུག་པ་ལྟར་སྣང་མོད། མཆན་ལས། ཆོས་རང་རང་གི་སྟེང་གི་གཞན་དབང་ཡང་ཡིན་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཡིན་པས་དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་ཇི་ལྟར་བཤད་ཅེ་ན། ཞེས་པའི་ལན་དུ། དེ་དག་གི་སྒྲ་འདུས་མ་བྱས་རྣམས་ལ་འཇུག་ཚུལ་ཡོད་པར་གསུང་འདུག་ན། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན་ཞེས་པའི་ཆོས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཇི་ལྟར་བྱེད།
དྲི་གཞི་ལྔ་བའི་ལན།
ལྷ་རམས་པ་རེབ་ཚ་འཇམས་དབྱངས་རྒྱ་མཚོ། རྔོག་རྒྱལ་མོ་དགོན།
དགོངས་འགྲེལ་ལས། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་པའི་ཆོས་རྣམས་ཞེས་པ་ལ་ཆོས་ཐམས་ཅད་བཞག་ཆོག་ཀྱང་། དགོངས་འགྲེལ་དངོས་བསྟན་གྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་ཆོས་ཐམས་ཅད་ཡོད་མི་ དགོས་ཏེ། དཔེར་ན་ཉན་ཐོས་རྣམས་ཀྱི་ལམ་ནི་རྣམ་པ་ལྔ་སྟེ། ཞེས་པའི་ཉན་ཐོས་ལ་ཉན་ཐོས་ཐམས་ཅད་འཇོག་ཀྱང་ཉན་ཐོས་ཀྱི་ལམ་ལྔ་ག་ཉན་ ཐོས་ཐམས་ཅད་ལ་ཡོད་མི་དགོས་པ་བཞིན་ཡིན་པའི་ཕྱིར། དེ་ལ་དགོངས་འགྲེལ་དངོས་བསྟན་གྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་ཆོས་ཐམས་ཅད་མི་ཡོང་ན། ཡིག་ཆར། གཞུང་འདིས་འདུས་བྱས་ཀྱི་ཆོས་རྣམས་ཀྱི་སྟེང་གི་སྐྱེ་བ་ངོ་བོ་ ཉིད་མེད་ཚུལ་གཙོ་བོར་དངོས་སུ་བསྟན། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་སྟེང་གི་སྐྱེ་བ་ངོ་བོ་ཉིད་མེད་པ་དངོས་སུ་བསྟན་ཀྱང་གཙོ་བོར་མ་བསྟན་པའི་ཕྱིར། ཞེས་གསུངས་པའི་དགོངས་པ་ཇི་ལྟར་ལེན་ཞེ་ན། དེ་ནི་ཡིག་ཆ་རྙིང་བའི་གསུངས་ཚུལ་ལྟར་བཀོད་པ་དང་། འོག་ཏུ་ཡིག་ཆ་རང་ཉིད་ལས་ཀྱང་འདུས་མ་བྱས་ལ་གཞན་དབང་དང་སྐྱེ་བ་ངོ་བོ་ཉིད་མེད་པ་བཏགས་པ་ཙམ་འཇོག་ཚུལ་རིགས་འགྲེས་སྦྱར་དགོས་སམ་དཔྱད་པར་བྱའོ། །
ཞེས་དཔྱད་གཞིར་བཀོད་ཡོད་པ་ལྟར་རོ། ། རྒྱུ་མཚན་དེས་ན་མཆན་ལས། ཡིག་ཆའི་སྒྲས་ཟིན་ལ་གསུངས་ཀྱང་། དགོངས་པ་ཡིན་མིན་བརྟགས་པར་བྱ། ཞེས་གསུངས་པའི་བརྟགས་ཚུལ་དཀའ་འགྲེལ་རིན་ཆེན་སྒྲོན་མེ་ལས་གསལ་བ་ ལྟར་རོ། །དེས་ན་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་པའི་ཆོས་རྣམས་ལ་གཞན་དབང་གིས་ཁྱབ་མ་ཁྱབ་ཇི་ལྟར་ཡིན་ཞེ་ན། ཆོས་རྣམས་ལ་གཞན་དབང་གི་སྒྲ་བཤད་ཡོད་པས་ཁྱབ་ཀྱང་། སྐབས་འདིའི་ཆོས་རྣམས་ལ་གཞན་དབང་གིས་མ་ཁྱབ་སྟེ། ཆོས་རྣམས་ཞེས་པའི་ཆོས་ལ་ཆོས་ཐམས་ཅད་འཇོག་པ་གོང་དུ་བཤད་ཟིན་པ་ལྟར་ལགས། འོ་ན་འདུས་མ་བྱས་ཀྱི་ཆོས་རྣམས་ ལ་གཞན་དབང་གི་སྒྲ་ཇི་ལྟར་བཤད་ཅེ་ན། མཆན་ལས། འདུས་མ་བྱས་ རྣམས་ཀྱང་ནང་གི་བག་ཆགས་སྨིན་པའི་དབང་གིས་ཤར་བའི་ཆ་ཙམ་དུ་ འདོད་དགོས་ལ། སྤྲིན་དང་ནམ་མཁའ་བཞིན་རང་གི་ཆོས་ཉིད་དེ་ལ་བརྟེན་ནས་གནས་དགོས་ཤིང་ཆོས་ཉིད་ཀྱང་དེའི་རྟེན་དུ་འགྱུར་བ་མེད་པའི་ཡོངས་གྲུབ་དང་ཆོས་རང་ཉིད་རང་གི་གཞན་དབང་དུ་བཞག་པ་ཡིན་ཏེ་ཞེས་ གསུངས་པ་ལྟར་རོ། །
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn