འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༩

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-29 22:40:45     རྩོམ་པ་པོ།   བློ་བཟང་བསྟན་འཕེལ། ཐར་ཤུལ་དགོན    ཀློག་ཐེངས།  

 76549972386228242.jpg

          དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།

         དྲི་གཞི་བཞི་བའི་ལན།
བློ་བཟང་བསྟན་འཕེལ། ཐར་ཤུལ་དགོན།

          རང་གི་མཚན་ཉིད་ཀྱིས་གནས་པ་མ་ཡིན་ཞེས་པའི་ཚིག་ཟུར་གྱི་རང་མཚན་ནི་ཚད་མ་བ་ལ་གྲགས་པའི་རང་མཚན་ཡིན་ལ། རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་ཞེས་པས། དགག་བྱའི་རང་མཚན་དངོས་སུ་མི་འགོག་པར་དོན་གྱིས་སམ་རིགས་པའི་འཕུལ་གྱིས་ཁེགས་པ་དང་། མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་མཚན་ཉིད་ལ་དགག་བྱའི་ རང་མཚན་དང་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་ གྲུབ་པར་སྒྲོ་བཏགས་པ་གཉིས་ཀ་ཡོད་པས། མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མཐའ་གཅིག་ཏུ་དགག་བྱའི་རང་མཚན་ལ་བྱེད་མི་དགོས་ལ། བྱེད་པའི་དབང་དུ་བྱས་ན་ཡང་། མདོར་བསྟན་དངོས་བསྟན་གྱི་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་བའི་སྐྱོན་མེད་དེ། དཔེར་ན། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་བདག་མེད་ཅེས་ པའི་མེད་རྒྱུའི་བདག་དེ་དགག་བྱའི་བདག་ལ་བྱེད་ཀྱང་། བུམ་འཛིན་རྟོག་པའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་བདག་མེད་བདག་མེད་ཕྲ་མོ་མ་ཡིན་པ་བཞིན་ཡིན་པའི་ཕྱིར།
 

                       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

           ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
         གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།