འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན་དྲིས་ལན།༨
དྲི་གཞི་བཞི་བ། དགོངས་འགྲེལ་ལས། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་ཀུན་བཏགས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱི་རྣམ་པར་གནས་པ་མ་ཡིན་པའི་ཞེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་དང་། མཚན་ ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ཁེགས་ཚུལ་ལ་ཁྱད་ པར་ཅི་ཡོད། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་དེ་སྟོང་ཉིད་ཀྱི་དགག་བྱའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་དུ་ཐལ་ལ། ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་སྒྲུབ་པས་འདིར་བསྟན་འཁོར་ལོ་དང་བོའི་སྒྲའི་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་གང་ཡིན།།
དྲི་གཞི་བཞི་བའི་ལན།
བྱ་མདོ་འཇམ་དབྱངས་ཆོས་འབྱོར། ཀླུ་ཚང་དགོན།
རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་པའི་རང་མཚན་ནི་ཚད་མ་བ་ལ་གྲགས་པའི་རང་མཚན་ཏེ། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དང་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱའི་རང་མཚན་ གཉིས་ལ་སྤྱིར་ཁྱད་པར་ཡོད་ཀྱང་། གཞི་ཀུན་བཏགས་ཀྱི་སྟེང་དུ་དེ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་ཏེ། གཞི་ཀུན་བཏགས་ཀྱི་སྟེང་དུ་དེ་འདྲའི་རང་མཚན་གྱིས་གྲུབ་ཚུལ་དང་དགག་བྱའི་རང་མཚན་གྱིས་གྲུབ་ཚུལ་ལ་ཁྱད་ པར་མེད་པས་དེ་གཉིས་འགོག་བྱེད་ཀྱི་རིགས་པ་ཡང་གཅིག་ཡིན་པར་གསུངས་པའི་ཕྱིར་ཏེ། མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པའི་སྐབས་ཀྱི་སྒྲོ་འདོགས་ཀྱི་མཐའ་དང་སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་འགོག་པའི་སྐབས་ཀྱི་སྒྲོ་ འདོགས་ཀྱི་མཐའ་གཉིས་སྤོང་བྱེད་གཅིག་ཡིན་པར་གསུངས་པ་དང་གནད་གཅིག་པའི་ཕྱིར། འདིའི་སྐབས་སུ་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་མེད་རྒྱུའི་རང་མཚན་ལ་སྒྲོ་བཏགས་པའང་བཞག་པ་ལྟར་ན་དགག་བྱའི་རང་མཚན་ལ་ཡང་མེད་མི་དགོས་སྙམ་ན་མི་འཐད་པས་ཡིག་ཆའི་ དགོངས་པ་འགྲེལ་ཚུལ་མཆན་དང་དཀའ་འགྲེལ་ཡང་སྙིང་ཅུང་མི་མཐུན་པ་དང་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཅེས་པའི་དགག་བྱ་ལ་རང་ འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པ་འཇོག་ཀྱང་། དེ་མེད་པ་སྟོང་ཉིད་དུ་མི་འགྲོ་སྟེ། ཀུན་བཏགས་ལྟ་བུ་སྒྲ་རྟོག་གི་ཞེན་གཞི་རང་ མཚན་གྱིས་མེད་པ་རྟོགས་པའི་མདོ་སྡེ་བ་ཡོད་པའི་ཕྱིར་ཏེ།
ཀུན་བཏགས་སྒྲ་རྟོག་གི་ཞེན་གཞི་ཡིན་པ་ཞེས་པ་ཀུན་བཏགས་ལྟ་བུ་རང་འཛིན་རྟོག་པ་ལ་སྣང་བའི་སྣང་ཆ་ཀུན་བཏགས་ཙམ་དེ་ཉིད་ཡིན་པས་དེ་སྤྱི་མཚན་དུ་རྟོགས་པའི་མདོ་སྡེ་བ་ཡོད་པའི་ཕྱིར། སྒྲ་རྟོག་གི་ཞེན་གཞི་ཞེས་པ་དང་རང་འཛིན་རྟོག་པའི་ཞེན་གཞི་རང་མཚན་གྱིས་གྲུབ་པར་སྒྲོ་བཏགས་པ་ཞེས་པ་གཉིས་སྣང་ཆ་ཀུན་བཏགས་ཙམ་ལ་བྱེད་པ་ཡིན་ཏེ། འོག་ཏུ་རྟོག་པའི་ཞེན་གཞིར་དང་རྟོག་པའི་ཞེན་ཡུལ་གཉིས་མི་འདྲ་བའི་ཁྱད་པར་འབྱེད་ཚུལ་ཡོད་པའི་ཕྱིར། དེས་ན་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་སྟོང་ཉིད་མིན་ཡང་། ཀུན་བཏགས་ཀྱི་སྟེང་དུ་མཚན་ཉིད་མེད་ཅེས་པའི་ངོ་བོ་ཉིད་མེད་ཚུལ་ དཔྱད་ན་དེའི་སྟེང་ནས་ངོ་བོ་ཉིད་མེད་ཚུལ་རིགས་པའི་འཕུལ་གྱིས་བསྒྲུབ་པའི་དོན་དེ་སྟོང་ཉིད་དུ་འགྲོ་བས། དཀའ་འགྲེལ་ཡང་སྙིང་དུ་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་དུ་འགྲོ་རྒྱུ་དེ་སྟོང་ཉིད་ཡིན་པར་གསུངས་པའི་ཕྱིར། དེ་ལྟར་ན་ཀུན་བཏགས་ལྟ་བུའི་སྟེང་དུ་སྒྲ་རྟོག་གིས་བཏགས་པ་ཙམ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པ་རྟོགས་ན་སྟོང་ཉིད་རྟོགས་མི་དགོས་ན་ཐར་ལམ་གསལ་བྱེད་ལས་གཞི་རྣམ་ཤེས་ཀྱི་སྟེང་དུ་དེ་ལྟར་མ་གྲུབ་པར་རྟོགས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཀྱི་ལྟ་བ་གོ་བར་གསུངས་པ་དང་འགལ་དོགས་པ་དང་། འོག་ཏུ་སྒྲོ་འདོགས་འགོག་པའི་མཐའ་གཉིས་ལ་ཁྱད་ཕྱེ་ཚུལ་སོགས་ལ་ཁོ་བོས་མཁས་དབང་རྣམས་ལ་ཐུགས་ཡིད་ཚིམ་པའི་ཞུ་ལན་འདོན་པར་སྤྲོ་མི་ནུས་པས་རེ་ཞིག་སྨོན་པའི་ཡུལ་དུ་འཇོག་དགོས་སོ། །དེའི་རང་མཚན་ཚད་མ་བ་ལ་གྲགས་པའི་རང་མཚན་ལ་བྱེད་ན་ཡང་འཁོར་ལོ་དང་བོའི་སྒྲས་ཟིན་ལ་དངོས་སུ་གནོད་བྱེད་སྟོན་ཚུལ་ནི། གོང་དུ་ཞུས་ ཟིན་པ་བཞིན་གཞི་ཀུན་བཏགས་ཀྱི་སྟེང་དུ་གྲུབ་ཚུལ་དང་ཁེགས་ཚུལ་ལ་ ཁྱད་པར་མེད་པས་རིགས་པའི་འཕུལ་གྱིས་གནོད་བྱེད་བསྟན་པ་ཡིན།
རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
ཐར་ཤུལ་དགོན་ནས་པར་དུ་བསྐྲུན་པའི《རྗེ་བཙུན་བློ་བཟང་དགེ་འདུན་དཔལ་བཟང་བོ་མཆོག་གི་རྗེས་དྲན་འཇམ་མགོན་བླ་མའི་ཞབས་འདེགས།》 ལས་བཤུས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn